ཅ༽ སངས་རྒྱས་བསྐྱངས་ནམ་ཞིག་ལ་བྱོན་མིན།
དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་དུས་ནམ་ཞིག་བྱོན་ནམ་ཞེ་ན། སྤྱིར་མགོན་པོ་ཀླུ་སྒྲུབ་ཀྱི་ཉེ་སྲས་ཡིན་པས་ཀླུ་སྒྲུབ་དང་དུས་མཉམ་པར་བྱོན་པར་འདོད་དགོས་ལ། ཞིབ་པར་བརྗོད་ན། སློབ་དཔོན་སངས་རྒྱས་བསྐྱངས་ཞབས་ནི་ཕྱི་ལོ་ (470-550) དང་། ལ་ལས་ཕྱི་ལོ་ (470-540) བར་བྱོན་པར་བཞེད་ལ། རྒྱ་གར་ལྷོ་ཕྱོགས་ཧམ་ས་ཀིར་ཏ་ (Hamsakrida) ཞེས་བྱ་བར་སྐུ་འཁྲུངས་པ་དང་།
རྒྱ་ནག་གི་ལོ་རྒྱུས་ཐོག་རྒྱ་གར་བྱང་ཕྱོགས་སུ་འཁྲུངས་ཤིང་། དེ་ཡང་པ་ཀ་སི་ཐན་ནང་སྐུ་འཁྲུངས་པར་གསལ་ལོ། །རྒྱ་གར་ལྷོ་ཕྱོགས་ (Andhra Pradesh) ཀྱི་དགོན་པ་དན་ཏ་པུ་རིའི་ (Dantapuri) གཙུག་ལག་ཁང་དུ་བཞུགས་ནས་གཞུང་གི་འགྲེལ་པ་མང་དུ་མཛད་ཅིང་། དུས་རབས་དྲུག་པར་བྱོན་པར་འདོད་པ་སོགས་བཞེད་ཚུལ་ཤིན་ཏུ་མང་བས་རིམ་པར་འགོད་པར་བྱའོ།།
༡༽ ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་དང་། ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་འཕགས་པ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་ཀྱི་འགྲོ་དོན་དང་། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། །ཁ་ཆེའི་ཡུལ་དུ་བཙུན་པ་དགེ་འདུན་འབངས་ཀྱིས་འགྲོ་བའི་དོན་ཆེར་མཛད། སློབ་དཔོན་ཆོས་འབངས་ཡུལ་ཐམས་ཅད་དུ་གཤེགས་ཤིང་ཆོས་སྟོན་པ་ཞིག་བྱུང་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་སངས་རྒྱས་བསྐྱངས་བྱོན། ལེགས་ལྡན་དང༌། རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་ཡིན། ཨོ་ཊི་བི་ཤའི་ཡུལ་དུ་རྒྱལ་པོ་ཛ་ལེ་རུ་ཧེའི་བུ་ནཱ་གེ་ཤ་དང༌། བློན་པོ་བྲམ་ཟེ་ནཱ་ག་ཀེ་ཤ་ཞེས་བྱ་བ་བྱུང་སྟེ། ལོ་བདུན་ཙམ་རྒྱལ་སྲིད་བསྐྱངས་པས་ཤིན་ཏུ་དབང་ཐང་ཆེ་ཞིང༌། བི་ཁ་མ་ཙནྡྲས་ཀྱང་ཕྱག་བྱས། སློབ་དཔོན་ལོ་ཡི་པས་བཏུལ་ཏེ་རྒྱལ་སྲིད་སྤངས། གྲུབ་པ་ཐོབ་པ་ནི་རྒྱལ་པོ་ད་རི་ཀ་པ་དང༌། བློན་པོ་ཌེཾ་གི་པའོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཞེས་པའང་ལེགས་ལྡན་དང་དུས་མཉམ་པ་ཙམ་ཡིན་ཅིང༌། ཨོ་ཌི་བི་ཤར་བྲམ་ཟེ་བྷ་དྲ་པཱ་ལི་ཏ་ཞེས་བྱ་བས་ཀྱང་བསྟན་པ་ལ་བྱ་བ་ཆེར་བྱས་སོ། །ཞེས་སློབ་དཔོན་ལེགས་ལྡན་འབྱེད་དང་། འཕགས་པ་རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་དུ་བྱོན་པར་གསུངས་སོ།།
༢༽ དེ་ལྟར་རྒྱ་གར་ཆོས་འབྱུང་ལ་ཁུངས་བཅོལ་ནས་ཉི་ཧོང་གི་མཁས་པ་ཨུ་ཨི་ཧ་ཁུ་རྗུས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དུས་རབས་ནི། ཕྱི་ལོ་ ༤༧༠ ནས་ ༥༤༠ བར་འཚོ་གཞེས་གནང་བར་གཏན་འབེབས་གནང་ཡོད། འོན་ཀྱང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བར་དུས་རབས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་དཔྱད་གཞི་ཙམ་ལས་རྣམ་པར་དག་པའི་སྒྲུབ་བྱེད་དུ་ག་ལ་འོས། སངས་རྒྱས་བསྐྱངས་ཀྱི་དུས་རབས་ངེས་གཏན་ཐག་གཅོད་མི་ནུས་ཀྱང་རང་གི་ཚོད་དཔག་བསམ་ཚུལ་ཙམ་བརྗོད་ན། དབུ་མ་རྩ་བའི་འགྲེལ་པ་སངས་རྒྱས་བསྐྱངས་སུ་དབུ་མ་པ་ཞེས་པའི་ཐ་སྙད་མི་གསལ་བ་ཙམ་དུ་མ་ཟད་རང་ཉིད་དབུ་མ་པ་ཡིན་པའི་དགོངས་བཞེད་མེད་པ་དང་། སེམས་ཙམ་པའི་གྲུབ་མཐའ་ལའང་དགག་སྒྲུབ་ཅི་ཡང་མཛད་མེད། དེའི་རྒྱུ་མཚན་ནི་སྐབས་དེར་སློབ་དཔོན་ཐོགས་མེད་ཀྱིས་སྲོལ་ཕྱེ་བའི་སེམས་ཙམ་པའམ་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་གཞི་ནས་དར་རྒྱུ་ཡིན་པའི་རྐྱེན་གྱིས་ཡིན།
༣༽ དེ་ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་མཛད་པའི་དེབ་སྔོན་གསར་མ་ལས[2]། ཐོགས་མེད་སྐུ་མཆེད་དང་། ལེགས་ལྡན། ཟླ་གྲགས་སོགས་ཕྱིས་ཀྱི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཤིན་ཏུ་གལ་ཆེར་བརྩི་ས་སྐུ་གསུམ་དང་། མི་གནས་པའི་མྱང་འདས་ཞེས་པའི་ཆོས་སྐད་དེའང་རྣལ་འབྱོར་སྤྱོད་པའི་ས་དང་འདྲ་བར་རྩ་བ་ནས་མི་གསལ། གང་ལྟར་འགྲེལ་པ་སངས་རྒྱས་བསྐྱངས་སུ་བཞི་བརྒྱ་པའི་ལུང་ཡང་ཡང་གསལ་བས་ན་དེའི་གོང་འཕགས་པ་ལྷ་བྱོན་པ་ནི་ཤོད་མི་དགོས་པའི་ཐོག་སངས་རྒྱས་བསྐྱངས་ཀྱི་སློབ་དཔོན་ཡིན་ནམ་སྙམ་པའི་སློབ་དཔོན་སྒྲ་གཅན་འཛིན་བཟང་པོའང་དེའི་གོང་རོལ་དུ་བྱོན་པ་ནི་ཤོད་མི་དགོས། ཞེས་པ་ལྟར་སྒྲ་གཅན་འཛིན་དང་འཕགས་པ་ལྷའི་རྗེས་སུ་བྱོན་པར་གསལ་ལོ།།
ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་མཛད་པའི་དེབ་སྔོན་གསར་མ་ལས[3]། ད་ནི་གོང་གསལ་ཁག་གི་གྲུབ་དོན་སྙིང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ (c.150-300) དང་། འཕགས་པ་ལྷ་ (c.170-270) དང་། དབྱིག་གཉེན་ (c.400-480) ཕྱོགས་གླང་ (c.480-540) བཅས་ཀྱི་དུས་རབས་ནི་མཁས་པ་གོང་མ་དག་གིས་གཏན་འབེབས་མཛད་པ་ལྟར་དོན་ལ་གནས་པར་སེམས་ཀྱང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དུས་རབས་ཅུང་ཟད་ཕྱིས་འགྱང་དུ་གྱུར་པའི་ཞན་ཆ་ཡོད་པར་སེམས་ཏེ། ཁོ་བོ་ནི་སངས་རྒྱས་བསྐྱངས་ (c.230-330) དང་། ག་ལས་འཇིགས་མེད་མཁན་པོ་ (c.260-360) གཉིས་གུག་ཤད་ནང་དོན་ལྟར་ཚོད་དཔག་བྱས་པ་ཡིན་ཅིང་། འོན་ཀྱང་དཔྱད་པ་རྫོགས་པའི་གྲུབ་དོན་རྙེད་པ་ཞིག་མིན་པས། ད་དུང་མཁས་པ་རྣམ་པས་དཔྱད་པར་མཛོད་ཅིག །ཅེས་གསལ་བ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ (c.230-330) བར་བྱོན་པར་གསུངས།
༤༽ ཡང་ལ་ལས། དུས་རབས་གསུམ་པའི་ནང་སྐུ་འཁྲུངས་ཚུལ་གསལ་བ་རྣམས་བཞེད་ལུགས་ཕལ་ཆེར་མཐུན་པ་བྱུང་ཞིང་། ༥༽ དེ་བཞིན་རང་འབྱུང་ཡེ་ཤེས་ཀྱི་ཚིག་མཛོད་ལས་ཀྱང་བུདྡྷ་པཱ་ལི་ཏ་ནི་ (c. 450 B.C.?) ནང་བྱོན་པར་འཁོད་འདུག། ༦༽ སེ་ཀྲི་ངག་དབང་བསྟན་དར་གྱིས་བརྩམས་པའི་དྭངས་བསིལ་[4]རི་བོ་རྩེ་ལྔའི་གནས་བཤད་ལས[5]། ཐང་རྒྱལ་རབས་[6]ཀྱི་སྐབས་བོད་མེ་བྱི་ཕྱི་ལོ་ ༤༧༤ ལོར་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཆེན་སངས་རྒྱས་བསྐྱངས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས། ཞེས་དང་། ༧༽ ཡང་སེ་ཀྲི་ངག་དབང་བསྟན་དར་ (1971-?) གྱིས་བརྩམས་པའི་དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད་ལས[7]། ཐང་རྒྱལ་རབས་ཡོང་ཚོན་ལོ་གཉིས་པ་བོད་ཆུ་ལུག་ཕྱི་ལོ་ ༤༨༣ ལོར་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ཆེན་པོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཀྱང་གཏེར་དུ་སྦས་ཏེ། ཐུན་མོང་གི་སྣང་ངོར་ཕྱིར་མ་ཐོན་པར་གསུངས། ཞེས་བྱུང་བ་ལྟར་ན་སློབ་དཔོན་སངས་རྒྱས་བསྐྱངས་ཕྱི་ལོ་ ༤༧༤ ལོར་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་པ་དང་། ཕྱི་ལོ་ ༤༨༣ ལོར་རྣམ་རྒྱལ་མའི་གཟུངས་རི་བོ་རྩེ་ལྔར་གཏེར་དུ་སྦས་པ་བཅས་མདོར་ན་ཕྱི་ལོ་ ༤༠༠ ནང་བྱོན་པར་གསལ་ལོ།།
༨༽ ཡང་རྒྱ་ཡིག་ཐོག་གསལ་བའི་རྣམ་ཐར་ལྟར་ན་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་ཏུ་བྱོན་པའི་དུས་ནི། ཕྱི་ལོ་ ༦༧༦ བྱོན་པར་གསལ་བས་རྒྱ་ནག་ཏུ་བྱོན་པའི་དུས་ལའང་མི་མཐུན་པར་སྣང་ལ། ༩༽ ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[8]། སློབ་དཔོན་སངས་རྒྱས་བསྐྱངས་ནི་ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་བཞུགས་ཡོད་པར་ངེས་ཤིང་། འཁྲུངས་ཡུལ་ནི་ལྷོ་ཕྱོགས་ནས་ཡིན་ཚུལ་ཙམ་ལས་ལྷོ་ཕྱོགས་ག་ནས་ཡིན་ཚུལ་ཞིབ་གསལ་གང་ཡང་མ་ཤེས་ཤིང་། དེ་སྐབས་བྱང་ཕྱོགས་སུ་དཔལ་ལྡན་དགའ་བའི་ལྷས་སྐྱོང་བའི་སྐབས་དང་། ལྷོ་ཕྱོགས་སུ་ཅཱལུཀྱའི་སྲིད་དབང་སྐབས་ཡིན་ཚོད། ཅེས་ཀྱང་བྱུང་ངོ་།།
༡༠༽ ལྷག་པར་མཁས་བཙུན་བཟང་པོ་ལགས་ཀྱིས་བསྒྲིགས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[9]། དུས་རབས་ནི་ལུགས་འབྱུང་གི་ལོ་བདུན་བརྒྱ་པའི་ནང་ཙམ་མོ། །ཞེས་གསུངས་པ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་དུས་ནམ་ཞིག་བྱོན་ཚུལ་ལ་བཞེད་སྲོལ་མི་མཐུན་པ་མང་ལ། དེ་དག་ལའང་དུས་རབས་ཀྱི་བར་ཁྱད་ཤིན་ཏུ་ཆེ་བས་ཞིབ་ཏུ་དཔྱད་དགོས་པར་སྣང་མོད། ༡༡༽ འོན་ཀྱང་སློབ་དཔོན་སངས་རྒྱས་བསྐྱངས་རང་ཉིད་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ལས[10]། སློབ་དཔོན་འཕགས་པ་ལྷས་ཀྱང་།
ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །
དེ་ཕྱིར་མདོར་ན་འཁོར་བ་འདི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །
ཞེས་གསུངས་སོ། །ཞེས་སློབ་དཔོན་འཕགས་པ་ལྷའི་ལུང་འདྲེན་མཛད་པ་ལས་སློབ་དཔོན་སངས་རྒྱས་འཕགས་པ་ལྷའི་རྗེས་སུ་བྱོན་པ་གསལ་པོར་ཤེས་རྟོགས་ཐུབ་པ་ཞིག་ཡིན་ལ། དུས་རབས་གསུམ་པ་ནས་ལྔ་པའི་བར་དུ་བྱོན་པའི་བཤད་ཚུལ་སྣ་ཚོགས་མཆིས། སློབ་དཔོན་ཆེན་པོ་འདིས་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཞེས་ཡོངས་སུ་གྲགས་པ་དེ་མཛད་ཅིང་། ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པས་ཀླུ་སྒྲུབ་ཀྱི་རྗེས་སུ་བྱོན་དགོས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༦༠
[2] དེབ་སྔོན་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༩༠
[3] དེབ་སྔོན་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༩༠
[4] རྒྱ་ནག་ཆོས་འབྱུང་ལས། རི་བོ་དྭངས་བསིལ་ནི་རི་བོ་རྩེ་ལྔའི་མིང་གཞན་ཞེས་བྱུང་བ་ལྟར་རོ།།
[5] དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་གྲངས་ ༡༣༡
[6] ཡོངས་གྲགས་ཐང་རྒྱལ་རབས་ནི་ཕྱི་ལོ་ ༦༡༨ ལོར་བཙུགས་པ་ཞིག་ཡིན་ནའང་། འདིར་ཐང་རྒྱལ་རབས་སྐབས་ཀྱི་ཕྱི་ལོ་ ༤༧༤ འཁོད་པ་ནི་ཕྱི་ལོ་ ༦༧༤ མིན་ནམ་སྙམ་པས་དཔྱད་དགོས།
[7] དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་གྲངས་ ༨༣
[8] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥
[9] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༤༨༦
[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༧༤༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༡ ནས་ ༡༨༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།