ག༽ འཁྲུངས་ཡུལ་དང་འཕགས་བོད་ཀྱི་མཛད་པ།
དེ་ཡང་ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་སྒོམ་རིམ་དང་པོའི་འགྲེལ་པ་ཞི་ལྷག་གསལ་བར་བྱེད་པའི་རྒྱན་ལས[1]།
ཆར་སྤྲིན་སྟུག་པོས་ཁེབས་པའི་མཚོ་བཞིན་དུ། །སྨྲ་བའི་ཆུ་མཚོ་ལེགས་བཤད་སྤྲིན་སྔོན་ལྡན། །
འཛམ་གླིང་མཁས་པ་ཀུན་གྱིས་མཆོག་ཏུ་བསྔགས། །པདྨའི་ངང་ཚུལ་མཆོག་དེ་རྣམ་པར་རྒྱལ། །

ཞེས་བསྟོད་པ་མཛད་ཡུལ་དང་། ལྷག་པར་རང་ཅག་གངས་ཅན་པ་ཡོངས་ལ་བཀའ་དྲིན་གཞལ་དུ་མ་མཆིས་པའི་སེམས་དཔའ་ཆེན་པོ་མཁན་ཆེན་ཞི་བ་འཚོའི་ཐུགས་སྲས་གཙོ་བོ་མཁས་མཆོག་ཀ་མ་ལ་ཤཱི་ལ་སྟེ་སློབ་དཔོན་པངྨའི་ངང་ཚུལ་ཞབས་དེ་ཉིད་ནི།
མངའ་བདག་ཉང་རལ་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དམ། ཡོངས་གྲགས་ཉང་ཆོས་འབྱུང་ལས[2]། བོད་དུ་པཎྜི་ཏ་དང་ལོ་ཙཱ་བ་བྱུང་ལུགས། སྒྲུབ་གནས་དང་ས་གཞི་བྱིན་གྱིས་བརླབས་ལུགས། ཆོས་ཀྱི་གཏེར་ཁ་སྦས་ལུགས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། ཟ་ཧོར་གྱི་བོ་དྷི་ས་ཏྭ་དང་། ཨུ་རྒྱན་གྱི་པདྨ་འབྱུང་གནས་དང་། ལྷོ་ཕྱོགས་བྷེ་ཏའི་ཀ་མ་ལ་ཤཱི་ལ་དང་། ཞེས་སློབ་དཔོན་འདི་ཉིད་སྐུ་འཁྲུངས་ཡུལ་ལྷོ་ཕྱོགས་སུ་ཡིན་པར་གསལ་བས་ཕ་དམ་པ་སངས་རྒྱས་དང་འཁྲུལ་ལམ་སྙམ་པས་ཞིབ་ཕྲ་འོག་ཏུ་གསལ་བར་འབྱུང་ངོ་།།
མཁན་པོ་བསོད་ནམས་ཚེ་རྒྱལ་གྱིས་བརྩམས་པའི་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ལས[3]། རྒྱ་གར་ཤར་ཕྱོགས་བྷངྒ་ལའི་ཡུལ་ལྗོངས་སུ་སྐུ་འཁྲུངས་ཏེ་མཁན་ཆེན་ཞི་བ་འཚོའི་ཞབས་ཀྱི་པདྨོར་བརྟེན་ཏེ་དབུ་མ་རྒྱན་གྱི་དགོངས་དོན་ཇི་བཞིན་རྙེད་ནས་རྣལ་འབྱོར་སྤྱོད་པ་དབུ་མའི་སློབ་དཔོན་གྱི་གྲས་ཏེ། ཡོངས་གྲགས་ལ་ཤར་གསུམ་མཁན་པོ་ཞེས་བྱ་བ་ལས་གཅིག་ནི་ཁོང་ཉིད་ལ་ཞུ་སྲོལ་ཡོད། ཅེས་ཤར་གསུམ་མཁན་པོའི་མཚན་སྙན་ལྟར་ན་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་པ་བདེན་ཆ་ཆེའོ།།
