ང༽ གསུང་བཟང་གི་མ་དཔེ་མ་རྙེད་པའི་རིགས།
དེ་ཡང་དང་པོ། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[1]། བཟང་སྤྱོད་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཤུ་ལོ་ཀ་ལྔ་བརྒྱ། ཞེས་གསལ་ཡང་། སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ། ༡༽ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཆེན་པོའི་བཤད་སྦྱར་དང་། ༢༽ སློབ་དཔོན་ཤཱཀྱའི་བཤེས་གཉེན་གྱིས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ།
༣༽ སློབ་དཔོན་རྒྱན་བཟང་པོས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། ༤༽ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ། ༥༽ ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། ༦༽ བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས་ནས་བརྗེད་བྱང་དུ་བྱས་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་ཕྱོགས་ཀྱི་གླང་པོས་འགྲེལ་པ་མཛད་པ་དང༌། ཤཱཀྱ་བཤེས་གཉེན་དང༌། སངས་རྒྱས་གྲགས་པ་དང༌། རྒྱན་བཟང་པོས་ཊཱི་ཀ་མཛད་པ་དང༌། རྣམ་པ་བཞིའི་དོན་དང་འཕྲལ་དུ་མཁན་པོ་དག་ལས་ཐོས་པ་དང་། མདོ་སྡེ་ནས་འབྱུང་བ་དང་ཡང་སྦྱར་ཏེ་བཤད་པ་ལོ་ཙཱ་བ་ཡེ་ཤེས་སྡེས་བརྡ་ཕྲད་སླ་བར་བརྗེད་བྱང་དུ་བྱས་པ། ཞེས་གསལ་བ་རྣམས་ལས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བཟང་སྤྱོད་ཀྱི་འགྲེལ་པ་མ་རྙེད་པས། ཞིབ་རྩད་ཀྱིས་རྙེད་སོན་བྱུང་མཚམས་བཞུགས་སུ་གསོལ་དགོས་སོ།།
གཉིས་པ། ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[2]། གྲོང་ཁྱེར་དེའི་ལྷོ་ཕྱོགས་སུ་རྒྱང་གྲགས་བཞི་ལྔའི་སར་གཙུག་ལག་ཁང་ཆུང་ངུ་ཞིག་ཡོད་པར་དགེ་འདུན་ལྔ་བཅུ་ལྷག་ཙམ་གནས། འདི་ནི་སྔོན་སློབ་དཔོན་གུ་ཎ་པྲ་བྷ་སྟེ་ཡོན་ཏན་འོད་ཅེས་པས་ཡང་དག་པའི་རྣམ་དབྱེ་ཟེར་བའི་བསྟན་བཅོས་བརྒྱ་ལྷག་མཛད་པའི་གནས་ཡིན། སློབ་དཔོན་དེ་ནི་ཆུང་ངུ་ནས་རིག་པ་གསལ་ཞིང་དབང་པོ་རྣོ་བ་ཞིག་སྟེ། སྐུ་ན་སྨིན་པ་དང་སློབ་སྦྱོང་ལ་རྩལ་ཐོན་པ་ཡིན་ཡང་། རྣམ་དཔྱོད་ཚད་དུ་མ་འཁྱོལ་བས་ལྷག་མཐོང་གི་སྐོར་ལ་ཐེ་ཚོམ་ཟོས་ཏེ་སླར་ཐེག་དམན་དུ་ལོག་པ། དེས་ཐེག་ཆེན་སུན་འབྱིན་པའི་བསྟན་བཅོས་བཅུ་ཕྲག་དུ་མ་དང་། འཇིག་རྟེན་པའི་ལུགས་སུན་འབྱིན་པའི་བསྟན་བཅོས་གླེགས་བམ་བཅུ་ཕྲག་དུ་མ་མཛད། ཅེས་བྱུང་བའི་ཡང་དག་པའི་རྣམ་དབྱེ་སོགས་ཀྱི་བསྟན་བཅོས་འདི་དག་ཀྱང་རྙེད་སོན་མ་བྱུང་ངོ་།།
མདོར་ན། སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༧ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༢ བཅས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་གྲངས་ ༩ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་བསྟན་བཅོས་གྲངས་ ༧ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༣༧
[2] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡ ནས་ ༢༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།