ཅ༽ ཕྱི་ནང་གི་པཎ་གྲུབ་བར་རྩོད་པ་མཛད་ཚུལ།
དེ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ནི་མཁས་བཙུན་བཟང་གསུམ་འཛོམས་པ་ཤ་སྟག་སྟེ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་ལས[1]།
མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། །
ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །
ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཅེས་གསུངས་པ་ལྟར། རྒྱལ་བའི་གསུང་རབ་ལ་གྲོལ་བ་དོན་གཉེར་གྱི་ཐོས་པ་དང་བསམ་པས་རྒྱ་ཆེན་པོ་བཙལ་བས་ན་མཁས་པ་དང་། ཐོས་པ་ཐོས་རྐྱང་དུ་མ་སོང་བར་ཐོས་དོན་བསྒོམས་པས་རང་རྒྱུད་ལ་སྦྱར་བས་བཙུན་པ། དེ་ལྟར་རྒྱལ་བའི་གསུང་རབ་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་དགེ་རྩ་ཇི་ཡོད་གཞན་དོན་འབའ་ཞིག་ཏུ་བསྔོ་བས་བཟང་བ་སྟེ། དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱང་མཁས་བཙུན་བཟང་གསུམ་འཛོམས་པ་ཤ་སྟག་ཡིན་ལ། མཁས་དབང་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གི་གསུང་རྩོམ་ཚིགས་བཅད་འགའ་ལས་[2]ཀྱང་།
ཐོགས་མེད་སྐུ་མཆེད་ལྟ་བུའི་འཆད་པའི་བློ། །
ཕྱོགས་གླང་ཆོས་གྲགས་ཇི་བཞིན་རྩོད་པའི་དཔལ། །
རྟ་དབྱངས་དགེ་དབང་དང་མཚུངས་རྩོམ་པའི་རྩལ། །
བདག་ལ་ད་ལྟ་ཉིད་དུ་སྩོལ་བར་ཞུ། །
ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ནི་མཁས་པའི་བྱ་བ་རྣམ་གསུམ་སྟེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་དང་། བཙུན་པའི་བྱ་བ་བསླབ་གསུམ་ཉམས་བཞེས་སོགས་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་བསྟན་ཉི་མོ་ལྟར་གསལ་བར་མཛད་ཅིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[3]། སྤྱིར་མཁས་པ་ཞིག་ཡིན་ཕྱིན་རབ་བྱུང་ན་འཆད་རྩོད་རྩོམ་གསུམ་གར་མཁས་པ་ཞིག་དང༌། དེ་མིན་ཡང་འཆད་རྩོམ་གཉིས། མ་ཐའང་འཆད་པ་ལ་མཁས་པ་དགོས། འཆད་པ་ལས་རྩོད་པ་དཀའ་ཞིང༌། དེ་གཉིས་ལས་རྩོམ་པ་དཀའ། འཆད་རྩོད་གཉིས་ལ་རང་ཉིད་ཀྱི་ལྟ་ཚུལ་ངོ་མ་འཆད་པའི་ངེས་པ་མེད་ལ། རྩོམ་པ་ནི་ཚིག་སྦྱོར་དང༌། བརྗོད་དོན། རིགས་པའི་གཞུང་ལུགས་བཅས་གང་ཅིའི་ཐད་ནས་ཚད་མཐོ་ཙམ་ཞིག་དགོས་པས་འཆད་རྩོད་གཉིས་ལ་མཁས་པ་ཅུང་ཟད་མང་ཞིང༌། རྩོམ་པ་ལ་མཁས་པ་ནི་སྔ་མ་གཉིས་དང་བསྡུར་ན་དཀོན་པ་ཡིན་ཞེས་བཤད་སྲོལ་ཡོད། ཅེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་ཀྱི་རྩོམ་པའི་བྱ་བར་མཚོན་ན་པཎ་གྲུབ་རྣམས་ཀྱི་གསུང་འབུམ་ལས་རྟོགས་ཐུབ་ལ། འཆད་པའི་བྱ་བ་ནི་རྣམ་ཐར་ལས་མཁྱེན་པར་འགྱུར་བར་མ་ཟད། རྩོད་པའི་བྱ་བ་ནི། རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ལས[4]།
སངས་རྒྱས་བསྟན་པ་རབ་ཏུ་གསལ་བྱེད་པ། །
མཁས་པ་མཐའ་ཡས་འཇིགས་མེད་སེངྒེའི་སྒྲ། །
རབ་ཏུ་སྒྲོགས་པ་གཟི་བརྗིད་འབར་བ་ཅན། །
དམ་ཆོས་འཆད་པའི་ཁྲི་ལ་རྣམ་པར་མཛེས། །
ཞེས་བསྔགས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྒྱ་གར་འཕགས་ཡུལ་གྱི་ཕྱོགས་བཞི་ནས་ཕྱི་རོལ་མུ་སྟེགས་པའི་མཁས་པ་དང་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པ་མཛད་ཚུལ་ནི། པཎ་གྲུབ་བཅུ་བདུན་སོ་སོའི་རྣམ་ཐར་སོགས་ཀྱི་སྐབས་སུ་ཞིབ་ཕྲ་བཀོད་ཡོད་པས་དེ་དག་ལས་མཁྱེན་པར་འགྱུར་ལ། དེ་བཞིན་དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ (དུས་རབས་12པ།) མཛད་པའི་ཁ་ཆེ་པཎ་ཆེན་ (1127-1225) གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་ལས[5]། དེ་ནས་ནཱ་ལན་དའི་གཙུག་ལག་ཁང་དུ་ཕྱོགས་བཞི་ནས་འོངས་པའི་མུ་སྟེགས་པའི་སྟོན་པ་རྟོག་གེ་སྡེ་ལྔའི་གྲུབ་མཐའ་ལ་མཁས་པའི་ང་རྒྱལ་ཅན་རྣམས་དང་། ཆོས་རྗེ་ཉིད་རང་རང་གི་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པ་མཛད་པས། མུ་སྟེགས་པ་རྣམས་སྤོབས་པ་མེད་པར་བྱས་ཏེ། མུ་སྟེགས་པ་ཡོན་བདག་གི་རྒྱལ་པོ་དང་བཅས་པ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག །རྒྱལ་པོ་དེས་ཆོས་རྗེ་ལ་ནོར་མང་པོ་ཕུལ་བ་ལ་བཅོམ་ལྡན་འདས་གཙོ་འཁོར་གསུམ་གྱི་སྐུ་ཆེན་པོ་ཁྱད་པར་དུ་འཕགས་པ་གཅིག་བཞེངས་སུ་གསོལ་བ་ལ། ལོ་ཙྪ་བ་ཆེན་པོས།
མཁས་པའི་འབྱུང་གནས་ནཱ་ལན་ད་ཡི་གཞིར། །
ཕྱོགས་བཞིའི་མུ་སྟེགས་སྟོན་པ་ཕམ་མཛད་ཅིང་། །
རྒྱལ་ཡོན་འབྱོར་པས་གྲགས་ལྡན་རྟེན་གསུམ་བཞེངས། །
བསྟན་སྲུང་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་དོ། །ཞེས་གསལ་བ་ལྟར། དཔལ་ནཱ་ལེནྡྲར་ཕྱི་ནང་གི་པཎྜི་ཏའི་བར་རྩོད་པ་མཛད་ཚུལ་ཡང་། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[6]། ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་འདྲ་བྱོན་ཚེ་ཅོང་བརྡུང་ཞིང་ཀུན་འདུ། རྩོད་པ་རྒོལ་ན་རྒྱལ་ཚེ་གོང་དུ་བཀུར་ཞིང་། ཕམ་ན་གདོང་ལ་ས་དཀར་དམར་གྱིས་བྱུགས་ཏེ་སྐྲོད་པ་སོགས་བཤད། ཅེས་གསུངས་པ་ལྟར་གཙུག་ལག་སློབ་གཉེར་ཁང་དེ་ཉིད་དུ་གནས་པའི་པཎྜི་ཏ་འགྲན་ཟླ་མེད་པ་དེ་ཚོས་གཙུག་ལག་ཁང་གི་ལྕགས་རིའི་སྒོ་ཆེན་བསྲུངས་ཏེ། ནང་དུ་གནས་གཞན་ནས་ཡོང་བའི་ཕྱི་རོལ་མུ་སྟེགས་པའི་མཁས་པ་རྩོད་དུ་ཡོང་བ་དེ་རིགས་མི་གཏོང་བར་ཐོག་མར་དྲི་བ་བཏོན་ནས། རྩོད་པ་བྱེད་དགོས་སྟབས་པཎྜི་ཏ་དེ་ཚོས་རྒྱུན་དུ་དོན་གནད་བཅུའི་ཐོག་ནས་དྲི་བ་དང་རྩོད་པ་བྱེད་ཀྱི་ཡོད་ཅིང་། རྩོད་པ་བྱེད་པར་ཡོང་བའི་ཕྱི་རོལ་པ་ཁག་གཅིག་དོན་གནད་རེ་གཉིས་ཙམ་གྱིས་བཟློག་ཐུབ་ཅིང་། མཁས་པ་ཆེན་པོ་དེ་ཚོར་དོན་གནད་བདུན་བརྒྱད་དེ་འདྲའི་ཐོག་ནས་རྩོད་པ་མ་བྱས་པར་རེ་གཉིས་ཤིག་གིས་བཟློག་ཐུབ་ཀྱི་མེད། དེར་བརྟེན་རིགས་ལམ་ཕྲ་ཞིབ་ཀྱི་སྒོ་ནས་རྩོད་པ་བྱས་ཚེ་མཐར་དོན་གནད་རེ་གཉིས་ཤིག་གི་ཐོག་ནས་རྟག་པར་ནང་པའི་པཎ་གྲུབ་དེ་རྣམས་རྒྱལ་ནས་ཕྱི་རོལ་པ་དེ་ཚོ་ནཱལཱནྡཱའི་ལྕགས་རིའི་ནང་དུ་གཏོང་གི་མེད་སྟབས། ནཱལཱནྡཱའི་ལོ་རྒྱུས་ནང་རིགས་ལམ་གྱི་ཐོག་ནས་རྩོད་པ་བྱས་ཏེ་ཕྱི་རོལ་པ་ཞིག་ནཱལཱནྡཱའི་ལྕགས་རིའི་ནང་ཤོར་བ་ཞིག་བྱུང་མྱོང་མེད་པར་གྲགས།
ཡིན་ན་ཡང་། སྐབས་འགར་མུ་སྟེགས་པའི་མཁས་པ་ཆེན་པོ་དེ་འདྲ་རྩོད་དུ་སླེབས་ཚེ་སྐབས་འགར་ནཱལཱནྡཱའི་པཎ་གྲུབ་གྲགས་ཆེན་རྣམས་སྒོམ་སྒྲུབ་ཏུ་གཤེགས་ནས་ཤུལ་དུ་ཡོད་པ་རྣམས་ཀྱིས་རྩོད་མི་ནུས་པར་པཎྜི་ཏ་འཚོལ་རྒྱུར་དཀའ་ངལ་འཕྲད་པ་དེ་འདྲ་ཡང་ཡང་ཡོང་གི་ཡོད་པ་རེད། ཕྱོགས་གླང་དང་ཆོས་གྲགས་ཀྱི་བྱུང་རབས་ནང་ཁོང་རྣམ་གཉིས་ཡུལ་གཞན་དུ་བཞུགས་སྐབས་ནཱལཱནྡཱར་ཕྱི་རོལ་པ་བཟློག་ཆེད་གདན་འདྲེན་ཞུས་པའི་ལོ་རྒྱུས་ཡང་ཡང་འབྱུང་གི་ཡོད། མ་ཟད་འཕགས་པ་ཐོགས་མེད་ཀྱི་རྣམ་ཐར་བོད་ཡིག་ནང་ཡོད་པ་ཁག་[7]ལྟར་ན་ཁོང་དགུན་དུས་གནམ་གཤིས་ཅུང་བསིལ་པོ་ཡོད་སྐབས་ཡུལ་ཕན་ཚུན་བར་འགྲོ་མཁན་མང་པོ་ཡོད་པ་དང་ཕྱོགས་མཚུངས་པར་མུ་སྟེགས་པ་རྩོད་དུ་ཡོང་བ་དག་ཀྱང་དགུན་དུས་སུ་ཡོང་གི་ཡོད་སྟབས། འཕགས་པ་ཐོགས་མེད་ནཱལཱནྡཱར་བཞུགས་སྐབས་ཀྱི་རྣམ་ཐར་ནང་དགུན་དུས་མུ་སྟེགས་པ་རྩོད་དུ་ཡོང་བ་མང་པོ་བཏུལ་བ་དང་། དབྱར་དུས་གཞུང་རྩོམ་མང་པོ་མཛད་པ་སོགས་མཇལ་དུ་ཡོད། ཡིན་ན་ཡང་། བྱུང་རབས་ཀྱི་དོན་དངོས་ནང་འཕགས་པ་ཐོགས་མེད་ཀྱི་སྐབས་སུ་ནཱལཱནྡཱ་གཞི་ནས་གསར་སྐྲུན་བྱ་རྒྱུར་བསྡད་པ་གསལ་[8]སྟབས་བྱུང་རབས་འདི་ཉིད་འཕགས་པ་ཐོགས་མེད་དང་དེ་ཙམ་མི་འབྱོར་ན་ཡང་པཎ་གྲུབ་གཞན་གྱིས་མཛད་པ་དེ་ལྟར་གནང་གི་ཡོད་པའམ། ཡང་ན་འཕགས་པ་ཐོགས་མེད་ཀྱིས་གཙུག་ལག་ཁང་གཞན་དང་གཞན་ནས་མཛད་འཕྲིན་དེ་ལྟར་བསྐྱངས་པའི་ཤེས་བྱེད་ཅིག་ཏུ་ངོས་འཛིན་བྱེད་ཆོག །སྤྱིར་ཡང་ནང་པའི་པཎྜི་ཏ་གནས་གཞན་ནས་རྩོད་དུ་ཡོང་བ་དེ་འདྲ་བྱུང་ཚེ་གཎྜི་བརྡུངས་ནས་དགེ་འདུན་པ་ཚང་མ་འཚོགས་ནས་རྩོད་པ་བྱེད་ཅིང་། རྩོད་པ་རྒྱལ་ཚེ་གུས་བཀུར་བྱེད་པ་དང་། ཕམ་ཚེ་གདོང་ལ་ས་དཀར་དམར་བྱུགས་ནས་ཕྱིར་སྐྲོད་པ་སོགས་བྱེད་ཀྱི་ཡོད།[9]
དེ་བཞིན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[10]། རྡོ་རྗེ་གདན་དང་། ནཱ་ལེནྡྲ་དང་། བི་ཀ་མ་ལ་ཤཱི་ལ་གསུམ་ལ་མཁན་པོ་རེ། གནས་བརྟན་རེ། ཟུར་ཆོས་པ་རེ་སྟེ་གསུམ་རེ་ཡོད། ཡུལ་དེ་པའི་སྲོལ་ལ་མཁན་པོས་ཆོས་འཆད་ཀྱང་དེའི་སྔོན་དུ་གནས་བརྟན་གྱིས་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་སོགས་བཤད་ནས། དེ་ནས་མཁན་པོས་ཆོས་འཆད་པ་ཡིན། ཟུར་ཆོས་པ་པཎྜི་ཏ་མུ་སྟེགས་ཀྱི་རྒོལ་བ་ལ་རྩོད་པའི་ནུས་པ་ཡོད་པ་རྣམས་ཀྱིས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་ཆོས་འཆད། མུ་སྟེགས་ཀྱི་རྒོལ་བ་ནི། དབྱར་དུས་ཆར་ཆེས་པས་རལ་པ་ཆུད་ཟོས་ཀྱིས་དོགས་ནས་ཆེར་མི་ཡོང་། ཕལ་ཆེར་དགུན་དུས་འོང་། རྡོ་རྗེ་གདན་ལས་གཞན་གཉིས་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་མང་། དབྱར་གནས་ཀྱི་ཚེ་རྡོ་རྗེ་གདན་སོགས་ལ་རབ་བྱུང་སུམ་ཁྲི་བཞི་ཁྲི་སོགས་ཡོད་གསུངས། ཞེས་ཀྱང་བྱུང་ངོ་།།
སློབ་གཉེར་ཁང་འདིའི་དབུ་འཛིན་ནི། རྒྱ་གར་ནང་པའི་གཙུག་ལག་ཁང་ཆེན་པོ་ཤྲཱི་ནཱ་ལེནྡྲའི་བྱུང་བ་མདོ་ཙམ་བརྗོད་པ་ལས[11]། གནས་བརྟན་བགྲེས་སོང་འཆད་རྩོད་རྩོམ་སོགས་ཀྱི་ཕ་རོལ་ཏུ་སོན་པ་ཞིག་མང་མོས་ཀྱིས་བདམས་ཏེ་དགེ་འདུན་ལས་ཀྱིས་མཁན་པོའམ་ཁྲི་པར་བསྐོ་ཞིང་། དེ་ལ་ནི་དབུས་ཀྱི་ཀ་ཆེན་ཞེས་འབོད་ལ། པཎྜི་ཏ་ཐམས་ཅད་ཀྱི་བདག་པོ་ལྟ་བུ་ཡང་ཡིན། གཞན་པཎྜི་ཏ་མཁས་པ་ཕུལ་དུ་བྱུང་བ་རྣམས་ལས་ཕྱོགས་བཞིའི་སྒོ་ཆེན་སྲུང་བའི་པཎྜི་ཏར་བསྐོ་ཞིང་། གློ་བུར་དུ་ལྷགས་པའི་ཕྱི་ནང་གི་གླགས་འཚོལ་བ་རྣམས་ལ་རྒོལ་ཞིང་རིགས་པས་ཚར་གཅོད་པ་དང༌། ཚོད་དགམ་པ་དང་ཆོས་སྒོར་ཞུགས་པ་རྣམས་ལ་ཡང་བརྟག་སྟེ་དག་ན་ནང་གི་གནས་བརྟན་རྒན་པར་གཏད་པ་སོགས་བྱེད་ཅིང་། གཞི་ནས་སློབ་སྦྱོང་གི་གོ་སྐབས་ཐོབ། སྒོ་སྲུང་པཎ་ཆེན་རྣམས་ཤར་ལྷོ་ནུབ་བྱང་གི་སྒོ་ཆེན་རྣམས་དང་མི་རིང་བར་ཆོས་འཆད་ཁང་ངམ་ཁྱམས་སོགས་སུ་གལ་ཏེ་ཕྱི་རོལ་ནས་རྩོད་འདོད་པའི་རྒོལ་བ་རེ་བསླེབས་ན་འཚོལ་བདེ་བའི་ས་ཞིག་ན་ཆོས་འཆད་ཅིང་བཞུགས་པར་བཤད། དེ་རྣམས་དང་དབུས་ཀྱི་ཀ་ཆེན་དང་པོ་དང་གཉིས་པ་གཉིས་རེ་འཇོག་སྲོལ་ཡོད་ཅིང་། དེ་ནི་ལས་ཐོག་ཁྲི་པ་དང་ཁྲི་པ་གཞོན་པ་གཉིས་ལ་ཟེར་བ་མིན་ནམ་སྙམ། དེ་ཚོར་མཁས་པ་སྒོ་དྲུག་ཅེས་གྲགས། ཕྱིས་སུ་ནཱལནྡཱ་དང༌། བི་ཀྲ་མ་ཤཱི་ལ། ཨོཏནྟ་པུ་རི་སོགས་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་ཤིང་། སྒོ་སྲུང་རྣམས་ཀྱིས་ཕྱོགས་ཐམས་ཅད་ལ་གཟིགས་རྟོག་གནང་གི་ཡོད་པར་གསུངས།
མཁས་པ་སྒོ་དྲུག་གིས་གླགས་མ་ཁེལ་བར་ནང་དུ་ཤོར་བའི་ལོ་རྒྱུས་བྱུང་མྱོང་མེད་དེ། དེ་ནི་སྒོ་སྲུང་གི་པཎྜི་ཏ་རྣམས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་གང་ལ་ཡང་ཆགས་ཐོགས་བྲལ་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། ཨརྱ་དེ་ཝ། དཔལ་ལྡན་ཟླ་བ་གྲགས་པ། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། ཤནྟི་པ། ནཱ་རོ་པ་ལྟ་བུ་ཤ་སྟག་ཡིན་པས་རེད། ཕྱི་རོལ་པ་ཞིག་ལ་མཚོན་ན་ཤྲཱི་ནཱལནྡཱའི་སྒོ་སྲུང་གི་པཎྜི་ཏ་རྣམས་ལ་གླགས་འཚོལ་བ་ནི་ལས་སླ་བ་མ་ཡིན་ཏེ་རྒྱལ་པོ་དང་བློན་ཚོགས། ཕྱི་ནང་གི་པཎྜི་ཏ་ཐམས་ཅད་དཔང་པོར་གདན་འཛོམས་པའི་དབུས་སུ་བསྟན་པ་རྒྱན་དུ་བཙུགས་ཏེ་རྩོད་དགོས་པ་ཡིན་ཅིང༌། གལ་ཏེ་རྩོད་པ་ལས་ཕམ་ན་རང་ཉིད་གཅིག་པུ་ཕམ་པ་མ་ཡིན་པར་ཆོས་རྒྱུན་དང་བཅས་པ་ཕམ་པ་ཡིན་པས། རང་ཉིད་ཀྱི་གྲུབ་མཐའ་དོར་ནས་ནང་པའི་བསྟན་པ་ལ་འཇུག་དགོས་པ་ཡིན། འཕགས་པ་མ་ཁོལ་ཤྲཱི་ནཱ་ལནྡཱའི་པཎ་ཆེན་འཕགས་པ་ལྷ་ལས་ཕམ་སྟེ་མ་ཁོལ་རང་ཉིད་ནང་པར་ཞུགས་པར་མ་ཟད། ཕྱོགས་མཚམས་ཐམས་ཅད་ཀྱི་ཕྱི་རོལ་པ་སྟོང་ཕྲག་མང་པོ་ནང་པར་ཞུགས་ཤིང༌། ནཱལནྡཱ་གཅིག་པུར་ཡང་མ་ཁོལ་གྱི་རྗེས་འབྲང་སྟོང་ཕྲག་ལྷག་ཙམ་རབ་ཏུ་བྱུང་བར་གསུངས་པ་ལྟར་རོ།།
གཞན་ཡང་དཔལ་ནཱ་ལེནྡྲར་ཕྱི་ནང་གི་གྲུབ་མཐའ་ཇི་ཡོད་དང་། བཞུགས་གྲལ་དུ་འཁོད་ཚུལ་ནི། སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[12]། དེ་སྔོན་གཙུག་ལག་ཁང་འདིར་ཕྱི་རོལ་པའི་གྲུབ་མཐའ་མི་འདྲ་བ་དགུ་བཅུ་གོ་དྲུག་ཙམ་ཡོད་པར་བཤད་ཀྱང་། དེང་གི་ཆར་གྲུབ་མཐའ་མི་འདྲ་བ་བཅུ་ཙམ་ལས་ལྷག་མི་འདུག །ཆོས་ཀྱི་བགྲོ་གླེང་དང་ཚོགས་འཚོགས་པའི་དུས་སུ་དགེ་སློང་དང་དགེ་སློང་མ་རྣམས་རང་སར་གྲལ་དུ་འཁོད་པ་ལས་གྲལ་གྱི་སྔ་གཞུག་སོགས་རྩོད་པར་མི་བྱེད། ཆོས་ཚོགས་ཀྱི་དུས་སུ་དགེ་འདུན་པ་རྣམས་ཀྱིས་རང་རང་གི་གྲུབ་མཐའ་གང་ཡིན་པ་དེའི་ལྟ་གྲུབ་བཟུང་སྟེ་རང་གནས་སུ་གདན་གྲལ་དུ་འཁོད་པ་དང་། གྲུབ་མཐའ་མི་འདྲ་བ་རེར་རང་ཉིད་ཀྱི་བཞུགས་གྲལ་རེ་ཡོད་པས་ཚོགས་ཆེན་གྱི་ཕྱི་ཨ་ལོང་འཁྱིལ་འདྲ་དང་། ནང་དྲས་ཁ་བཅད་པ་ལྟར་ལྷུན་ཆགས་སུ་གནས། ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཆེན་པོ་འདི་ཉིད་ཆེས་དར་རྒྱས་ཆེ་བའི་དུས་སྐབས་སུ་ཉིན་རེར་ཆོས་ཀྱི་བགྲོ་གླེང་བརྒྱ་ཕྲག་རེ་ཡང་ཡོད་པར་གསུངས།
པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[13]། རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་རྩོད་པའི་གཞི་ནི་མཐར་ཐུག་ན་བདག་ཏུ་གྲུབ་པ་ཁས་ལེན་མི་ལེན་ལ་ཐུག་ལ། སངས་རྒྱས་པ་རྣམས་ཀྱིས་བདག་མེད་ཁས་བླངས་པ་ལ་ཕྱི་རོལ་བ་རྣམས་ཀྱིས་རྩོད་ཀྱང་། ཐལ་འགྱུར་བ་ལ་དམིགས་ཀྱིས་བཀར་ནས་རྩོད་པ་ཅུང་ཉུང་། རང་གཞན་གྱི་སྡེ་པ་འོག་མ་ཀུན་གྱིས། ཐལ་འགྱུར་བས་ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ་པར་ཁས་བླངས་པ་ལ་རྩོད་ཀྱང་། ཐལ་འགྱུར་བ་ལ་གནོད་བྱེད་དུ་འགྲོ་བ་ཅུང་ཟད་ཀྱང་མེད་པས་ན། ཐལ་འགྱུར་བའི་ལུགས་འདི་ནི་ཆེས་ཕུལ་དུ་བྱུང་བ་ཡིན་གསུངས། ཞེས་བྱུང་ངོ་།།
དེ་བཞིན་རྒྱལ་སྲས་འཕགས་པ་ལྷ་དང་མུ་སྟེགས་རྟ་དབྱངས་གཉིས་དཔལ་ནཱ་ལེནྡྲར་རྩོད་པ་མཛད་ཚུལ་ནི། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ (1672-?) ཀྱིས་བརྩམས་པའི་གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་ལས[14]། རྩོད་པའི་གྲགས་པ་ཐོབ་པར་འདོད་ན་ཡུལ་དབུས་འགྱུར་ཚལ་ཉིད་དུ་སོང་ལ་མཁས་པའི་མཐུ་ཐོབ་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་ཀྱི། དེ་དག་དང་རྩོད་པའི་རྒྱལ་རྔའི་སྒྲ་སྒྲོགས་ཤིག་པར་བསྐུལ་བ་ལྟར་འཁོར་དང་བཅས་ཏེ་བགྲོད་པ་ལས། ནཱ་ལེནྡྲ་དང་ཉེ་བའི་ཆར་བུ་མོ་ཆུའི་བུམ་པ་སྤྱི་བོར་བཀོད་ནས་ལག་པ་གཉིས་སྐེད་པར་བཞག་སྟེ་འགྲོ་བ་ཞིག་དང་འཕྲད། གཙུག་ལག་ཁང་ནཱ་ག་ལེནྡྲ་གང་ན་ཡོད་དྲིས་པས། དེ་ན་རེ། བླུན་པོ་མཐའ་འཁོབ་པ་ཚིག་གི་བརྗོད་པས་ཕོངས་པ་ཁྱོད་ཀྱིས་ཅི་ཟེར། མཁས་པ་བྱེ་བའི་བསྟི་གནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཟེར་མོད། ཅེས་ཚིག་བརྡུང་བཏང་བས་ཡིད་ལ་ཁུ་འཕྲིག་ཆེར་སྐྱེས། འོན་ཀྱང་ནཱ་ལེནྡྲའི་གནས་གནྡྷོ་ལ་ཆེན་པོ་བདུན། ལྷ་ཁང་བཅུ་བཞིས་བརྒྱན་པ། པཎྜི་ཏ་སྟོང་དང་ལྔ་བརྒྱ་འདུས་སར་སླེབས་ཏེ། དགེ་འདུན་རྣམས་ལ་ང་མུ་སྟེགས་ཐུབ་དཀའ་ནག་པོ་ཡིན་ཏེ། སྔར་ནུབ་ཕྱོགས་ཀྱི་ནང་པ་རྣམས་རྩོད་པས་ཕམ་པར་བྱས། དགེ་སྦྱོང་གོའུ་ཏ་མའི་རྟགས་ཕྱུངས་ནས་ཕྱི་པའི་རྟགས་རལ་པ་དང་རི་དྭགས་པགས་པ་དབྱུག་པ་དང་རིལ་བ་སྤྱི་བླུགས་ཐལ་བའི་ཚོན་རིས་དག་གིས་སྤྲས་པར་བསྒྱུར་བ་ནི་ང་ཡི་འཁོར་ལ་ཡོད་པ་འདི་དག་ཡིན་ལ། ད་ཁྱོད་ཅག་དང་རྩོད་ལ་ངེད་ཕམ་ན་འཁོར་བཅས་གངྒཱའི་ཆུར་མཆོངས་ཤིང་། ཁྱོད་རྣམས་ཕམ་ན་མུ་སྟེགས་པའི་ཆོས་ལུགས་སུ་བསྒྱུར་ཞེས་སྨྲ་ཞིང་། དོན་དེའི་ཡི་གེ་དག་སྡེབ་ལེགས་ཚིག་གིས་སྲད་བུར་བརྒྱུས་པ་ནཱ་ལེནྡྲའི་སྒོ་བཞིར་སྦྱར་ཏེ་རྩོད་པར་བརྩམ་པ་ན། དེར་འཁོད་ཀུན་གྱིས་ཐུབ་པར་མི་ནུས་པ་ཤེས་ཏེ་གཎྜིའི་སྒྲས་བསྡུས་ནས་གསང་གྲོས་བཏབ་པས། གང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དྲི་མ་མེད་པ་ནས་ལུང་བསྟན་པའི་མུ་སྟེགས་རྟ་དབྱངས་སུ་གྲགས་པ་ནི་འདི་ཡིན་ཏེ། རྫུས་སྐྱེས་འཕགས་པ་ལྷ་མ་གཏོགས་གང་གིས་ཀྱང་འདུལ་བར་མི་ནུས་པས་སྤྱན་འདྲེན་དུ་གཏོང་དགོས་ཞེས་བསྒོས་པ་དང་། ཁ་ཅིག་རྨི་ལམ་དུ་རྨིས་པར་བཤད་པ་གང་ལྟར་ལྷོ་ཕྱོགས་དཔལ་གྱི་རི་ལ་འཕགས་པ་ཀླུ་སྒྲུབ་དང་། དེའི་སློབ་མ་པདྨ་ལས་བརྫུས་ཏེ་འཁྲུངས་པ་འཕགས་པ་ལྷ་གཉིས་དབུས་ཀྱི་པཎྜི་ཏ་རྣམས་ཀྱིས་འདྲེན་པར་བརྩམ་པ་དང་རྟ་དབྱངས་ཀྱིས་ཤེས་ཏེ་རེ་ཞིག་ཕྱི་པ་ནང་དུ་མ་འགྲོ་ནང་པ་ཕྱི་རུ་མ་འགྲོ་ཞེས་སྒོར་ཉལ་ནས་འགྲུལ་བཅད། དགེ་འདུན་རྣམས་གདུགས་ཚོད་གསོལ་བར་སྒོ་བརྡེག་ཅིང་། དེར་དགེ་འདུན་རྣམས་ཀྱིས་སློབ་དཔོན་ཡབ་སྲས་སྤྱན་འདྲེན་པར་རྐང་པས་ཕྱིན་ན་རྩོད་པའི་དུས་ཚོད་ལ་མི་སླེབས། བསྟན་པའི་འགག་ལ་ཐུག་པའི་གལ་པོ་ཆེར་བསམས་ཏེ། པཎྜི་ཏ་སྟོང་དང་ལྔ་བརྒྱའི་གཙུག་གི་ནོར་བུ་བྷི་ཀྵ་མ་ཧཱསྠ་བཱི་ར་ནཱ་གནྡྲེ་གུ་བྷི་ཞེས་བྱ་བས། རྒྱལ་བའི་བསྟན་པ་ལ་རྗེས་སུ་སེམས་པའི་དབང་གིས་སྤྱན་ཆབ་གཡོ་བའི་ངང་ནས།
ཀྱེ་མ་བསྟན་པའི་ཤིང་རྟ་ནི། །མུ་སྟེགས་རྒོལ་བའི་འདམ་དུ་བྱིངས། །
འདི་ན་ནུས་བྲལ་སྟོབས་ཟད་གྱུར། །ཁྱེད་ཅག་ཁུར་ཡིན་ཕྲག་པར་ལོངས། །
ཞེས་སོགས་ཀྱི་འཕྲིན་ཡིག་མྱུར་བར་བྲིས་ནས་གཏོར་མའི་སྣོད་ནང་དུ་བཞག་པ་དང་། ནག་པོ་ཆེན་པོའི་སྐུ་བརྙན་གྱི་ཐུགས་ཀ་ནས་བྱ་རོག་ཅིག་ཐོན་ཏེ་འཕྲིན་ཡིག་མཆུས་ཁྱེར་ནས་སྐད་ཅིག་ལ་དཔལ་གྱི་རིར་སླེབས་པ་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། རྟ་དབྱངས་ཀྱིས་བསྟན་པ་ཉམས་པར་བྱས་ཡོད་འདུག །དེ་བཟློག་པར་ང་འགྲོ་གསུངས་པས་འཕགས་པ་ལྷས་སློབ་དཔོན་གཤེགས་མི་འཚལ་བདག་གིས་འདུལ་གསུངས། ཁྱོད་ཀྱིས་ཐུབ་མིན་བལྟའོ་ཞེས་སློབ་དཔོན་གྱིས་རྟ་དབྱངས་ཀྱི་གྲུབ་མཐའ་བཟུང་། འཕགས་པ་ལྷ་དང་བརྩད་པས་སློབ་དཔོན་རྒྱལ་ཞེས་དང་། ལ་ལས་དོན་ལ་འཕགས་པ་ལྷ་རྒྱལ་ཡང་། སློབ་དཔོན་ཉིད་ཕྱི་པའི་གྲུབ་མཐའ་ལ་ཤིན་ཏུ་མཁས་པས་དད་པ་ལོག་ཅེས་པ་ཇི་ལྟར་རུང་། གང་ལྟར་མཆིལ་ལྷམ་གྱིས་བརྒྱབ་པ་སློབ་དཔོན་གྱི་སྤྱན་ལ་ཕོག །དེ་མ་ཐག་འགྱོད་དེ་ཆད་པ་གཅད་དུ་གསོལ་བ་ན། དེའི་ཚེ་ཁྱོད་ཀྱིས་བདག་ཕྱི་རོལ་པར་མཐོང་བ་ཡིན་པས་ཉེས་པ་ཆེར་མེད་མོད། འོན་ཏེ་ལམ་དུ་སློང་བ་པོ་བྱུང་ན་གང་ལ་ཡང་མ་ཆགས་པར་བྱིན་ཅིག་ཅེས་བཀའ་སྩལ། མུ་སྟེགས་དེ་བདག་གིས་འདུལ་བར་མི་ནུས་སམ་དགོངས་པའི་ཚེ། སློབ་དཔོན་གྱིས་ཁྱོད་དེ་འདྲ་བའི་ཡིད་གཉིས་མི་དགོས། སྔོན་བདག་ཅག་གི་སྟོན་པ་འོད་མའི་ཚལ་ན་འཁོར་འདུས་པའི་དབུས་སུ་ཆོས་གསུངས་པའི་དུས་བར་སྣང་ནས་ཕོ་རོག་གཅིག་གིས་སྟོན་པའི་དབུར་བྱ་ཐལ་དོར་ཡང་དད་པའི་སེམས་སྐྱེས་ཏེ་སོང་བས། འཁོར་རྣམས་ཡིད་གཉིས་སུ་གྱུར་ནས་འདི་ཅིའི་ལྟས་ལགས་ཞུས་པས། བྱ་རོག་འདི་མ་འོངས་པ་ན་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་བྱ་བར་གྱུར་ནས་ངའི་བསྟན་པ་ལ་གནོད་པ་ཆེན་པོ་བྱེད་ཅིང་། མངལ་སྐྱེས་གང་གིས་ཀྱང་འདུལ་བའི་གནས་མེད་པ་འབྱུང་ངོ་གསུངས་ཏེ་འཁོར་འདུས་པའི་ནང་ནས་ལི་ཙ་བྱི་ལག་ན་མེ་ཏོག་ཅན་ཞེས་བྱ་བའི་ཁྱེའུ་ན་རེ། བདག་དེའི་ཚེ་བརྫུས་ཏེ་སྐྱེས་ནས་མུ་སྟེགས་དེ་ཡང་དག་པར་བཏུལ། ནང་པའི་བསྟན་པ་ལ་འཛུད་པར་ཤོག་ཅེས་སྨོན་ལམ་བཏབ། སྟོན་པས་ཀྱང་མཐུན་འགྱུར་གནང་བའི་གང་ཟག་དེ་ཁྱེད་ཡིན་པས་ཁྱེད་རང་གི་སྨོན་ལམ་གྱི་དབང་གིས་དང་། བྱ་རོག་མཐར་དད་པའི་སེམས་སྐྱེས་ཏེ་ཐུལ་ནས་ནང་པའི་བསྟན་པ་ལ་འཇུག་པར་འདུག་སོང་ཞིག་གསུངས་པ་ལྟར། རྫུ་འཕྲུལ་གྱིས་བྱོན་པའི་ལམ་དུ་ས་ཡི་ལྷ་མོ་བྲམ་ཟེར་བརྫུས་ནས་སྤྱན་ཡ་གཅིག་བསླངས་པ་ལྟར་བྱིན། ནཱ་ལེནྡྲའི་ཆུ་ལེན་ལ་ང་འོང་ངོ་གྱིས་བྱས་པས། དེས་འཕྲིན་བསྐྱལ་བས་ཡིད་མ་ཆེས་ཆུ་ལུག་རྨིག་གང་མེ་ལོང་གི་ནང་དུ་བླུགས་ནས་བསྐུར་བཏང་བས་དེས་ཁྲུས་བྱས་ཆུ་སྔར་བཞིན་མ་གུད་པར་བཏང་བས་ངོ་ཤེས་ཏེ་དེས་ན་ཆུ་ལེན་གྱི་ཆ་ལུགས་བྱོས་ལ་བྱོན་ཅིག་ཞུས་པ་བཞིན་ནང་དུ་བྱོན། ཆུ་ལེན་དུ་བསྐོས་པ་ཕྱི་ནང་དུ་འགྲོ་བ་རྣམས་མུ་སྟེགས་སྒོ་སྲུང་བར་ཕྱག་བྱ་དགོས་པ་ལ། སློབ་དཔོན་གྱིས་མུ་སྟེགས་དེའི་མགོ་བོ་རྡོག་པས་བརྫིས་ཀྱང་ནང་གི་ཏིང་ངེ་འཛིན་གྱི་ནུས་པས་རྒོལ་བར་མ་སྤོབས་ཏེ་དགེ་འདུན་གྱི་གྲལ་སྨད་དེར་བཞུགས་པ་དང་། གདུགས་ཚོད་གསོལ་དུས་རྟ་དབྱངས་ཀྱིས་བགྲངས་པས་ལྷག་ནས་སྔོན་མེད་པའི་མགོ་ཟླུམ་པོ་ག་ནས་འོངས་ཟེར་བའང་བྱུང་སྟེ་ཡོང་ཟེར། ཞེས་སོགས་གསལ་ལོ།།
དེ་ལྟར་མུ་སྟེགས་རྟ་དབྱངས་དང་། སློབ་དཔོན་ཨཱརྱ་དེ་བ་རྣམ་གཉིས་ནཱ་ལེནྡྲར་རྩོད་པ་མཛད་ཅིང་། དཔལ་ནཱ་ལེནྡྲར་ཁོ་ནར་ཡང་བྲམ་ཟེ་སྟོང་ལྷག་པ་རབ་ཏུ་བྱུང་ཞིང༌། མུ་སྟེགས་བྱེད་ཀྱང་དེ་སྙེད་རབ་ཏུ་བྱུང་[15]ལ། གཞན་ཡང་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་གླང་དང་། དཔལ་ཆོས་ཀྱི་གྲགས་པའི་སྐུ་དུས་སུ་དཔལ་ནཱ་ལེནྡྲར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང༌བས། དེར་བྲམ་ཟེ་སུ་དུ་ར་ཛ་ཡ་ཞེས་བྱ་བ་རང་གིས་བསྒྲུབས་པའི་ལྷ་མངོན་སུམ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཐུབ་པར་དཀའ་བ་ཞིག་ཀྱང་འདུས་ཏེ། དེར་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཤར་ཕྱོགས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་ཏེ་ཚར་བཅད་པ་[16]དང་། གཞན་ཡང་དཔལ་ནཱ་ལེནྡྲར་སཾ་ག་ར་ཨཱ་ཙརྱས་རྩོད་པ་བྱེད་དོ་ཞེས་འཕྲིན་བརྫངས་པས[17]། ཆོས་ཀྱི་གྲགས་པ་ལྷོ་ཕྱོགས་ནས་སྤྱན་དྲངས་ཏེ་རྩོད་པས་ཚར་བཅད་པ། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་དཔལ་ནཱ་ལེནྡྲར་མུ་སྟེགས་དང་རྩོད་པར་བཟོད་པའི་པཎྜི་ཏ་རྣམས་ལྕགས་རིའི་ཕྱི་རོལ་ཏུ་ཆོས་འཆད་པ་དང་། ཟླ་གྲགས་ཙནྡྲ་གོ་མཱི་ནཱ་ལེནྡྲར་ཞལ་འཛོམས་པ་[18]དང་། སློབ་དཔོན་བྷུ་སུ་སྐུས་མཛད་པར་གྲགས་པའི་བདེ་མཆོག་འཁོར་ལོའི་ཊཱིཀ་ལས[19]།
རྒྱལ་པོའི་རིགས་ལྡན་ན་ལེན་ཏྲར། །བྱམས་དང་སྙིང་རྗེའི་མེ་ཏོག་ལས། །
འཇམ་པའི་མགོན་གྱིས་གེ་སར་གཟིགས། །བྷུ་སུ་སྐུ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ཞི་བ་ལྷ་ནི་དཔལ་ནཱ་ལེནྡྲར་བཞུགས་པ་ཡོངས་གྲགས་ལྟར་ཡིན་པ་ནི། ལྷག་པའི་ལྷ་བརྙེས་ནཱ་ལནྡཱའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང༌། །རྒྱལ་པོ་མུ་སྟེགས་བཏུལ་བའོ། །[20]ཞེས་ངོ་མཚར་ཅན་གྱི་གཏམ་བདུན་དུ་གསལ་བ་སོགས་ཞིབ་ཕྲ་པཎ་གྲུབ་སོ་སོའི་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པ་ལས་ཤེས་པར་བྱའོ།།
གཞན་ཡང་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཞབས་ (1597-1659) ཀྱིས་མཛད་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[21]། དེ་ནས་ཡང་སྐབས་ཤིག་ཏུ་ཁ་ཆེའི་པཎྜི་ཏ་རྣམས་མུ་སྟེགས་རྣམས་དང་རྩོད་པ་བྱས་ནས་ཕམ་ནས། དགེ་འདུན་སྟོང་ཕྲག་ལྷག་པ་ཙམ་མུ་སྟེགས་ཀྱི་བསྟན་པ་ལ་འཇུག་དགོས་པ་བྱུང་ལ། སློབ་དཔོན་གྱིས་ཆོས་སྐྱོང་ལ་ལས་བཅོལ་བས། མུ་སྟེགས་ཀུན་ཀྱང་ནང་པའི་བསྟན་པ་ལ་བཙུད། ན་ལེནྡྲའི་མཁན་པོ་མུ་སྟེགས་ཀྱིས་འཆི་དུས་བཏབ་པ་དང་། སྒྲོལ་མའི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དགེ་འདུན་རྣམས་མུ་སྟེགས་ཀྱིས་ཕམ་པར་བྱས་ཏེ། གྲུབ་མཐའ་སྤོང་དགོས་པ་བྱུང་བ་རྣམས་ལའང་ཕན་བཏགས། མ་ཙ་ལ་སརྟི་ཀ་ཞེས་བྱ་བའི་རྒྱལ་པོ་དཔུང་འཁོར་གསུམ་འབུམ་གྱི་སྟོབས་ཡོད་པས། རང་ཉིད་ཀྱི་སྦྱིན་བདག་ཏུ་གྱུར་པའི་རྒྱལ་པོ་བཅོམ་པར་རྩོམ་པའི་ཚེ། སློབ་དཔོན་གྱིས་ཆོས་སྐྱོང་ལ་གསོལ་བ་བཏབ་ཅིང་ལས་བཅོལ་བས། མགོན་པོ་འདི་ཉིད་དངོས་སུ་བྱོན་ནས་མིང་མེད་པར་བཏུལ། ཞེས་བྱུང་ངོ་།།
དེ་བཞིན་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་སློབ་དཔོན་ཨ་བྷྱ་ཀ་རའི་རྟོགས་པ་བརྗོད་པ་ཚངས་པའི་དབྱངས་སྙན་ལས[22]། བི་ཀྲ་མ་ལར་བཞུགས་པའི་ཚེ། །ཏུ་རུ་ཥ་ཡི་དམག་ཚོགས་ཀྱི། །སེར་བས་དཔལ་ལྡན་ན་ལེནྡྲའི། །འབྲས་བུ་འཇོམས་པར་ཕྱོགས་པའི་ཚེ། །མཆོད་གཏོར་ཆེན་པོའི་ཚོགས་བཤམས་ཏེ། །ཟན་གྱི་འདབ་ལྡན་འཕྲུལ་འཁོར་ནི། །རབ་འཇིགས་ནམ་མཁའ་ལྡིང་གྱུར་ཏེ། །ཀླ་ཀློའི་ཚོགས་རྣམས་ཕ་མཐར་བསྐྲད། །རྣམ་མང་ལུང་གི་ལུས་རྒྱས་ཤིང་། །རིགས་པའི་མཆེ་སྡེར་མི་བཟད་པས། །མུ་སྟེགས་གླང་ཆེན་མྱོས་པ་ཡི། །སྙིང་ལ་འཇིགས་པ་ཅི་ཡང་བྱིན། །མདོ་དང་རྒྱུད་སྡེའི་ཤླཽ་ཀ །འབུམ་ཕྲག་བརྒྱད་ཀྱི་རིན་ཆེན་གྱིས། །ཐུགས་ཀྱི་བང་མཛོད་ཡོངས་བཀང་ནས། །མཐའ་དག་འགྲོ་ལ་མཆོག་སྩོལ་མཛད། །ཅེས་གསུངས་པ་ལས་ཀྱང་གསལ་བར་རྟོགས་ནུས་སོ།།
གཞན་ཡང་དཔལ་ནཱ་ལེནྡྲར་རྒྱ་གར་འཕགས་ཡུལ་གྱི་ཕྱི་ནང་གི་པཎ་གྲུབ་བར་རྩོད་པ་བྱུང་བ་གཅིག་པུ་མིན་པར། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། ཕྱི་རོལ་པའི་མཁས་པའི་བར་དུའང་རྩོད་པ་མཛད་པའི་ལོ་རྒྱུས་ཀྱང་ཡོད་པ་ནི། རྭ་ཡེ་ཤེས་སེངྒེས་ (དུས་རབས་12པ།) མཛད་པའི་རྗེ་བཙུན་རྭ་ལོའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ་ལས[23]། རྭ་ལོ་རྒྱ་གར་འཕགས་ཡུལ་དུ་ལན་གཉིས་པ་ཕེབས་སྐབས། རྡོ་རྗེ་གདན་དང་། ན་ལེནྡྲ་ལ་སོགས་པའི་གནས་གཞི་ཐམས་ཅད་དུ་དགེ་འདུན་ལ་བསྙེན་བཀུར་བཟང་པོ་མཛད། མུ་སྟེགས་ཀ་ལ་ནག་པོ་བྱ་བ་འཁོར་ལྔ་བརྒྱ་ཙམ་དང་ལྡན་པ་གཅིག་རྩོད་པ་བྱེད་དུ་བྱུང་བ་ལ། ཁོ་མཐུ་ཆེ་བས་ལན་འདོན་པར་མ་ནུས་ནས། རྭ་ཆེན་གྱིས་དེ་དང་བགྲོ་གླེང་མཛད་པས་བླ་མ་ལན་གསུམ་དུ་རྒྱལ། དེར་ཁོ་ནམ་མཁའ་ལ་འཕུར་ནས་བླ་མའི་སྟེང་དུ་རྡོ་ཆར་འབེབས་སུ་བྱུང་བས། བླ་མས་ས་ལ་ལིངྒ་བྲིས་ནས་དེ་ལ་ཕུར་བུས་བསྣུན་པས་དེ་མ་ཁད་ཁོ་ས་ལ་ལྷུང་ནས་ཁྲག་སྐྱུགས་ཏེ་ཤི །དེར་རལ་པ་ཅན་ལྔ་བརྒྱ་པོའང་ཕྱི་པའི་གྲུབ་མཐའ་བསྐྱུར་ནས་ནང་པའི་བསྟན་པ་ལ་ཚུད་པས་རྒྱལ་པོ་དང་། པཎྜི་ཏ་དང༌། ཁྱིམ་བདག་ཐམས་ཅད་ཀྱིས་བླ་མ་ལ་གཏང་རག་ཆེར་བྱས་ཏེ་མཚན་ཤྲཱི་ན་ཐ་མི་ཛ་ཡ་བྱ་བར་གསོལ། ཞེས་མུ་སྟེགས་ཀ་ལ་ནག་པོ་དང་རྩོད་པས་ལན་གསུམ་ཕམ་པར་མཛད་ཅིང་། མཐར་རྫུ་འཕྲུལ་གྱིས་ཀྱང་ཚད་བཅད་པར་མཛད་ཚུལ་རྣམས་ནི་དཔེ་མཚོན་ཙམ་མོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༡༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༩༢
[2] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༦༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༤༧༢
[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༤༣
[4] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༤༦བ༡ ཨིན་ཨང་ ༤༦༦
[5] ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ། དབུ་མེད་དཔེ་རིང་། ཤོག་གྲངས་ ༥བ༡
[6] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༤
[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༠
[8] ཀུ་མཱར་ཇི་བས་མཛད་པའི་ཐོགས་མེད་རྣམ་ཐར་ནང་ཐོགས་མེད་སྐུ་གཤེགས་ཚུལ་མི་གསལ་ཡང་། སྐུ་ན་ཧ་ཅང་བགྲེས་ཚུལ་གསུངས་སྟབས་ཀུ་མཱར་ཇི་བ་ཁོང་ཕྱི་ལོ་ ༣༨༢ ལོར་འཕགས་ཡུལ་ནས་ཐོན་སྟབས་དེ་སྐབས་སྐུ་ན་བགྲེས་པོ་ཡིན་ན། ནཱལཱནྡཱ་ཕྱི་ལོའི་དུས་རབས་ལྔ་པའི་དུས་དཀྱིལ་ཡས་མས་སུ་བྱུང་བ་ཞིག་ཡིན་པས་ཐོགས་མེད་དང་ནཱལཱནྡཱའི་བར་འབྲེལ་བ་མི་འདུག།
[9] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༧༠
[10] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༣ན༤
[11] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༦
[12] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༠༩
[13] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༣༤བ༣
[14] གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ། པོད། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་ ༦༥༣
[15] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༦
[16] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༦༦
[17] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༡༩
[18] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༩༤
[19] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༥༣
[20] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༠༥
[21] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼༢༥༽ དཔེ་རིང་། ཤོག་གྲངས་ ༡༣༦ན༣
[22] པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་གསུང་འབུམ། ༼ཀ༽ བཀྲས་ལྷུན་དཔེ་མཛོད། ༢༠༡༣ ལོ། ཤོག་གྲངས་ ༤༤༡
[23] རྗེ་བཙུན་རྭ་ལོའི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༢༠༨
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༦༣ ནས་ ༧༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།