ང༽ བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།
སློབ་དཔོན་འདི་ཉིད་ཀྱི་གསུང་རྣམས་རྒྱ་དཀར་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་གནང་མཁན་ལས། རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ནི། དང་པོ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ། རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ། པཎྜི་ཏ་ཆེན་པོ་རྣལ་འབྱོར་ཟླ་བ། རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ།
(རྒྱ་གར་གྱི་མཁན་པོ་སུ་དྷ་ན་རཀྵི་ཏ་དང༌། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་རཀྵི་ཏ། ཞེས་བསྟན་འགྱུར་དུ་དག་སྡེ་མི་འདྲ་བ་གཉིས་གསལ་འདུག་པས་མཁན་པོ་གཅིག་དང་ཐ་དད་གང་ཡིན་དཔྱད་དགོས་པར་སྣང་།) རྒྱ་གར་གྱི་མཁན་པོ་པཎྜི་ཏ་གསེར་གྱི་ཆོ་ག །པཎྜི་ཏ་ཆེན་པོཤཱནྟཱ་ཀ་ར་གུཔྟ། པཎྜི་ཏ་ཐམས་ཅད་མཁྱེན་པས་བསྲུང་བ། པཎྜི་ཏ་མི་ཕམ་མགོན་པོ། ཟ་ཧོར་གྱི་མཁས་པ་བོ་དྷི་ས་ཏྭ་བཅས་ཞལ་གྲངས་ ༡༡ དང་། གཉིས་པ། ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ །གསུམ་པ། རྒྱ་ནག་གི་ལོ་པཎ་ལ་མཚོན་ན། རྒྱའི་དགེ་བཤེས་སིང་གྱང་ཇུས་དང་། ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གཉིས་བཅས་སོ།།
བཞི་པ། བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བསོད་ནམས་བཟང་པོ་དང་། ལོ་ཙཱ་བ་བནྡེ་རིན་ཆེན་མཆོག །ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏ། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ། ལོ་ཙཱ་བ་འཇམ་དཔལ་གཞོན་ནུ། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ། ལོ་ཙཱ་བ་དད་པ་ཤེས་རབ། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན། ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན། དགེ་སློང་དྷརྨ་ཨཱ་ལོ་ཀ་བཅས་ཞལ་གྲངས་ ༡༢ བཅས་མདོར་ན་རྒྱ་གར་མཁན་པོ་དང་པཎྜི་ཏ་ ༡༡ དང་། ཁ་ཆེའི་པཎྜི་ཏ་ ༡ རྒྱའི་དགེ་སློང་དང་ལོ་ཙཱ་བ་ ༢ བོད་ཀྱི་ལོ་ཙཱ་བ་ ༡༢ བཅས་ལོ་པཎ་ཞལ་གྲངས་ ༢༦ ཡིས་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པ་དང་། ཆོས་ཚན་དེ་དག་ལས་རྒྱ་གར་སྐད་གསལ་བའི་ཆོས་ཚན་གྲངས་ ༡༥ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་ ༣ རྒྱའི་སྐད་དུ་གསལ་བའི་ཆོས་ཚན་གྲངས་ ༡ ཡོད་ཅིང་། ཡང་འགྱུར་བྱང་གསལ་བའི་ཆོས་ཚན་གྲངས་ ༡༨ དང་། འགྱུར་བྱང་མ་འཁོད་པའི་གསུང་ཆོས་ཚན་ ༡ ཡོད་ལ། གོང་གསལ་ཀུན་བཏུས་རྩ་འགྲེལ་འགྱུར་མི་འདྲ་བ་གཉིས་རེ་ཡོད་པ་ལྟར་ཆོས་ཚན་རེར་བརྩིས་པར་གསུང་བཟང་ཆོས་ཚན་ ༢༡ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་ཡིག་ཡོད་པའི་ཆོས་ཚན་ ༥ དང་། ལེགས་སྦྱར་གྱི་མ་དཔེའི་ཆ་ཤས་ཙམ་བཞུགས་པའི་ཆོས་ཚན་ ༤ བསྐྱར་གསོའི་ངོ་བོར་བཞུགས་པའི་ཆོས་ཚན་ ༡ ལེགས་སྦྱར་གྱི་མ་དཔེ་རྩ་བརླག་ཏུ་སོང་བའི་ཆོས་ཚན་ ༩ བཅས་དང་། ཅོ་ནེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༣ དང་། པེ་ཅིན་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ སྣར་ཐང་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༡ སྡེ་དགེ་བསྟན་འགྱུར་དུ་མི་གསལ་བའི་ཆོས་ཚན་གྲངས་ ༤ ཡོད་པ་བཅས་སོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༩ ནས་ ༣༨༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།