ཁ༽ བུདྡྷཿཔཱ་ལི་ཏའི་མཚན་དོན།
དེ་ཡང་སངས་རྒྱས་ཀྱི་སྐད་དོད་བུདྡྷའི་སྒྲ་བཤད་ནི། གཉིད་སངས་པའམ། རྟོགས་པ་དང་། ཁོང་དུ་ཆུད་པ་ལའང་འཇུག་པས། དེ་ཁོ་ན་ཉིད་རྟོགས་པས་ན་སངས་རྒྱས་ཞེས་ཐ་སྙད་བཏགས་པར་གསུངས[1]། དེ་ལྟར་ལེགས་སྦྱར་གྱི་བུདྡྷཿ ཞེས་པ་སངས་རྒྱས་ཏེ། མ་རིག་པའི་མུན་པ་སངས་ཤིང་། ཤེས་བྱ་མཐའ་དག་ལ་བློ་གྲོས་རྒྱས་པའི་གང་ཟག་གམ། ཡང་ན་མ་རིག་པའི་གཉིད་རྒྱུན་ཆད་པས་སངས་པ་སྟེ་གཉིད་སད་པ་བཞིན།
ཡང་དག་པའི་ཡེ་ཤེས་ཀྱིས་མི་ཤེས་པའི་མུན་པ་བཅོམ་ཞིང་། ཤེས་བྱ་མཐའ་དག་ལ་བློ་གྲོས་པདྨའི་འདབ་མ་ལྟར་རྒྱས་པས་ན་སངས་རྒྱས་ཞེས་བྱ་སྟེ། སློབ་དཔོན་ཟླ་བ་གྲགས་པས་ (600-650) མཛད་པའི་གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ་ལས[2]།
དུས་གསུམ་ལམ་ལས་ངེས་གྲོལ་ཞིང་། །ཤེས་བྱ་ལ་ནི་བློ་རྣམས་རྒྱས། །
རྨོངས་པའི་ཟུམ་པ་བཅོམ་པས་ན། །སངས་རྒྱས་པད་མ་ལྟར་རྣམ་རྒྱས། །
ཐོག་མཐའ་མེད་པའི་སྲིད་པ་རུ། །མ་རིག་གཉིད་ཀྱིས་ལོག་པ་ཡི། །
འགྲོ་ལ་གང་གང་སྣང་དེ་དེ། །བརྫུན་ཏེ་རྨི་ལམ་ལྟ་བུར་འདོད། །
མ་རིག་གཉིད་ནི་རྒྱུན་ཆད་ཅིང་། །ཡང་དག་ཡེ་ཤེས་ངེས་འབྱུང་བས། །
གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །
ཞེས་གསུངས་པ་ལྟར་མ་རིག་རྨོངས་པའི་གཉིད་ལས་སངས་ཤིང་། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་མཐའ་དག་ལ་བློ་གྲོས་པདྨའི་འདབ་མ་ལྟར་རྣམ་པར་རྒྱས་པས་ན་སངས་རྒྱས་ཞེས་བྱའོ།།
དེ་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གསུང་རབ་གསལ་བའི་རྒྱན་ལས[3]། བུདྡྷའི་སྒྲ་ལས་བུདྡྷ་པུ་རུ་ཥ་ནི་དྲ་པྲ་བུདྡྷ་བཏ། ཅེས་སངས་རྒྱས་མ་རིག་པའི་གཉིད་ལས་སངས་པའི་ཕྱིར་སྐྱེས་བུ་གཉིད་སངས་པ་བཞིན། ཞེས་པར་འགྱུར་བར་སྤངས་པ་ཕུན་སུམ་ཚོགས་པ་ཡང་ཡིན་ལ། དེ་ཉིད་ཤེས་བྱ་ཇི་ལྟ་བ་མཁྱེན་པ་ཡང་ཡིན་ནོ། །ཞེས་གསུངས་པ་ལྟར་སྒྲ་སྦྱོར་བམ་པོ་གཉིས་པ་ལས་[4]ཀྱང་། བུདྡྷཿ ཞེས་བྱ་བའི་སྒྲ་ལས་གྲངས་ན་གཅིག་ཏུ་ན། གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཏེ། སངས་ལ་སྙེགས། ཡང་རྣམ་པ་གཅིག་ཏུ་ན། བློ་བྱེ་ཞིང་རྒྱས་པས་ན། པདྨ་ཁ་ཕྱེ་ཞིང་རྒྱས་པ་དང་འདྲ་བར་ཡང་བཤད་དེ་སངས་རྒྱས་ཞེས་བྱ། ཚིག་གི་དོན་སྤྱིར་ན་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པར་བྱང་ཆུབ་པ་ལ་བྱ། ཞེས་གསུངས་པ་ལྟར་བུདྡྷའི་སྒྲ་གཉིད་སད་པ་དང་། པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་པ་སྔོན་གྱི་ལོ་ཙཱ་བས་སྒྲ་སྦྱོར་བམ་གཉིས་སུ་གསུངས་པ་ལྟར། སངས་རྒྱས་ལ་དེ་གཉིས་ཀའི་སྒྲ་དོན་བཤད་རྒྱུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཞེས་བསྡོམས་ནས་བསྒྱུར་རོ། །དེའི་ཕྱིར་གང་དག[5]
མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །
སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ[6]། །
ཞེས་འདྲེན་པ་ནི་ཚིག་མ་དག་ཅིང་རྐང་པ་གསུམ་པའི་དོན་ལ་ཡང་སྐྱོན་ཞུགས་སོ། །ཞེས་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་གྱི་ཕྲེང་བ་ལས་[7]གསུངས་སོ།།
གཞན་ཡང་སྒྲ་དོན་འདི་ལྟར་ཏེ། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས་[8]ཀྱང་། སྒྲ་དོན་ནི། སྤངས་པ་ཕུན་ཚོགས་ཀྱི་ཕྱིར་སངས་པ་དང་། རྟོགས་པ་ཕུན་ཚོགས་ཀྱི་ཕྱིར་རྒྱས་པ་ཡིན་ལ། བུདྡྷའི་སྒྲ་ཡང་ན་སངས་པ་དང་ཡང་ན་རྒྱས་པ་ལ་འཇུག་ཀྱང་། བོད་དུ་ཐོག་མའི་ལོ་པཎ་རྣམས་ཀྱིས་མུན་པ་སངས་པའམ་པདྨ་ཁ་རྒྱས་པ་ལྟ་བུ་ལ་བུདྡྷའི་སྒྲ་འདི་བྱུང་ཚེ་དེ་སྐབས་ཐོབ་དེ་ཉིད་དུ་སངས་པའམ་རྒྱས་པ་ཞེས་སོ་སོར་བསྒྱུར་ལ། སངས་རྒྱས་ལ་སྒྲ་འདི་བྱུང་ཚེ་དེ་རྣམས་སུ་མི་འཁྲུལ་བའི་ཕྱིར་གཉི་གར་དུ་ཅིག་ཅར་བསྒྱུར་ནས་སངས་རྒྱས་ཞེས་བརྗོད་དགོས་པར་སྒྲ་སྦྱོར་བམ་གཉིས་མ་སོགས་ལས་བཤད་པ་སྟེ་འདི་ལྟ་བུའི་དོན་ཅན་ཆེས་མང་ངོ་། །ཞེས་དང་། ཡང་དེ་ཉིད་ལས[9]། དེ་བཞིན་དུ་བུདྡྷའི་སྒྲ་སངས་པའམ་རྒྱས་པ་རེ་རེ་བ་ཡིན་ཡང་། བོད་སྐད་ལ་མ་རིག་པ་སངས་ཤིང་ཡེ་ཤེས་རྒྱས་པ་ཞེས་འབྲུ་གཉེར་བ་ལ་སྐྱོན་མེད་དེ་འཕགས་ཡུལ་ཉིད་དུའང་།
མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན། །
ཞེས་འབྲུ་གཉེར་ན་བོད་སྐད་ལ་སྒྲ་གཉིས་ལྡན་དུ་བརྗོད་པའི་ཚེ་ལྟ་ཅི་སྨོས། དེ་བཞིན་དུ་བྱང་ཆུབ་དང་སྤངས་རྟོགས་སོགས་ཀྱང་སྒྲ་དོན་འདི་ལྟ་བུ་ཡིན་ནོ། །ཞེས་གསུངས་པ་ལྟར། སྔོན་བྱོན་རྒྱའི་ལོ་ཙཱ་བ་རྣམས་ཀྱིས། བུདྡྷཿདང་། དྷརྨ། སངྒ་སོགས་བརྗོད་དོན་ཕལ་མོ་ཆེ་སྒྲ་བསྒྱུར་གཙོ་བོར་མཛད་ཡོད་ཀྱང་། བོད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱིས་དེ་ལྟར་མ་མཛད་པར་ཐོག་མ་ནས་བུདྡྷཿལ་སངས་རྒྱས་དང་། དྷརྨ་ལ་ཆོས། སངྒ་ལ་དགེ་འདུན་སོགས་དོན་བསྒྱུར་གཙོར་བཟུང་མཛད་དེ་བོད་མི་རང་ཉིད་ཀྱི་སྐད་ཡིག་གི་ཐོག་ནས་ནང་དོན་གོ་རྒྱུ་ཡོད་པ་ཞིག་བསྒྱུར་བ་འདི་ཁོ་ནའི་བཀའ་དྲིན་བསམ་བརྗོད་ལས་འདས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་ཐ་སྙད་འབྱུང་ཁུངས་ཚིག་མཛོད། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༤ ལོ། ཤོག་གྲངས་ ༢༢༤
[2] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ པ། ཤོག་གྲངས་ ༦༨༥
[3] ས་སྐྱ་བཀའ་འབུམ། ཆོས་འཕགས་གཉིས་པ། ༼ཕ༽ དཔེ་རིང་། ཤོག་གྲངས་ ༣༦བ༣
[4] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༤
[5] བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ། ༼ཚ༽ དཔེ་རིང་། ཁམས་བྲིས། ཤོག་གྲངས་ ༧ན༥
[6] ཀུན་མཁྱེན་གོ་རམས་པའི་ལྟ་བ་ངན་སེལ། མི་རིགས་དཔེ་སྐྲུན་ཁང་། དཔལ་ལྡན་ས་སྐྱའི་གསུང་རབ། པོད་དྲུག་པ། ༢༠༠༣ ལོ། དབུ་མ། ཤོག་ ༣༠༩ ལས། དེ་ཕྱིར་སངས་རྒྱས་ཞེས་བྱའོ། །ཞེས་བྱུང་།
[7] ལེགས་བཤད་གསེར་གྱི་ཕྲེང་བ། བློ་གླིང་དཔེ་མཛོད། ༡༩༩༧ ལོ། ཤོག་གྲངས་ ༡༣
[8] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། ༼༡༽ ལམ་རིམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༡༠༠༤
[9] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། ༼༡༽ ལམ་རིམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༡༠༠༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༥ ནས་ ༡༧༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།