ང༽ ཟླ་བ་གྲགས་པའི་གསུང་བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།

ང༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།

 

དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་གསུང་རྣམས་སྒྱུར་བྱེད་རྒྱ་གར་གྱི་མཁན་པོ་དང་པཎྜི་ཏ་རྣམས་ནི། དང་པོ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ནཱ་ཀ་ར་བ། རྒྱ་གར་གྱི་པཎྜི་ཏ་ནག་པོ། པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་རཀྵི་ཏ། རྒྱ་གར་གྱི་མཁན་པོ་རྟོག་གེ་བ་ཆེན་པོ་མ་ཧཱ་སུ་མ་ཏི།

རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ །རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཤཱི་ལེནྡྲ་བོ་དྷི། རྒྱ་གར་གྱི་མཁན་པོ་སཱུཀྵྨ་ཛཱ་ན་ཞེས་བྱ་བ་གདུང་རབས་གྲངས་མེད་པར་པཎྜི་ཏ་བརྒྱུད་པའི་རིགས་སུ་སྐུ་འཁྲུངས་པ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་བྲམ་ཟེ་ཆེན་པོ་སད་ཛཱ་ནའི་སྲས་གཅིག་ཏུ་བདེ་བར་བཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པ་བདག་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཞལ་སྔ་ནས་དང༌། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར་བཅས་རྒྱ་གར་གྱི་མཁན་པོ་དང་། པཎྜི་ཏ་ཞལ་གྲངས་ ༡༥ དང་།

གཉིས་པ། ཁ་ཆེའི་མཁན་པོ་ཀ་ཎ་ཀ་ཝརྨ་དང་། གསུམ་པ། བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ནི། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོ་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི། ཞ་མ་ལོ་ཙཱ་བ། ལོ་ཙཱ་བ་བནྡེ་པ་ཚབ་ཉི་མ་གྲགས། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། ལོ་ཙཱ་བ་འགོས་ཁུག་པ་ལྷ་བཙས། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། སྣུར་ལོ་ཙཱ་བ་དྷརྨ་གྲགས། དབས་ལོ་ཙཱ་བ་མཉྫུ་ཤྲཱི། ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན། ལོ་ཙཱ་བ་བསོད་ནམས་རྣམ་རྒྱལ་བཅས་རྒྱ་གར་གྱི་མཁན་པོ་དང་པཎྜི་ཏ་ཞལ་གྲངས་ ༡༥ དང་། ཁ་ཆེའི་མཁན་པོ་ ༡ བོད་གངས་ཅན་ལྗོངས་ཀྱི་འཇིག་རྟེན་མིག་འབྱེད་ཞལ་གྲངས་ ༡༢ བཅས་ཁྱོན་རྒྱལ་ཁབ་གསུམ་གྱི་ལོ་པཎ་མཁན་གསུམ་ཞལ་གྲངས་ ༢༨ གྱིས་དཔལ་ལྡན་ཟླ་བ་གྲགས་པའི་གསུང་རྣམས་ལེགས་སྦྱར་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་བ་དང་། དེའི་ནང་ནས་སྒྲོན་གསལ་དང་། སྦྱོར་དྲུག་གི་འགྲེལ་པ་གཉིས་ཕྱི་ལོའི་དུས་རབས་བཅུ་པའི་མཇུག་ཏུ་དང་། དུས་རབས་བཅུ་གཅིག་པའི་ནང་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་བོད་སྐད་དུ་བསྒྱུར་བ་ཡིན་ལ། བསྟན་བཅོས་དེ་དག་ལས་འགྱུར་བྱང་མི་གསལ་བའི་གསུང་ཆོས་ཚན་ ༡ སྣང་བས་ལོ་པཎ་མཁན་གསུམ་གྱི་མཚན་འགོད་ཐབས་བྲལ།

གོང་གསལ་སློབ་དཔོན་འདིའི་གསུང་རྣམས་ལས་ཡོངས་གྲགས་ལྟར། སྒྲ་སྒྱུར་ལན་གཅིག་གནང་བའི་ཆོས་ཚན་གྲངས་ ༩ དང་། བསྒྱུར་སྔ་ཕྱི་གཉིས་གནང་བའི་གསུང་ཆོས་ཚན་ ༥ བསྒྱུར་སྔ་ཕྱི་བར་གསུམ་ཐེངས་གསུམ་གནང་བའི་གསུང་ཆོས་ཚན་ ༡ བཅས་སློབ་དཔོན་འདིའི་གསུང་རྣམས་ལ་བསྐྱར་བསྒྱུར་དང་། ཡང་བསྐྱར་བསྒྱུར་བཅོས་མཛད་པ་མང་མོད། འགྱུར་བྱང་མི་གསལ་བ་མ་མཆིས་ལ། སློབ་དཔོན་འདིའི་གསུང་བཟང་ཡོངས་རྫོགས་ལེགས་སྦྱར་སྐད་ནས་བོད་སྒྱུར་གནང་བ་ཤ་སྟག་ཡིན་པར་མ་ཟད། གསུང་ཆ་ཚང་ལ་ལེགས་སྦྱར་གྱི་མཚན་ཡང་བཞུགས་པ་བཅས་སོ།།

གཞན་ཡང་རྒྱ་གར་གྱི་མཁན་པོ་ཟླ་བ་གྲགས་པའི་འགྱུར་ལ། བསྟན་འགྱུར་ལས། རྒྱུད་ ༼པ༽ པོད་དུ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་གི་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་དང་། དབུ་མ་ ༼ཙ༽ པོད་དུ། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ (281-282) དེ་ལ་སོགས་པ་ཆོས་ཚན་ ༢ བཞུགས་ཡོད།[1] དེ་བཞིན་སྡེ་བསྟན་དཀར་ཆག་ལས[2]། རྒྱུད་ ༼ག༽ པོད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ། སློབ་དཔོན་ནག་པོ་ (ནག་པོ་པ་ཆུང་བ།) པས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་ཟླ་བ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པ། ཞེས་གསལ་བ་འདི་དག་པཎ་གྲུབ་བཅུ་བདུན་གྱི་ནང་ཚན་དཔལ་ལྡན་གྲགས་པ་ཡིན་མིན་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་། འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༣༢༡

[2] སྡེ་དགེའི་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༢༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧ ནས་ ༣༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *