ཅ༽ ཉེར་སྦས་དང་ལེགས་མཐོང་གི་སློབ་མ་ཡིན་མིན།

ཅ༽ ཉེར་སྦས་དང་ལེགས་མཐོང་གི་སློབ་མ་ཡིན་མིན།

 

སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་གྱི་བརྩམ་པར་དམ་བཅའ་ལས[1]།

འཕགས་པ་ཡོན་ཏན་འོད་དང་ཉེར་སྦས་དང༌། །

ཟླ་སྩོགས་རྣམ་བཤད་མཛད་ལ་དད་པ་ཡིས། །

ཕྱག་འཚལ་དགེ་ཚུལ་ཚིག་ལེའུར་བྱས་པའི་དོན། །

ཚིག་དོན་ལྡན་པ་སྤེལ་བས་ཇི་བཞིན་བཤད། །

ཅེས་གསལ་བ་ལྟར་འཕགས་པ་ཉེར་སྦས་སློབ་དཔོན་ཤཱཀྱ་འོད་ཀྱི་བླ་མར་འདོད་མཁན་ཡང་ཡོད་འདུག་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[2]། སློབ་དཔོན་དེ་ཁ་ཅིག་ཉེར་སྦས་ཀྱི་སློབ་མར་འདོད། ཁ་ཅིག་ལེགས་མཐོང་གི་སློབ་མར་འདོད་དེ། དུས་མི་གཅིག་པས་ནོར་བར་རིག་པར་བྱའོ། །སྟོད་འདུལ་བ་དག་ལེགས་མཐོང་གིས་ཕྱིར་མི་འོང་ལ། དེས་བློས་མི་འབེབས་ལ། དེས་ཡོན་ཏན་འོད་ལ་བཤད་ཟེར་ཏེ། བརྟག་དགོས་སོ། །ཡོན་ཏན་འོད་ཀྱིས་ལོ་བཞི་བརྒྱ་ཐུབ་ཟེར་རོ། །ཞེས་གསུངས་པ་ལྟར་ཡོངས་གྲགས་སུ་ངོས་འཛིན་པའི་སློབ་དཔོན་ཡོན་ཏན་འོད་ཀྱི་དངོས་སློབ་ཏུའང་དུས་འགྲིག་དཀའ་ན། ཉེར་སྦས་དང་ལེགས་མཐོང་རྣམ་གཉིས་ཀྱི་དངོས་སློབ་དེ་བས་ཡིན་དཀའ་བའི་ཚུལ་ནི། ལུང་ལས[3]།

ལེགས་པར་གསུང་མཛད་ཐུབ་པའི་དབང་པོ་དང་། །

འོད་སྲུང་ཀུན་དགའ་ཤ་ནའི་གོས་ཅན་དང་། །

ཉེས་སྦས་དྷི་དྷི་ཀ་དང་ནག་པོ་དང་། །

ལེགས་མཐོང་ཆེན་པོ་བསྟན་པའི་གཏད་རབས་བདུན། །

ཞེས་གསུངས་པ་ལྟར། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་ལས་[4]ཀྱང་།

འོད་སྲུངས་ཀུན་དགའ་ཤ་ནའི་གོས་ཅན་དང་། །

ཉེར་སྦས་དྷཱི་ཏི་ཀ་དང་ནག་པོ་དང་། །

ལེགས་མཐོང་ཆེན་པོ་སྟོན་པའི་གཏད་རབས་བདུན། །

འདུལ་བ་ཕྲན་ཚེགས་ནང་ནས་འབྱུང་བ་ཡིན། །

ཞེས་གསུངས་པའི་སྟོན་པའི་གཏད་རབས་བདུན་གྱི་ཡ་གྱལ་བཞི་པ་འཕགས་པ་ཉེར་སྦས་དང་། བདུན་པ་འཕགས་པ་ལེགས་མཐོང་གཉིས་ཀྱི་སློབ་མར་དེ་བས་ཀྱང་དུས་འགྲིག་ཐབས་བྲལ་བ་སྨོས་མེད་ཡིན་ཏེ། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ (1617-1682) གསན་ཡིག་གངྒཱའི་ཆུ་རྒྱུན་ལས་[5]ཀྱང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཉེ་བར་འཁོར། འོད་སྲུངས། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ །ནག་པོ་པ། ལེགས་མཐོང་། ཕྱིར་འོང་། བློས་མི་འབེབས། སློབ་དཔོན་ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གེའི་གདོང་ཅན། ཁ་ཆེ་ཛི་ན་མི་ཏྲ། དྭ་ན་ཤཱི་ལ། གཡོ་དགེ་འབྱུང་། བླ་ཆེན་མུ་ཐུར་བ་དགོངས་པ་རབ་གསལ། ཞེས་སོགས་གསུངས་པ་ལྟར་འཕགས་པ་ཉེར་སྦས་ནས་ཤཱཀྱ་འོད་ཀྱི་བར་དུ་སློབ་དཔོན་གཞན་བདུན་དང་། ལེགས་མཐོང་ནས་ཤཱཀྱ་འོད་ཀྱི་བར་སློབ་དཔོན་བཞི། སློབ་དཔོན་ཡོན་ཏན་དང་ཤཱཀྱ་འོད་ཀྱི་བར་དུ་ཆོས་ཀྱི་བཤེས་གཉེན་གྱིས་བར་དུ་ཆོད་པ་བཅས་ལས་སློབ་དཔོན་ཤཱཀྱ་འོད་འཕགས་པ་ཉེར་སྦས་དང་། འཕགས་པ་ལེགས་མཐོང་། སློབ་དཔོན་ཡོན་ཏན་བཅས་ཀྱི་དངོས་སློབ་ཡིན་ཚུལ་ཤིན་ཏུ་དཀའ་འོ།།

འཕགས་པ་ལེགས་མཐོང་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ཙམ་ན་ནུབ་ཕྱོགས་བྷ་རུ་ཀཙྪ་ན་སྐྱ་སེང་གི་རིགས་ལས་བྱུང་བ་མཐོང་ཅན་གྱི་སྲས་སུ་འཁྲུངས། ཁོང་ཆུང་དུས་འབྱོར་པ་ཆེན་པོ་དང་ལྡན་ཞིང་། དེའི་སྲིད་འབྱོར་ཐམས་ཅད་མཆིལ་མའི་ཐལ་བ་ལྟར་བོར་ནས་དགྲ་བཅོམ་སུ་ཡ་ཀ་ལས་རབ་ཏུ་བྱུང་ནས་ཟག་གྲོལ་གྱི་དགྲ་བཅོམ་པར་གྱུར་པས། སྟོན་པའི་གཏད་རབས་བདུན་པ་འཕགས་པ་ལེགས་མཐོང་གི་སྐུ་དུས་སུ་གཏད་རབས་སྔ་མ་རྣམས་ཕལ་མོ་ཆེ་འདས་ཟིན་པས་སློབ་དཔོན་ཤཱཀྱ་འོད་ནི་འཕགས་པ་ཉེར་སྦས་ལྟ་ཅི། ལེགས་མཐོང་གི་ཡང་ཞབས་ཟིན་མ་ཡིན་ཏེ། གཏད་རབས་བདུན་འདས་མ་ཐག་ནས་ཀླུ་སྒྲུབ་སོགས་བྱུང་བར་བྱེད་པས། འཕགས་པ་ལེགས་མཐོང་ནི་སྟོན་པ་འདས་ནས་ལོ་ ༢༠༠ ཙམ་དུ་བྱོན་པ་ཞིག་ཡིན་པས། དེས་ན་ཕྱི་ལོའི་སྔོན་གྱི་ལོ་ ༣༤༣ ཙམ་ལ་བྱོན་པས་དུས་འགྲིག་ཐབས་མ་མཆིས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༢༠༠

[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༦

[3] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༤༧

[4] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༨༧

[5] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༡ ནས་ ༣༥༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *