ང༽ ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞིའི་དཀར་ཆག

ང༽ ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞིའི་དཀར་ཆག

 

དང་པོ། ཇོ་བོས་རྒྱལ་སྲིད་སྤངས་ནས་ཐར་པ་ཇི་ལྟར་མཛད་པ་དང་། གཉིས་པ། ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར། གསུམ་པ། ཇོ་བོ་རིན་པོ་ཆེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས། བཞི་པ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས། ལྔ་པ། དགེ་བཤེས་སྟོན་པས་མཛད་པའི་གླེགས་བམ་གྱི་བཀའ་རྒྱ། དྲུག་པ། ཞུས་ལན་ནོར་བུའི་ཕྲེང་བ་ལྷ་ཆོས་བདུན་ལྡན་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར།

བདུན་པ། ཉམས་ལེན་སྙིང་གི་ཐིག་ལེའི་གསལ་བྱེད་ཟུང་འཇུག་ཉི་ཟླའི་ཐིག་ལེ། བརྒྱད་པ། འབྲོམ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་མཛད་པའི་རང་རྒྱུད་ལ་བསྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་དང་སྦྱར་བ། དགུ་པ། ཐུགས་དམ་ཇོ་བོ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏེར། བཅུ་པ། ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་པ་ཆོས་རིན་པོ་ཆེའི་གཏེར་མཛོད་དང་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྩ་འགྲེལ། བཅུ་གཅིག །ཕ་ཆོས་ཉི་ཤུ་རྩ་དྲུག་ལས་ཞུས་ལན་གྱི་དངོས་གཞིའི་ནོར་བུའི་ཕྲེང་བ་ལེའུ་ཉི་ཤུ་རྩ་གསུམ་སྟེ། དེ་ཡང་།

ཀ༡ ཞུ་ལན་ནོར་ཕྲེང་ལས་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བའི་ལེའུ།

