ཅ༽ རྩོམ་པ་པོར་ལྡན་དགོས་པའི་ཡོན་ཏན་བཞི།
དེ་ཡང་རྩོམ་པ་པོར་ལྡན་དགོས་པའི་ཡོན་ཏན་བཞི་ནི། ༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས[1]། ཁྱད་ཆོས་བཞི་དང་ལྡན་པའི་རིགས་སུ་གནས་པའི་བསྟན་བཅོས་སུ་དམིགས་པ་དེ་བསྟན་བཅོས་རྣམ་དག་གི་མཚན་ཉིད། དེ་ནི་རང་གི་བཤད་བྱར་གྱུར་པའི་བཀའི་དགོངས་འགྲེལ་ཡིན་པ།
རྩོམ་པ་པོ་འཇིག་རྟེན་ཕྱོགས་ཀྱི་རྙེད་བཀུར་གྲགས་འདོད་ཀྱི་རྣམ་གཡེང་དང་བྲལ་བ། ཐར་པ་འཐོབ་པའི་ལམ་དང་རྗེས་སུ་མཐུན་པ། སྒྲ་སྐྱོན་མཐའ་དག་དང་བྲལ་བའི་ཁྱད་ཆོས་བཞི་ལྡན་ཡིན་ཏེ། དེ་སྐད་དུ་རྒྱུད་བླ་མ་ལས[2]།
གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །
ཞེས་སོགས་གསུངས་པའི་ཕྱིར། ཞེས་རྩོམ་པ་པོར་ཁྱད་ཆོས་བཞི་པོ་དེ་དག་ལྡན་དགོས་པར་གསུངས་ལ། དེ་བཞིན་འཕགས་པ་ཐོགས་མེད་ (310-390) ཀྱིས་མཛད་པའི་རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་[3]ཀྱང་། བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པས་བདག་ཉིད་ཡོན་ཏན་བཞི་དང་སྦྱར་ནས་བསྟན་བཅོས་ཉེ་བར་སྦྱར་བར་བྱ་སྟེ། སྔོན་གྱི་སློབ་དཔོན་རྣམས་ལ་ང་རྒྱལ་མི་བྱེད་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་དང་། ཆོས་མཐུན་པ་བ་རྣམས་ལ་བྱམས་པ་དང་། བདག་ཉིད་མི་སྒྲོགས་པའོ།།
ཇི་ལྟར་ན་ང་རྒྱལ་མི་བྱེད་པ་ཡིན་ཞེ་ན། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་བསྟན་བཅོས་ཉེ་བར་སྦྱོར་བ་བྱས་ན་བདག་གིས་ཀྱང་ཅིའི་ཕྱིར་མི་བྱ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བསྟན་བཅོས་ཉེ་བར་སྦྱོར་བར་མི་བྱེད་ཀྱི། ང་རྒྱལ་གྱིས་ཁེངས་པའི་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་རྣམ་པར་སྤངས་ནས་བསྟན་བཅོས་ཉེ་བར་སྦྱོར་བར་བྱེད་པ་ཡིན་ནོ།།
ཇི་ལྟར་ན་སེམས་ཅན་རྣམས་ལ་སྙིང་རྗེ་བ་ཡིན་ཞེ་ན། བསྟན་བཅོས་ཉེ་བར་སྦྱོར་བ་མེད་ན་སེམས་ཅན་གྱི་རིས་མང་པོ་དག་འདི་ལྟ་སྟེ། དགེ་བའི་ཆོས་རྣམས་ལས་ཉམས་པ་དང་། ཡོངས་སུ་ཉམས་པར་འགྱུར་བར་མཐོང་བ་དང་། ཡང་གཞན་དག་སྐྱེ་བ་དང་རྒ་བ་ཞེས་རྒྱ་ཆེར་འབྱུང་བས་ཉེན་པ་དེ་དག་གིས་ཀྱང་བསྟན་བཅོས་སྦྱར་བ་འདི་ལ་ལེགས་པར་བཤད་པའི་ཚིག་གཅིག་གི་དོན་ཀུན་ཤེས་ཤིང་དེ་ལྟ་དེ་ལྟར་བསྒྲུབ་པར་གྱུར་ན་ཡང་། དེ་ནི་དེ་དག་གི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་བ་ཡིན་ནོ་སྙམ་པ་དེ་ལྟ་བུ་ཁོ་ནའི་དབང་དུ་བྱས་ནས་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ།།
ཇི་ལྟར་ན་ཆོས་མཐུན་པ་དག་ལ་བྱམས་པ་ཡིན་ཞེ་ན། བསྟན་བཅོས་སྦྱར་བ་མེད་ན་ཆོས་མཐུན་པ་བ་གཞན་གྱི་དོན་བྱེད་འདོད་པ་རྣམས་འདི་ལྟ་སྟེ། གཞན་གྱི་དོན་བྱས་པས་ཉམས་པ་དང་། ཡོངས་སུ་ཉམས་པར་ཡང་དག་པར་རྗེས་སུ་མཐོང་བས་དེ་དག་ལ་བྱམས་པ་ཁོ་ནའི་དབང་དུ་བྱས་ནས་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ།།
ཇི་ལྟར་ན་བདག་ཉིད་མི་སྒྲོགས་པ་ཡིན་ཞེ་ན། བདག་ལ་གཞན་དག་མཁས་པ་དང་། གསལ་བ་དང་ཡིད་གཞུངས་པ་དང་། བསྟན་བཅོས་རྣམས་བྱེད་པ་དང་། དོན་རྣམས་རབ་ཏུ་བརྗོད་པ་ཡིན་པར་ཡིད་ཆེས་པར་གྱུར་ན་དད་པ་སྐྱེ་ཞིང་དད་པའི་དབང་གིས་འདི་ལྟ་སྟེ། རྙེད་པ་དང་བཀུར་སྟི་དག་འབྱུང་བར་འགྱུར་ན་ཅི་མ་རུང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བསྟན་བཅོས་སྦྱོར་བར་མི་བྱེད་ཀྱི། ཟང་ཟིང་མེད་པའི་སེམས་ཀྱིས་འདི་ལྟ་སྟེ། བདག་དང་གཞན་དག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བསྟན་བཅོས་སྦྱོར་བར་བྱེད་པ་ཡིན་ནོ། །ཞེས་ང་རྒྱལ་མེད་པ་དང་། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང་། གཞན་ལ་ཕན་འདོད་ཀྱི་བྱམས་པ་དང་། རང་གཞན་གྱི་དགེ་རྩ་བསྐྱེད་པར་བྱ་བའི་ཕྱིར་དུ་བསྟན་བཅོས་བརྩམ་པ་སྟེ། ནང་པའི་བསྟན་བཅོས་མཛད་པ་པོ་དག་ལ་ཡོན་ཏན་བཞི་པོ་དེ་དག་ཚང་དགོས་པར་གསུངས་སོ།།
གཞན་ཡང་རིག་གནས་ཆུང་བ་ལྔའི་དབང་དུ་བྱས་ན། སྔོན་བྱོན་མཁས་པའི་ཞལ་རྒྱུན་ལས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། །མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། །སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། །ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། །སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས། །ཞེས་གྲགས་པ་ལྟར། སྒྲ་དང་སྡེབ་སྦྱོར་གཉིས་རྒྱ་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་ཉེ་བར་མཁོ་ཞིང་། སྙན་ངག་དང་མངོན་བརྗོད་གཉིས་བོད་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་མེད་དུ་མི་རུང་བ་མིན་ཡང་བྱུང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ལ། རྒྱ་བོད་ཧོར་སོགས་གང་དང་གང་གི་སྐད་དུ་བསྟན་བཅོས་གང་རྩོམ་པ་ལ་དེ་དང་དེའི་སྐད་རིགས་དང་ཡིག་རིགས་མཐར་ཕྱིན་པར་ཤེས་པ་མེད་དུ་མི་རུང་བ་དང་། ཁྱད་པར་བོད་སྐད་ལ་བརྡ་གསར་རྙིང་དང་། རྟགས་ཀྱི་འཇུག་པའི་རྣམ་གཞག་དང་། སྨྱུག་ཐོགས་པའི་ལས་ལའང་ཅུང་ཟད་བློ་ཁ་ཕྱོགས་པའི་ཡོན་ཏན་དང་ལྡན་པ་གཞིར་བཅས་ཀྱི་སྟེང་དུ་གང་བརྩམ་རྒྱུའི་ཆོས་ཀྱི་ཚིག་དོན་ལ་མཁས་པ་དང་། ལྷའི་གནང་བ་ཐོབ་པ་དང་། བླ་མ་བརྒྱུད་པའི་མན་ངག་དང་ལྡན་པ་གང་རུང་ངམ། ཡང་ན། རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་རིན་ཆེན་གསུམ་གྱི་གཏམ་གྱི་སྦྱོར་བ་ལས[4]།
རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །
ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །
ཞེས་གསུངས་པ་ལྟར། ཡོན་ཏན་གསུམ་པོ་དག་ཀྱང་ལྡན་དགོས་པར་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད། ༼པ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༤
[2] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༩༧༧
[3] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཞི༽ དེབ་ཨང་ ༧༤ པ། ༢༠༠༨ ལོ། ཤོག་གྲངས་ ༤༧༧
[4] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼ཁ༽ ཐོར་བུ། ཞོལ་པར་མ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༥༨ན༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥ ནས་ ༢༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།