དེ་ཡང་ཕྱི་ལོའི་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱོན་པའི་དབུ་མ་རང་རྒྱུད་པའི་མཁས་པའི་དབང་པོ་གསུམ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས་དང༌། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན། སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་བཅས་མཛད་པ་ལ་རང་རྒྱུད་ཤར་གསུམ་ཞེས་དང་། དབུ་མ་རང་རྒྱུད་པའི་གཞུང་དེ་གསུམ་མཛད་པ་པོའི་སློབ་དཔོན་གསུམ་ལ་ཤར་གསུམ་མཁན་པོ་ཞེས་ཡོངས་སུ་གྲགས་པ་སློབ་དཔོན་དེ་གསུམ་གྱིས་རྒྱ་གར་ཤར་ཕྱོགས་སུ་རང་རྒྱུད་ཀྱི་སྲོལ་བསྐྱངས་པས་རང་རྒྱུད་ཤར་གསུམ་ཞེས་ཡོངས་སུ་གྲགས་པ་ལྟར། སློབ་དཔོན་དེ་དག་གི་སྐུ་འཁྲུངས་ཡུལ་དང་འབྲེལ་བ་ཡོད་འདུག་པས་དཔྱད་དགོས་སོ།།
དེབ་ཐེར་གཞན་དུ་རྒྱ་གར་འཕགས་ཡུལ་གྱི་ཡུལ་གང་དུ་དུས་ནམ་ཞིག་སྐུ་ཇི་ལྟར་བལྟམས་ཚུལ་དང་། ལུང་རྟོགས་ཀྱི་ཡོན་ཏན་གཉིས་ལས་སྐུ་གཞོན་ནུའི་དུས་སུ་རབ་འབྱམས་ཤེས་བྱའི་དཀྱིལ་འཁོར་གྱི་ཁྱོན་ལ་མང་དུ་ཐོས་པ་ལུང་གི་ཡོན་ཏན་བརྙེས་ཚུལ། ཚུལ་བཞིན་བསྒྲུབ་པ་རྟོགས་པའི་ཡོན་ཏན་བརྙེས་ཚུལ། དེ་དག་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེར་བྱ་བ་རླབས་པོ་ཆེ་མཛད་ཚུལ་ཏེ། མདོར་ན་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་སྟེ་མཁས་པའི་ཚུལ་དགུས་རྒྱ་གར་འཕགས་པའི་ཡུལ་དུ་བསྟན་འགྲོའི་མཛད་རྗེས་ཇི་ལྟར་བསྐྱངས་ཚུལ་གྱི་རྣམ་ཐར་ཞིབ་ཕྲ་ཤིན་ཏུ་རྙེད་པར་དཀའ་མོད། འོན་ཀྱང་མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ནཱ་ལེནྡྲའི་མཁས་པའི་ཁྱུ་ཚོགས་ཀྱི་དབུས་ན། མཁྱེན་རབ་དང་རྣམ་དཔྱོད་ཀྱི་དཔལ་ལ་འཇིགས་པ་མེད་པའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པ་ཞིག་ཡིན་པ་ནི། ལུང་ཙམ་ལ་སྐྱབས་སུ་རེ་མ་དགོས་པར་མཛད་པ་ཐམས་ཅད་ཀྱི་ཡང་སྙིང་གསུང་[4]གི་མཛད་པའི་ཕྱག་རྗེས་རྨད་དུ་བྱུང་བ་རྩོམ་པ་ལེགས་བཤད་ཀྱི་ཕྲེང་བ་བཅུ་ཕྲག་གཉིས་ལྷག་བཞུགས་ཡོད་པ་ལས་ལེགས་པར་རྟོགས་ནུས་སོ།།
བདག་ཉིད་ཆེན་པོ་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྣམ་ཐར་དེབ་ཐེར་ཁག་ཏུ་གསལ་བ་ནི། དུས་རབས་བརྒྱད་པར་མཁན་ཆེན་ཞི་འཚོའི་བཀའ་དགོངས་ལམ་སྟོན་བཞིན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་གདན་དྲངས་ཏེ་ཧྭ་ཤང་མཧཱ་ཡ་ན་དང་རྩོད་པ་མཛད་པ་དང་། སྐབས་དེའི་རྩོད་པ་མཛད་ཚུལ་གྱི་རྣམ་པ། མཐར་རྩོད་པས་ཧྭ་ཤང་འཁོར་བཅས་ཕམ་པར་མཛད་ཚུལ། དེ་འབྲེལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྩོམ་སྐུལ་ཞུས་པ་ལྟར་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་ཚུལ། མཐར་མུ་སྟེགས་སམ་ཧྭ་ཤང་མཧཱ་ཡ་ནས་མངགས་པའི་གཤེད་མས་སྐུ་སྲོག་བཀྲོང་ཚུལ་དང་། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྒྱ་གར་བའམ་ཕ་དམ་པ་སངས་རྒྱས་དང་གང་ཟག་གཅིག་དང་ཐ་དད་གང་ཡིན་ལྟ་བུ་ལས། འཁྲུངས་ཡུལ་དང་། མཁན་ཆེན་ཞི་འཚོ་ལས་གཞན་གྱི་བླ་མ་གང་དག་བསྟེན་མིན་སོགས་རྣམ་ཐར་གྱི་དཔྱད་གཞིའི་ཡིག་རིགས་ཤིན་ཏུ་དཀོན་པས་ཞིབ་ཕྲའི་རྣམ་ཐར་འགོད་ཐབས་བྲལ་ཡང་། དཔྱད་གཞི་གང་རྙེད་རྣམས་གཞི་རྩར་བཟུང་སྟེ་རྣམ་ཐར་དང་། གསུང་རྩོམ་སོགས་ཀྱི་སྐོར་བཀོད་པ་ལགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་སྒོམ་རིམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡བ༤
[2] ཉང་རལ་ཆོས་འབྱུང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༨༤
[3] དཔལ་ནལནྡཱའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར། བཀའ་བརྒྱུད་ནང་བསྟན་མཐོ་སློབ། ༢༠༠༨ ལོ། ཤོག་གྲངས་ ༡༢༣
[4] གསུང་གི་མཛད་པ་ཉིད་མཛད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འགྱུར་ཚུལ་ནི། འགྲོ་བ་རྣམས་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་དངོས་ཆོས་དཀོན་མཆོག་དེ་ཉིད་རང་རྒྱུད་ལ་སྐྱེ་བ་ལ། གསུང་གི་མཛད་པའི་ཕྱག་རྗེས་བླ་ན་མེད་པ་ཆོས་ཉིད་བདེན་པ་སྟོན་པ་ལ་ངེས་པར་ལྟོས་དགོས་ཤིང་། དེའི་བསྟན་དོན་ཉམས་སུ་བླངས་པའི་སྒོ་ནས་ངེས་པའི་དོན་དུ་མི་བསླུ་བར་རྟོགས་པ་དེའི་ཚེ། བསྟན་པ་སྐྱོན་མེད་དུ་ཚད་མས་ངེས་ནུས་ཤིང་། དེ་ལ་བརྟེན་ནས་ཆོས་སྟོན་པ་པོ་ཉིད་ཀྱང་ལུང་ཙམ་ལ་སྐྱབས་སུ་རེ་མ་དགོས་པར་རང་སྟོབས་ཀྱིས་ཚད་མའི་སྐྱེས་བུ་ཡིན་པ་ལ་ངེས་པ་འདྲེན་ཐུབ་པ་འདི་དག་གསུང་གི་མཛད་པ་ཉིད་ལ་རག་ལས་པར་མཐོང་བའི་ཕྱིར་རོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༣ ནས་ ༣༥༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།