ཁ༢ དེ་ལས་ལྷ་བཞི་ལ་ཇི་ལྟར་གདམས་པའི་ལེའུ།

ག༣ བཀའ་སྡེ་སྣོད་གསུམ་ལ་འདམ་ཁ་ཇི་ལྟར་བཏང་བའི་ལེའུ།

ང༤ སྦྱོར་བ་ཇི་ལྟར་འབད་པར་བྱ་བའི་ལེའུ།

ཅ༥ དབང་པོའི་སྒོ་བསྡམས་ཏེ་སེམས་ཇི་ལྟར་འཛིན་པའི་ལེའུ།

ཆ༦ ལེ་ལན་ཐམས་ཅད་གཅིག་ལ་ཇི་ལྟར་གདའ་བའི་ལེའུ།

ཇ༧ སྤང་བྱ་ཇི་ལྟར་སྤངས་ནས་དགེ་བ་ལ་འཇུག་པའི་ལེའུ།

ཉ༨ འཕགས་པའི་ནོར་དང་འཁར་གསིལ་གྱི་ལེའུ།

ཏ༩ ཞུ་ལན་ནོར་ཕྲེང་ལས་རྣམ་པར་དག་པའི་གླུའི་ལེའུ།

ཐ༡༠ བཀུར་བསྐྱངས་དང་མཐོང་ཚུལ་ཕུན་སུམ་ཚོགས་པའི་ལེའུ།

ད༡༡ དམ་པ་དང་དམ་པའི་སྤྱོད་པ་ཇི་ལྟར་སྐྱོང་བའི་ལེའུ།

ན༡༢ འདོད་པའི་འདམ་ལས་བརྫེས་བཅངས་ཇི་ལྟར་བྱ་བའི་ལེའུ།

པ༡༣ རྣམ་ཐར་གཙང་མའི་ཕ་ཕོགས་ཇི་ལྟར་ཞུས་པའི་ལེའུ།

ཕ༡༤ སྡུག་བསྔལ་གྱི་རྩ་བ་བཅད་དེ་བྱིང་རྒོད་མཉམ་པ་ཉིད་དུ་བསྒོམ་པའི་ལེའུ།

བ༡༥ སྣང་སྟོང་གྲག་སྟོང་གི་ངང་དུ་བློ་ཇི་ལྟར་སྦྱོར་བའི་ལེའུ།

མ༡༦ སྦས་པའི་བརྟུལ་ཞུགས་ལ་སོགས་པ་ཇི་ལྟར་མཛད་པའི་ལེའུ།

ཙ༡༧ དམ་བཅའ་མི་འདོར་བ་དང་། ཆོས་ལུགས་ཕུན་སུམ་ཚོགས་པའི་ལེའུ།

ཚ༡༨ གཞན་གྱི་སེམས་ཇི་ལྟར་བསྲུང་བའི་ལེའུ།

ཛ༡༩ རྟག་ཏུ་གཞན་དོན་བྱེད་པའི་ལེའུ།

ཝ༢༠ ཆོས་གཞན་ལ་སྐུར་བ་མི་འདེབས་པར་ཟབ་ཆོས་ཉམས་སུ་ལེན་པའི་ལེའུ།

ཞ༢༡ བསྔོ་ཞིང་སྡིག་པ་བཤགས་པའི་ལེའུ།

ཟ༢༢ ནོར་བདུན་དུ་བསྡུས་ཏེ་གཉེར་གཏད་པའི་ལེའུ།

འ༢༣ བརྟག་པ་གཉིས་པའི་ལེའུ།

ཡ༢༤ རྔོག་ཆོས་ཉི་ཤུའི་ཚིགས་སུ་བཅད་པ།

དེ་ལྟར་གོང་གསལ་བཀའ་གདམས་ཕ་ཆོས་ལ་ཆོས་ཚན་བཅུ་གཅིག་བཞུགས་པ་ལས། ཆོས་ཚན་དང་པོ་དང་། བཞི་པ། ལྔ་པ། བརྒྱད་པ་བཞི་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གསུང་དང་། གསུམ་པ་དང་། དྲུག་པ། བདུན་པ། དགུ་པ་བཞི་ནི་མཆིམས་ཐམས་ཅད་མཁྱེན་པའི་གསུང་ཡིན་ཅིང་། དེ་འཕྲོས་གཉིས་པ་ནི་ཇོ་བོའི་རང་རྣམ་དང་། བཅུ་པ་ནི་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བའི་རྩ་བ་དང་། བཅུ་གཅིག་པ་ནི་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བའི་འགྲེལ་པ་བཅས་གསུམ་ནི་ཇོ་བོ་རྗེའི་གསུང་སྟེ། མཛད་བྱང་ལས[1]། རྒྱ་གར་གྱི་མཁན་པོ་དཔལ་ལྡན་མར་མེ་མཛད་བཟང་པོ་ཡེ་ཤེས་ཀྱི་སྙིང་པོས་མཛད་པ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ། །ཞེས་དང་། འགྲེལ་པའི་མཛད་བྱང་ལས་[2]ཀྱང་། དེ་ལྟར་ཞུས་ལན་ནོར་བུའི་ཕྲེང་བ་ལས་བརྟག་པ་གཉིས་པའི་ལེའུ་སྟེ་ཉེར་གསུམ་པའོ། །རྒྱ་གར་གྱི་མཁན་པོ་དཔལ་ལྡན་མར་མེ་མཛད་བཟང་པོ་ཡེ་ཤེས་ཀྱི་སྙིང་པོས་མཛད་པ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ། །ཞེས་གཅིག་མཚུངས་སུ་གསལ་བ་ལྟར། བྱང་སེམས་ནོར་བུའི་ཕྲེང་བ་རྩ་འགྲེལ་གཉིས་ཀ་ཇོ་བོ་རྗེས་མཛད་པའོ།།

དེ་ཡང་བསྟན་འགྱུར་རིན་པོ་ཆེའི་ལུང་རྒྱུན་བཞུགས་པ་རྣམས་ཕལ་ཆེར་ཞུས་པའི་མཚན་ཐོ་བརྒྱུད་རིམ་ལས[3]། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་ཇོ་བོ་ཉིད་ཀྱིས་སྒྲ་རང་བསྒྱུར་དུ་མཛད་པ། ཆོས་རྗེ་དཔའ་བོའི་གསན་ཡིག་ན། འདི་བཀའ་གདམས་ཀྱི་རྩ་བ་ཡིན་པས་འབྲོམ་གྱིས་གསུངས་པའི་ཕྱོགས་མཛད་པ་ནི་ཅུང་ཟད་མ་དགོངས་པར་མངོན་ཏེ་ཕ་འབྲོམ་སྟོན་གྱིས་ཞུས་ནས་ཇོ་བོས་གསུངས་པ་ལ་ཕ་ཆོས་དང་། ཁུ་རྔོག་གིས་ཞུས་ནས་གསུངས་པར་བུ་ཆོས་ཞེས་གྲགས་པས་སོ། །ཞེས་གསུངས་པ་ལྟར་ཇོ་བོའི་གསུང་ཡིན་ལ། བསྟན་བཅོས་དངོས་ཀྱི་མཛད་བྱང་དང་། སྒྲ་རང་བསྒྱུར་མཛད་པ་སོགས་ལས་ཀྱང་རྟོགས་ཐུབ་པ་ཞིག་གོ།

གཞན་ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་ཞེས་བྱ་བ་བཞུགས་སོ། །ཞེས་པ་ལས་ཀྱང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བཅས་ཀྱིས་བརྩམས་ཞེས་གསལ་བ་ལྟར། བཀའ་གདམས་ཕ་ཆོས་ཀྱི་མཛད་པ་པོ་ནི་ཇོ་འབྲོམ་མཆིམས་གསུམ་ཡིན་པ་ལས། འབྲོམ་གྱིས་མཛད་པའི་ཇོ་བོས་རྒྱལ་སྲིད་སྤངས་ནས་ཐར་པ་ཇི་ལྟར་མཛད་པ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་གཉིས་དང་། ཇོ་བོ་རྗེའི་རང་རྣམ་གསུམ་ནི་གཙང་མཁན་ཆེན་གྱིས་བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་ནང་དུ་བཞུགས་པ་ལྟར་ཇོ་བོ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས་གླེགས་བམ་དང་པོར་ཕྱོགས་བསྒྲིགས་ཞུས་ཡོད་ལ། མཆིམས་ཐམས་ཅད་མཁྱེན་པས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་གླེགས་བམ་གཉིས་པར་ཕྱོགས་བསྒྲིགས་ཞུས་ཡོད།

དེ་ལྟར་བུ་ཆོས་ཡིན་ན་ཇོ་བོ་རྗེའི་གསུང་ཡིན་པས་ཁྱབ་ཀྱང་། ཕ་ཆོས་ཡིན་ན་ཇོ་བོ་རྗེའི་གསུང་ཡིན་པས་མ་ཁྱབ་པས། འབྲོམ་དང་མཆིམས་ཀྱི་གསུང་ཡང་ཡོད་པས་སོ། །དེ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་ལེའུ་ ༢༤ སྟེ། བཀའ་གདམས་ཕ་ཆོས་ལས་[4]ཀྱང་། ཕ་ཆོས་ཉི་ཤུ་དྲུག་པོ་ལ། །ཉི་ཤུ་རྩ་གཅིག་ནགས་ཁྲོད་དུ། །འཇམ་པའི་དབྱངས་ཀྱིས་དག་པར་གསུངས། །གཅིག་ཀྱང་མ་ལུས་ཐུགས་སུ་ཆུད། །སླེབས་མ་ཐག་ཏུ་ལེའུ་གཉིས། །དེ་ནས་རང་གི་ཆོས་དུས་སུ། །ཉི་ཤུ་པ་ལ་བཀའ་རྒྱ་ཆོས། །མཐར་ཐུག་རྡོ་རྗེའི་གླུ་ཡིས་རྫོགས། །དེ་ནི་ལོ་རྒྱུས་ཀྱི་ཚོམས་སོ། །དེ་དག་གིས་རྔོག་ཆོས་ཉི་ཤུ་པོ་ཐལ་ལོ། །ཞེས་བྱུང་བ་ལྟར། ཕ་ཆོས་ནོར་བུའི་ཕྲེང་བ་དངོས་ལ་ལེའུ་ཉེར་གསུམ་དང་། བཀའ་རྒྱ། མ་འོངས་ལུང་བསྟན། རྡོ་རྗེའི་གླུ་གསུམ་ལ་ལེའུ་རེ་རེ་སྟེ་ཉི་ཤུ་རྩ་དྲུག་པོ་རྣམས་གླེགས་བམ་ཟུར་དུ་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༦༡༠

[2] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༨༩༦

[3] བསྟན་འགྱུར་གྱི་ལུང་རྒྱུན་མཚན་ཐོ་བརྒྱུད་རིམ། ༼དུ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤༢ན༡

[4] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༨༩༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༥ ནས་ ༢༣༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *