གཉིས་པ། རྒྱལ་སྲས་འཕགས་པ་ལྷའི་རྣམ་ཐར། ཀ༽ ཨཱརྱ་དེ་ཝའི་མཚན་དོན་དང་། ཨཱརྱ་དེ་ཝ་འཕགས་པ་ཡིན་མིན།

གཉིས་པ། རྒྱལ་སྲས་འཕགས་པ་ལྷའི་ ༼ཨཱརྱ་དེ་ཝ།༽ རྣམ་ཐར།

ཀ༽ ཨཱརྱ་དེ་ཝའི་མཚན་དོན་དང་། ཨཱརྱ་དེ་ཝ་འཕགས་པ་ཡིན་མིན།

 

སློབ་དཔོན་ཨཱརྱ་དེ་བའི་མཚན་གྱི་དོན་ནི། དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ་ལས[1]།

དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །ལོག་སྨྲ་ཚར་གཅོད་སྐལ་ལྡན་རྗེས་སུ་འཛིན། །

ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པ། །ཨཱརྱ་དེ་ཝའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། སློབ་དཔོན་འཕགས་པ་ལྷའི་ལེགས་སྦྱར་གྱི་མཚན་ལ་ཨཱརྱ་དེ་ཝ་   (आर्यदेव) (āryadeva) དང་། རྒྱ་སྐད་དུ། (聖天) ལེགས་སྦྱར་གྱི་[2]ཨཱརྱ་དེ་ཝ་ཞེས་པ་ནི། བྱེ་བྲག་རྟོགས་བྱེད་ཆེན་མོ་ལས[3]། ཤྲ་མ་ཎཿ དགེ་སྦྱོང་། བྷི་ཀྵུཿ དགེ་སློང་། ཨཱ་ཙཱརྱཿ སློབ་དཔོན་ཞེས་གསུངས་པ་ལྟར་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[4]། ཨཱརྱ་རྗེ་དང་། ཨཱརྱཿའཕགས་པ། དེ་བཿ ལྷ་སྟེ་བོད་སྐད་དུ་འཕགས་པ་ལྷ་ཞེས་ཞུའོ།།

ལེགས་སྦྱར་གྱི་མཚན་ལ་ཨརྱ་དང་། ཨཱཪྻ། ཨཱརྱ། །ཨཱ་རྱ་བཞི་དང་། དེབ། དེ་བ། དེ་ཝ། དྷེ་ཝ་ཞེས་དག་སྡེབ་འབྲི་སྲོལ་མི་འདྲ་བ་བཞི་བཞི་སྣང་ལ། བོད་སྐད་དུ་མཁྱེན་ཡོན་གྱི་ཆ་ནས་སློབ་དཔོན་འཕགས་པ་ལྷ་དང་། རིགས་ཀྱི་ཆ་ནས་རྒྱལ་སྲས་འཕགས་པ་ལྷ་གཉིས་སུ་འབོད་པ་གྲགས་ཆེ་ལ། སྔོན་བྱོན་ལོ་པཎ་རྣམས་ཀྱིས་བསྒྲིགས་པའི་བྱེ་བྲག་རྟོགས་བྱེད་ཆེན་པོར་[5]ལྷ་ཡི་ལྷ་ཞེས་པར་དེབཱཏི་དེབཿ ཞེས་གསལ་ལ། གཞུང་ལུགས་ཕལ་མོ་ཆེར་དེ་ཝ་ཞེས་ཝ་ཆེན་བཀོད་པ་མང་མོད། འདིར་ལུང་འདྲེན་ཕྱག་དཔེའི་ནང་དེ་བ་དང་དེ་ཝ་གང་ཞིག་གསལ་བ་དེ་སོར་བཞག་ལས། བསྒྱུར་བཅོས་གང་ཡང་ཞུས་མེད་ཅིང་། སློབ་དཔོན་ཨཱརྱ་དེ་ཝ་དཔལ་ནཱ་ལེནྡྲའི་མཁན་པོ་ཧེ་མ་དེ་བ་ཞུ་བ་ལས་རབ་ཏུ་བྱུང་བས། མཁན་པོའི་མཚན་གྱི་ཆ་ཤས་དེ་བ་སྟེ་ལྷ་ཞེས་པ་འདི་ཉིད་སློབ་དཔོན་ཨཱརྱ་དེ་བ་རབ་ཏུ་བྱུང་སྐབས་གནང་བས་མཚན་ལ་ཨཱརྱ་དེ་བ་སྟེ་འཕགས་པ་ལྷ་ཞེས་ཐོགས་པ་ཞིག་ཡིན། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས[6]། ཨཱརྱ་དེ་ཝ་སྤྱན་གཅིག་པ་ཞེས་ཡོངས་གྲགས་ཡིན་པར་གསུངས་ལ། རྒྱལ་སྲས་ཞེས་པ་ནི། སློབ་དཔོན་འདི་ཉིད་སིངྒ་ལའི་རྒྱལ་པོ་པཉྩ་ཤྲིངྒ་ར་[7]ཞེས་བྱ་བའི་སྲས་སུ་འཁྲུངས་པའམ། རྒྱལ་པོའི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐུ་འཁྲུངས་ཤིང་། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས་པས་ན། རྒྱལ་སྲས་ཞེས་བྱའོ། །འཕགས་པ་ལྷ་ཞེས་པ་ནི། མཐོང་ལམ་ཐོབ་པ་ཡན་གྱི་གང་ཟག་ལ་འཕགས་པ་ཞེས་བྱ་ལ། སྒྲ་བཤད་ནི། སྡིག་པ་མི་དགེ་བའི་ཆོས་ལས་རིང་དུ་སོང་བའམ། སོ་སྐྱེའི་ས་ལས་རིང་དུ་སོང་བའི་གང་ཟག་ཡིན་པས་དེ་སྐད་ཅེས་བྱ་ཞིང་། སློབ་དཔོན་འདི་ཉིད་ས་བརྒྱད་པ་བར་གྲགས་ཏེ། འཇམ་དཔལ་རྩ་རྒྱུད་ལས[8]།

འཕགས་པ་མིན་ལ་འཕགས་པའི་མིང་། །

ཞེས་གསུངས་པས་བརྟག་པར་བྱའོ། །ཞེས་བུ་སྟོན་གྱིས་[9]གསུངས་ལ། དེ་བཞིན་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[10]།

འཕགས་པ་དངོས་ཀྱང་ཉན་ཐོས་ཚུལ། །ཐུབ་བསྟན་ཕས་རྒོལ་སྒྲ་གཅན་གྱིས། །

སྒྲིབ་ཚེ་སླར་ཡང་གསལ་མཛད་པ། ། ལྷ་མཆོག་ཁྱོད་ལ་བདག་ཕྱག་འཚལ། །

ཞེས་གསུངས་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བའི་ (1504-1588) ཆོས་འབྱུང་མཁས་པའི་དགའ་སྟོན་ལས[11]།

འཕགས་པ་མིན་ལ་འཕགས་པའི་མིང༌། །

ཞེས་པའང་མིང་འདོགས་དུས་འཕགས་པ་མ་ཡིན་པ་ལ་དགོངས་ཀྱི་ཕྱིས་གྲུབ་ཐོབ་ཆེན་པོ་བཞི་ལ་སྤྱིར་རྟ་སྐད་ཅན་གྱི་གཉེན་པོར་ལི་ཙཱ་ཝི་དྲི་མེད་གྲགས་པ་དང་། རྒྱལ་སྲས་ལག་ན་པདྨས་སྨོན་ལམ་བཏབ་པར་གྲགས་པས་ཀླུ་སྒྲུབ་ཡབ་སྲས་ནི་དེ་དག་གི་ངོ་བོར་ཁུམས་སོ། ། ཞེས་གསུངས་སོ། །གོང་གསལ་འཕགས་པ་ལྷའི་རྣམ་ཐར་གྱི་ཟིན་བྲིས་ཤིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་བསྟར་ལམ་སྟོན་ཞུས་པར་བཀའ་སློབ་ཕེབས་གསལ[12]། འདིར་འཕགས་པ་ལྷའི་རྣམ་ཐར་ནང་།

འཕགས་པ་མིན་ལ་འཕགས་པའི་མིང་། །

ཞེས་བཀོད་འདུག །འོན་ཀྱང་ཨཱརྱ་དེ་ཝ་རང་ཉིད་ཀྱིས་མཛད་པའི་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་ནང་། སྒྱུ་ལུས་ཐོབ་པའི་སྐོར་བཀོད་པ་གནང་ཡོད། གྲྭ་ཚང་གི་དཀོན་གཉེར་མི་ཧ་ཅང་པོ་ཞིག་ཡོད། སངས་རྒྱས་འཇིགས་མེད་ལ་ངོས་ནས་ནམ་རྒྱུན་རྩེད་མོ་དང་བཅས་ཏེ། སངས་རྒྱས་མིན་ལ་སངས་རྒྱས་མིང་། །ཞེས་བརྗོད་པ་དང་གཅིག་པ་ཆགས་འདུག །ཅེས་ཀྱང་བཀའ་ཕེབས་སོ།།

དེ་ལྟར་སྔགས་ལུགས་ནས་འཕགས་པ་ལྷ་ནི་སྒྱུ་ལུས་མངོན་དུ་མཛད་པ་སྟེ། དེ་ཡང་། རྒྱལ་སྲས་འཕགས་པ་ལྷ་རང་ཉིད་ཀྱིས་མཛད་པའི་སྤྱོད་བསྡུས་ལས[13]། དོན་གྱི་དབང་འདི་མཐོང་ནས་བདག་གིས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མན་ངག་ལས་བསྐྱེད་པའི་གོ་རིམ་གྱིས་རྫོགས་པའི་གོ་རིམ་གྱི་ཏིང་ངེ་འཛིན་ཐོབ་ནས་འདུས་བྱས་པ་དང་འདུས་མ་བྱས་པའི་སློབ་མ་རྣམས་ཀྱི་ཐུན་མོང་དུ་བཤད་པའི་སྒྲའི་སྒོ་ནས། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཕྱག་རྒྱའི་དེ་ཁོ་ན་ཉིད་དང༌། བདག་གི་དེ་ཁོ་ན་ཉིད་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དེ། གོ་རིམ་རྣམ་པ་ལྔ་རྣམ་པར་གསལ་བར་བྱ་བའི་ཕྱིར་མདོ་སྡེ་དང༌། རྒྱུད་དང༌། རྟོག་པ་རྣམས་བསྲེས་ནས་བཤད་པར་བྱའོ། །ཞེས་གསུངས་པ་ལྟར་རང་ཉིད་ཀྱིས་ཞལ་གྱིས་བཞེས་པ་ལགས་སོ།།

ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་སློབ་དཔོན་ཨཱརྱ་དེ་བ་ལ་བསྟོད་པ་འཕགས་པ་དགྱེས་པའི་གླུ་དབྱངས་ལས[14]། སྡེ་སྣོད་རིན་ཆེན་སྐས་ལ་འཛེག །སྲིད་ཞིའི་གཡང་ལས་རིང་དུ་འཕགས། །ས་བརྒྱད་སེང་ཁྲིར་ངལ་བསོས་པ། །ལྷ་ཆེན་གདོང་བཞིའི་ཞབས་ལ་འདུད། །ཚུལ་ཁྲིམས་རིན་ཆེན་ཕོ་བྲང་དུ། །ཡེ་ཤེས་རྡོ་རྗེ་རྩེ་བརྒྱ་ཡིས། །བདེན་འཛིན་སྦྱིན་སྐྱེས་བུ་བཅོམ་པ། །འཕགས་པ་ལྷ་དབང་རྒྱལ་པོར་འདུད། །ཀླུ་སྒྲུབ་སྲས་ཀྱི་ཐུ་བོ་མཆོག །ཐེག་མཆོག་བསྟན་པ་རྒྱས་མཛད་དེ། །ཚེ་འདིར་ཟུང་འཇུག་མངོན་གྱུར་པ། །ཨཱརྱ་དེ་ཝའི་ཞབས་ལ་འདུད། །ཅེས་མཚན་སྒྲ་དང་བཅས་ཏེ་གསུངས་པ་ལྟར། ཇོ་བོ་རྗེ་ལྷ་གཅིག་ (982-1054) གིས་མཛད་པར་གྲགས་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས་[15]ཀྱང་། འདི་ལྟར་འཕགས་པ་ཀླུ་སྒྲུབ་ནི་མདོ་སྡེ་ཕལ་ཆེ་བ་དང༌། འཛམ་བུའི་གླིང་ན་མཁས་པ་དག་ཀྱང་འདི་སྐད་དུ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བརྗོད་ཅིང་གྲགས་མོད་ཀྱང༌། བདག་གིས་མདོའི་ནང་ནས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ལེགས་པར་མཐོང་བ་ཡིན་ནོ། །སློབ་དཔོན་ཨཱརྱ་དེ་བ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པར་ལེགས་པར་མཐོང་ངོ༌། །ཞེས་གསུངས་ལ། གཞན་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་ལས[16]།

འཕགས་པ་ལྷ་འདིས་ཕྱི་དུས་སུ། །གསང་བ་འདུས་པའི་ཉམས་ལེན་གྱིས། །

ས་བརྒྱད་པ་ལ་བཞུགས་སོ་ཞེས། །ཚད་ལྡན་མང་པོའི་གསུང་ལས་འབྱུང་། །

ཞེས་གསུངས་པ་ལྟར་རོ།།

ཡང་ཤར་པ་ཆེན་པོ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས[17]། ཡང་འདི་རྫུས་ཏེ་སྐྱེས་པ་ཡིན་ནོ། །ཞེས་གྲགས་ན། སིཾ་གྷ་ལའི་རྒྱལ་པོའི་སྲས་ཅིའི་ཕྱིར་ཡིན་ཞེ་ན། རྫུས་ཏེ་སྐྱེས་པ་གཅིག་གིས་རྒྱལ་པོའི་སྲས་བྱས་པ་ཡིན་ནོ། །ཞེས་གཏམ་དུ་གྲགས་སོ། །ཕྱིས་དངོས་གྲུབ་ཐོབ་ནས་འཕགས་མིན་ཞེས་འབྱུང་བ་ཅིའི་ཕྱིར་ཞེ་ན། རབ་ཏུ་བྱུང་བའི་མིང་བཏགས་པའི་ཚེ་ལ་དགོངས་ནས། འཕགས་པ་མིན་ཡང་འཕགས་པའི་མིང་ཅན་དུ་ཞེས་གསུངས་པ་ནི་དེ་ཡིན་ཏེ། གཞན་ཡང་སློབ་དཔོན་ཕྱོགས་གླང་དང་། ཀླུ་སྒྲུབ་དང་། ཨཱརྱ་དེ་ཝ་གསུམ་གྱིས་ཤིང་གི་ལྷ་མོ་འོད་འཆང་མའི་གྲོང་དུ་བསོད་སྙོམས་མཛད་པས། ཕྱོགས་གླང་ལ་ལུས་མ་བསྟན་གློ་ཀར་ནས་ལག་པས་བསོད་སྙོམས་ཕུལ་ལོ། །ཀླུ་སྒྲུབ་ལ་ཕྱག་མ་བྱས་ལུས་ཕྱེད་ཙམ་བསྟན་ནས་བསོད་སྙོམས་ཕུལ་ལོ། །ཨཱརྱ་དེ་བ་ལ་ལུས་ཀུན་བསྟན་ནས་ཕྱག་བྱས་རིམ་གྱིས་ཕུལ་ལོ། །དེར་ཕྱོགས་གླང་གིས་བདག་ཅག་རྒན་པ་གཉིས་ལ་ནི། ཕྱག་ཀྱང་མ་བྱས་ལུས་ཐམས་ཅད་ཀྱང་མ་བསྟན་ན། ཨཱརྱ་དེ་ཝ་ནི་གཞོན་ཡང་ལུས་བསྟན་ཕྱག་བྱེད་སྦྱིན་པ་ལག་གིས་གཏོང་བ་ཅིའི་ཕྱིར་ཞེས་དྲིས་པས། ལྷ་མོ་ན་རེ་ཕྱོགས་གླང་མོས་པས་[18]སྤྱོད་པ་ཡིན་པས་བདག་གིས་ལུས་མཛེས་པ་མཐོང་ན་ངེས་པར་ཆགས་པ་སྐྱེ་བའི་ཕྱིར་མ་བསྟན་ནོ། །ཀླུ་སྒྲུབ་ས་དང་པོ་བ་ཡིན་པས་ལུས་ཀུན་བསྟན་ན་ཆགས་པར་དོགས་པས་ཕྱེད་བསྟན་ནོ། །ཨཱརྱ་དེ་ཝ་ས་བརྒྱད་པ་ཡིན་པས་ལུས་ཀུན་བསྟན་ཡང་ཆགས་པ་མི་སྐྱེ་བས་ཀུན་བསྟན་པ་ལགས་སོ་ཞེས་གྲགས་པས་ས་དང་པོ་དང་། བརྒྱད་པ་ཡིན་པའི་རྒྱུ་མཚན་དེ་ལྟ་བུ་ཡང་ཡོད་དོ། །ཞེས་གསུང་ངོ་། །ཞེས་བྱུང་ཡང་། ཀླུ་སྒྲུབ་ཡབ་སྲས་གཉིས་བྱོན་པའི་དུས་མཚུངས་ནའང་། སློབ་དཔོན་ཕྱོགས་གླང་ནི་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་ཡིན་པས་ཀླུ་སྒྲུབ་ཡབ་སྲས་དང་ལྷན་དུ་བྱོན་པའི་དུས་འགྲིག་ཐབས་མེད་པས་དཔྱད་དགོས་སོ།།

འཕགས་པ་ལྷ་ཞེས་པའི་སྒྲ་དོན་ནི། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་ལས[19]། འདི་ས་བརྒྱད་པ་མི་གཡོ་བ་བརྙེས་པའི་ཕྱིར་འཕགས་པའོ། །དེ་ཉིད་རབ་ཏུ་མཛེས་པའི་ཕྱིར་ལྷ་དང་འདྲ་བས་ན་ལྷ་སྟེ། གང་གི་ཚེ་མཆོག་སྲེག་ (སྲེད་) ལ་སོགས་པ་བཏུལ་ནས། སླར་དཔལ་གྱི་རི་ལ་བླ་མའི་སྤྱན་སྔར་གཤེགས་པའི་ལམ་དུ་སྐྱེས་བུ་ཞིག་སློབ་དཔོན་འདིའི་སྤྱན་པདྨའི་འདབ་མ་གཞོན་ནུ་ལྟ་བུ་ལ་ཆགས་པས་བསྟོད་པ་ན་དེའི་སྲེད་པ་ཞི་བར་བྱ་བའི་ཕྱིར་རོ། །སོར་མོའི་རྩེ་མོས་སྤྱན་གཡས་པ་ཕྱུང་ནས་དེ་ལ་གནང་། ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རེད་མདའ་བའི་བསྟོད་ཚོགས། ༼ང༽ ཐོར་བུ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༧བ༥

[2]  རྒྱ་གར་གྱི་མིའི་ནང་གི་ཆེས་མཐོའི་རིམ་པའི་སྐད་ཆ་ལ་གོ་དགོས། དེ་ནི་མཁས་པ་ཚོས་དམངས་ཀྱི་ཕལ་སྐད་ལྟ་བུ་མ་ཡིན་པར་བརྟག་དཔྱད་ཀྱིས་ལེགས་པར་སྦྱར་བས་ལེགས་སྦྱར་སྐད་ཅེས་མཁས་པའི་མདུན་སར་སྤྱོད་པ་འདིས་མཚོན་ཡོད། ཅེས་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་ནང་བསྟན་ལ་བཅངས་པའི་ལྷག་བསམ། ཤོག་གྲངས་ ༡༥༢ ཐོག་གསལ་ལོ།།

[3]  བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཆ༽ དེབ་ཨང་ ༡༡༥ པ། ཤོག་གྲངས་ ༢༣༦

[4]  སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༨༨

[5]  བྱེ་བྲག་རྟོགས་བྱེད་ཆེན་པོ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡

[6]  གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣༡

[7]  སིངྒ་ལའི་རྒྱལ་པོ་པཉྩ་ཤྲིངྒ་ར་དང་། རྒྱལ་པོ་པཉྩ་ཤྲཱི་གམ། རྒྱལ་པོ་པཉྩ་ཤྲི་གམ། རྒྱལ་པོ་པཉྩ་ཤྲི་གཾ རྒྱལ་པོ་པཉྩ་ཤྲཱིངྒྲ་། རྒྱལ་པོ་པཉྩི་ཤྲཱི་ག་སོགས་རྒྱལ་པོའི་མཚན་གྱི་དག་སྡེབ་སྣ་ཚོགས་ཤིག་མཆིས་ཀྱང་དཔྱད་གཞིར་བསམས་ཏེ་མ་བཅོས་པར་ཡིག་ཆ་སོ་སོར་འཁོར་པ་རང་སོར་བཞག་ཡོད།

[8]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༩༡༨

[9]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༠

[10]  ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོའི་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༡བ༣ བར།

[11]  མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༥༢

[12]  ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་ལས་གཞིའི་སྐོར་གུས་འབངས་ཕྱོགས་སྒྲིག་པ་ཐུབ་བསྟན་ཡར་འཕེལ་སྙན་སྒྲོན་ལམ་སྟོན་ཞུ་སླད་གཟིམ་ཆུང་མཇལ་བཅར་སྐབས་སྩལ་བའི་ལམ་སྟོན་བཀའ་སློབ།

[13]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ༡༩༩༧ ལོ། ཤོག་གྲངས་ ༡༦༢

[14]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཨཱརྱ་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༧ བར།

[15]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༥༤

[16]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༥ན༣

[17]  ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པ། པོད། ༼ཁ༽ དཔེ་རིང་། ཤོག་གྲངས་ ༥ན༥

[18]  ཚོགས་སྦྱོར་གྱི་སྐབས་སུ་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པས་མོས་པ་ཙམ་མམ་སྒྲ་སྤྱི་དང་དོན་སྤྱིའི་སྒོ་ནས་ཆོས་ཉམས་སུ་ལེན་པའོ།།

[19]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༨༦༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *