༄༅། །གླང་པོ་རིན་པོ་ཆེའི་ནོར་གྱི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།[1]
༄༅། །རྒྱ་གར་སྐད་དུ། ཧ་སྟི་རཏྣ་དྷ་ན་མ་ཡེ་ཏི་ཨུ་པ་དྷི་ཤ་ནཱ་མ། བོད་སྐད་དུ། གླང་པོ་རིན་པོ་ཆེ་ལས་ནོར་བུ་བླངས་པའི་མན་ངག་ཅེས་བྱ་བ། དགོས་འདོད་མ་ལུས་འབྱུང་བའི་རིན་པོ་ཆེ། །རིན་ཆེན་བདུན་ལས་ཁྱད་པར་དུ་འཕགས་པ། །བསམ་པའི་རེ་བ་མ་ལུས་སྐོང་མཛད་པ། །གླང་ཆེན་གཏེར་མཛོད་ཁྱོད་ལ་ཕྱག་འཚལ་ལོ། །དབུལ་བའི་སྡུག་བསྔལ་སེལ་འདོད་ཅིང་། །གང་ཞིག་ནོར་རྫས་སྒྲུབ་འདོད་པའི། །
གཏེར་མཛོད་འདི་ལ་འབད་པར་བྱ། །གླང་ཆེན་གཏེར་མཛོད་ཅེས་བྱ་བའི། །ནོར་སྒྲུབ་གང་ཞིག་བྱེད་འདོད་པས། །བསྲེག་ཐུབ་རྫས་ཀྱི་བཟང་པོ་ལ། །རཏྣ་སྣ་ལྔ་བདར་བྱས་ཏེ། །རྒྱ་གར་གླང་པོ་ཆེ་ཡི་གཟུགས། །ཉམ་ཐག་ཚོ་ཞིང་བལྟ་ན་མཛེས། །ཡན་ལག་ཐུང་ཞིང་གསུས་པ་ཆེ། །མགོ་ལ་ཡིད་བཞིན་ནོར་བུས་བརྒྱན། །མཁས་པས་ནན་ཏན་ལྡན་པར་བྱ། །དེ་ཉིད་མེ་ཡིས་སྨིན་བྱ་སྟེ། །དེ་ཡི་ནང་དུ་བཞུགས་པ་ནི། །སྔགས་དང་རྫས་སུ་ཤེས་པར་བྱ།།
དང་པོ་སྔགས་ཀྱི་མཚན་ཉིད་ནི། །གྲུབ་ན་གསེར་གྱིས་བྲི་བར་བྱ། །མ་གྲུབ་རྒྱ་ཤོག་དཀར་པོ་ལ། །རྒྱ་ནག་(ལ་རཏྣ་བསྲེས)དག་གིས་བྲི་བར་བྱ། །དྲི་བཟང་ལྔ་ཡིས་སྦྱར་བར་བྱ། །དེ་ཡི་སྔགས་ནི་འདི་ལྟ་སྟེ། །ཨོཾ་མཧཱ་ཧ་སྟི་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུཾ། རཏྣ་པུ་ནེ་སིདྡྷི་སིདྡྷི་ཧཱུཾ། རིན་པོ་ཆེའི་གཏེར་གྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག །དྷ་ན་མ་མེ་དྷི་ཧི་སིདྡྷི་སིདྡྷི་ཧཱུཾ། ནོར་ཟས་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག །ན་ན་ཁིད་དྷི་སིདྡྷི་སིདྡྷི་ཧཱུཾ། ཁ་ཟས་ཀྱི་མཆོག་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག །དྷ་ལ་པ་སྭོ་སིདྡྷི་སིདྡྷི་ཧཱུཾ་ཛ་ཛ། འཁོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །
ས་དྱ་ཐི་ད་ན། བྷི་ཛ་ཡ་བྷི་ཛ་ཡེ། ཨུག་གེ་ཨུག་གེ་སྭསྟི་ཏྲ་ཡ་ཏེ་ཨ་ཁུ་མེ་པྲ་ས་ར་དྷ། སྭསྟེ། པྲ་ཧ་ཁེ། མུ་ནི་མུ་ནི། གུ་ར་ནེ་གུ་ར་ནེ། ཨ་ཁེ་མུ་ཁེ་མུ་ར་གེ །མུ་ར་གེ །སྭསྟི་གུ་ར་ན་ཡཱ། སརྦ་སྭསྟི་བྲུཾ་བྲུཾ། སྭསྟི་སྭསྟི། མུ་ལི་མུ་ལི། ཀེ་ཤེ་ཀེ་ཤེ། ཙུ་ར་ན་ཙུ་ར་ན། བྷི་ར་མ་ལི་སྭཱཧཱ། ཨོཾ་ཀཾ་ཀ་ར་ཀཾ་ཀ་ར། ནིར་གད་ཙ་ཏ་ནི། ནིར་གད་ཙ་ཏ་སྭསྟི། ཆེ་གེ་མོ་ཞེས་བྱ་བའི་ཁྱིམ་འདི་རུ། ཕོ་བྲང་རིན་པོ་ཆེའི་གཏེར་གྱིས་གང་བར་གྱུར་ཅིག །འབྲུ་དང་ལོངས་སྤྱོད་ཀྱི་ཆར་འབབ་པར་གྱུར་ཅིག །འཁོར་དང་ལོངས་སྤྱོད་སྤྲིན་ལྟར་འདུ་བར་གྱུར་ཅིག །བུ་ཚ་དང་རིགས་རྒྱུད་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག །སྙན་པ་དང་གྲགས་པ་ནམ་མཁའ་དང་མཉམ་པར་གྱུར་ཅིག །རྐྱེན་ངན་དང་བར་ཆད་ཉེ་བར་ཞི་བར་གྱུར་ཅིག །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །ཚེ་སྲོག་བྲག་ལས་སྲ་བར་གྱུར་ཅིག །ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ་པར་གྱུར་ཅིག །ཟས་ནོར་ཐམས་ཅད་འཕེལ་བར་གྱུར་ཅིག །ཟས་ནོར་གྱི་དབྱིག་ཆེན་པོ་ཐོབ་པར་གྱུར་ཅིག །མི་ནོར་ཟས་གསུམ་གྱིས་ལུད་ཅིང་གང་བར་གྱུར་ཅིག །འབྲུའི་བང་མཛོད་ཐམས་ཅད་ཀྱང་ཏིལ་གྱི་གང་བུ་བཞིན་དུ་གང་ཞིག་འཕེལ་བར་གྱུར་ཅིག །འཐོར་བ་ཐམས་ཅད་སྡུས་ཤིག །ཉམས་པ་ཐམས་ཅད་སོས་ཤིག །ཟད་པ་ཐམས་ཅད་སྣོན་ཅིག །དམའ་བ་ཐམས་ཅད་ཁོད་ཅིག །ཁེངས་པ་ཐམས་ཅད་སླུད་ཅིག །དམུ་ཡང་གི་ཞག་ཆེན་པོ་ཕོབ་ཅིག །བདེ་ལེགས་ཕུན་ཚོགས་རྒྱས་པར་འབྱུང་བར་གྱུར་ཅིག །
དེ་ནས་རྒྱ་ཤོག་དཀར་པོ་ལ། །རིན་ཆེན་སྣ་བདུན་གྱིས་བྱས་ལ། །རང་རང་རྒྱབ་ཏུ་སྔགས་འདི་བྲི། །ཨོཾ་ཙཀྲ་རཏྣ་ཕ་ལ་སིདྡྷི་ཧཱུཾ།(འཁོར་ལོ་རིན་པོ་ཆེ།) ཨོཾ་མཎི་རཏྣ་ཕ་ལ་སིདྡྷི་ཧཱུཾ། (ནོར་བུ་རིན་པོ་ཆེ) ཨོཾ་བྷ་ཧི་རཏྣ་ཕ་ལ་སིདྡྷི་ཧཱུཾ། (བཙུན་མོ་རིན་པོ་ཆེ) ཨོཾ་མཧཱ་རཏྣ་ཕ་ལ་སིདྡྷི་ཧཱུཾ། (བློན་པོ་རིན་པོ་ཆེ) ཨོཾ་ཧ་སྟི་རཏྣ་ཕ་ལ་སིདྡྷི་ཧཱུཾ། (གླང་པོ་རིན་པོ་ཆེ) ཨོཾ་དྷ་ན་ར་ཀ་མ་ཤ་རཏྣ་ཕ་ལ་སིདྡྷི་ཕ་ལ་ཧཱུཾ། (རྟ་མཆོག་རིན་པོ་ཆེ) ཨོཾ་གྷ་ཏི་རཏྣ་ཕ་ལ་སིདྡྷི་ཧཱུཾ། (དམག་དཔོན་རིན་པོ་ཆེ)
གཞན་ཡང་རྒྱ་ཤོག་དཀར་པོ་ལ། །བཀྲ་ཤིས་རྫས་བརྒྱད་ཚང་བར་བྲིས། །དེ་ནས་གླང་ཆེན་ཁོག་པར་བཞུག །གཉིས་པ་རྫས་ཀྱི་རིམ་པ་ནི། །བྲེ་སྲང་(ཕྱུག་པོ་དགུ་ཡ། ཕྱུག་པོ་རིན་པོ་ཆེའི་སྤྱི་བྲེ་སྤྱི་སྲང་དང་)དགུ་ཡི་བྲེག་ཡ་དང་། །ཕྱུག་པོ་(མུ་མ་ཆེན་པོའི་)དགུ་ཡི་ཞིང་ས་ཁང་ས་དང་། །འཕན་(མི་དར་པའི་)པོ་དགུ་ཡི་ཞིང་ས་ཁང་ས་དང་། །གསེར་དངུལ་ཟངས་ལྕགས་དུང་དང་ནི། །མན་ཤེལ་བྱི་རུ་མུ་ཏིག་དང་། །འབྲུ་སྣ་ལྔ་(གྲོ་ཏིལ་དཀར་ནག)དང་དར་ཟབ་དང་། །ཟས་(སྣ)ནོར་མང་པོ་(བཟང་བ)དག་དང་ནི། །དཀར་གསུམ་དང་ནི་མངར་གསུམ་དང་། །མཛོ་དང་དྲེའུ་མ་གཏོགས་པ། །ཕྱུགས་མ་ཟལ་ཕྱགས་དགུ་ཡི་སྤུ། །རྟ་དང་ར་ལུག་བཟང་པོའི་སྤུ། །བཟང་དྲུག་སྨན་དང་མེ་ཏོག་དང་། །ཕྱུག་པོ་བདུན་གྱི་ནས་འབྲུ་དང་། །བཀྲ་ཤིས་འཛོམ་པའི་ནོར་རྫས་དང་། །མ་ལུས་གླང་ཆེན་ཁོག་པར་གཞུག །རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད། །བཟླས་ལ་གོང་གི་རྫས་ལ་བཏབ། །དེ་ནས་ཞབས་སྡོམས་ལེགས་པར་བྱ། །
སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས། །དགོས་འདོད་མ་ལུས་འབྱུང་བ་ཡི། །གླང་པོ་རིན་ཆེན་སྤྱན་(ཏིང་ངེ་འཛིན་གྱིས)དྲངས་ལ། །དེ་ལ་གཉིས་སུ་མེད་པར་(ཡེ་ཤེས་པ་བཞུགས་པའི་དམིགས་པ་བྱེད)བསྟིམ། །བསྟིམས་པའི་རྫས་ཀྱི་གླང་པོ་དེ། །གླང་པོ་རིན་ཆེན་ཉིད་དུ་གྱུར། །གྱུར་པའི་བདག་གི་དགོས་(འདོད)པ་ཀུན། །གླང་པོ་དེ་ལས་འབྱུང་བར་བསམ། །དགོས་འདོད་ཀུན་འབྱུང་འབྱུང་བ་དེ། །རང་གི་མཛོད་དམ་ཕུགས་(ལབ་ཙེའམ་ས་འོག་ཏུ་)སུ་གཞུག །ནས་ཚུགས་(ནས་ཀྱིས་ཁེངས་པའི་བང་བ)སམ་ནི་བང་མཛོད་(བཞུག)དུ། །བཞག་པའི་ཐབས་ནི་འདི་ལྟ་སྟེ། །དར་སྣ་ལྔ་ཡི་སྣ་ནས་གདབ། །སེང་ལྡེང་ཕུར་བུ་སོར་བཞི་ལ། །གླང་པོ་རིན་ཆེན་རྟོད་ལ་བཞག །དེ་ལ་རབ་གནས་གོང་(རྟེན་འབྲེལ་སྙིང་པོ་དང་ཏིང་ངེ་འཛིན་གལ་ཆེ)ལྟར་བྱ། །འབྲང་རྒྱས་བྱས་ལ་བཀྲ་ཤིས་གསོལ། །དེ་ཚེ་དེ་ཡི་ཉིན་པར་ལ། །ནོར་རྫས་གཏེར་བ་བྱུང་གྱུར་ན། །ཤིན་ཏུ་རྟེན་འབྲེལ་(རབ)བཟང་བས་ན། །དངོས་གྲུབ་ཆེན་པོ་འབྱུང་བའི་(གླང་པོའི་བཅའ་གཞི་དང་རབ་གནས་བྱེད་ཙ་ན)རྟགས། །དེ་ནས་རྫས་ཀྱི་གླང་པོ་དེ། །མི་ཡིས་མཐོང་བར་མི་བྱ་ཞིང་། །འགོམ་ཞིང་ཐོ་ཡུགས་མི་བཏང་བར། །ཤིན་ཏུ་གཅེས་སྤྲས་ལྡན་པར་བྱ། །མོ་ལག་འགྲིམ་པར་མི་བྱའོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། །བདག་ཉིད་ཤིན་ཏུ་དབང་ཕྱུག་ཅིང་། །ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ། །ཅི་བསམ་ལྷུན་གྱིས་འགྲུབ་པར་འགྱུར། །སེམས་ཅན་ཀུན་གྱི་སྨོན་པར་འགྱུར། །ནོར་ཟས་སྤྲིན་ལྟར་འདུ་བར་འགྱུར། །མི་རྒྱུད་ནགས་ཚལ་བཞིན་དུ་རྒྱས། །ནད་དང་གདོན་ལས་གྲོལ་འགྱུར་ཏེ། །བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར། །མདོར་ན་ཡོན་ཏན་མ་ལུས་ཀུན། །གླང་པོ་རིན་ཆེན་ཉིད་དང་མཚུངས། །དེ་ཕྱིར་འདི་ལ་འབད་པར་བྱ། །དེ་ལས་དགོས་འདོད་ཐམས་ཅད་འབྱུང་། །གླང་པོ་རིན་པོ་ཆེའི་ནོར་གྱི་བར་འབེབས་ཞེས་བྱ་བ། ཟས་ནོར་ལོངས་སྤྱོད་ཚེ་དང་བསོད་ནམས་ཐམས་ཅད་སྤྲིན་ལྟར་བསྡུད་པའི་མན་ངག་འབྱོར་བ་ཡང་སྨུ་ཡང་གཏེར་དང་སྤྲོད་པའི་མན་ངག་ཤིན་ཏུ་ཟབ་པའོ། །སྔགས་ཀྱི་མཆོད་པ། ཨོཾ་མཧཱ་ཧ་སྟི་རཏྣ་སརྦ་སིདྡྷི་ཕ་ལ་པ་ཤཾ་ཀུ་རུ་ཧཱུཾ་ཧཱུཾ། བདག་འཆང་བ་པོའི་ལོངས་སྤྱོད་དང་། འབྱོར་པ་ཐམས་ཅད་སྤེལ་ཅིག །ཅེས་ཤོག་བུ་ལ་མང་དུ་བྲིས་ལ་གླང་པོའི་ནང་དུ་གཞུག་གོ །གླང་ཆེན་ནོར་སྒྲུབ་ཀྱི་མན་ངག །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །བཀྲ་ཤིས་པར་གྱུར་ཅིག ། །།[2]
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་གསུང་རྩོམ་ལེགས་བཤད་ངོ་མཚར་རྨད་དུ་འབྱུང་བའི་ལུང་མནོས་པའི་དཀར་ཆག་བརྒྱུད་རིམ་དང་བཅས་པ་གསལ་བར་བཀོད་པ་སོགས། ༼༡༽ ཤོག་ ༢༤༠ ནས་ ༢༤༥ བར་བཞུགས་པའི་དཔེ་ཐུང་དབུ་ཅན་བྲིས་མ་ཤོག་བུ་གསུམ་ཅན་ལས་བཏུས་པའོ།།
[2] མ་ཅིག་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་གི་སྒོ་ནས་ཚེ་དབང་བསྐུར་ཚུལ་མདོར་བསྡུས་སུ་བཀོད་པ་འཆི་མེད་བདུད་རྩིའི་བུམ་བཟང་སོགས། ༼༡༽ ཤོག་གྲངས་ ༡༩༣ ནས་ ༢༠༢ བར་བཞུགས་པའི་དབུ་ཅན་བྲིས་མར། གླང་ཆེན་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །ཞེས་དང་། ས་བདག་ཧ་ཅང་རྒན་པོ་དཀར་པོའི་གསོལ་མཆོད་བྱ་ཚུལ་ཕན་བདེའི་རིན་ཆེན་བང་མཛོད་སོགས། ༼༡༽ ཤོག་གྲངས་ ༧༩ ནས་ ༨༨ བར་བཞུགས་པའི་དཔེ་ཐུང་དབུ་ཅན་བྲིས་མ་ཤོག་བུ་ལྔ་ཅན་ལས། ཡིད་བཞིན་ནོར་སྒྲུབ་གླང་ཆེན་བཅས་ཆོག་ཅེས་བྱ་བ་བཞུགས་སོ། །ཞེས་མཚན་བྱང་ཅུང་ཟད་རེ་མི་འདྲ་བ་བྱུང་ཡང་། རྩ་བའི་གཅིག་ཏུ་ངེས་སོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།