ག༽ ཟླ་བ་གྲགས་པའི་གསུང་གི་མཚན་བྱང་།
དེ་ཡང་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[1]།
ཚིག་འཇུག་བཞི་གསུམ་འགྲེལ་པ་འགྲེལ་བཤད་དང་། །
བསྟོད་ཚོགས་གཏམ་ཚོགས་རིགས་ཚོགས་ཐམས་ཅད་ཀྱི། །
ཚིག་དོན་མངའ་བ་ཟླ་གྲགས་གསར་མ་སོགས། །
རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་རྒྱུད་དང་། དབུ་མའི་སྡེ་ཚན་གཉིས་ནང་ཆོས་ཚན་ ༡༨ བཞུགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་བརྒྱད་ཡོད་པ་ནི། ༡ རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ་དང་། ༢ སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། ༣ སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ༤ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ༥ བདུད་རྩི་འཁྱིལ་བའི་སྒྲུབ་ཐབས། ༦ གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། ༧ གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ། ༨ ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་རླབས་ཅན་བཅས་བརྒྱད་དོ།།
གཉིས་པ་དབུ་མའི་སྐོར་ལ་བཅུ་སྟེ། ༡ དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དང་། ༢ དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ། ༣ དབུ་མ་ལ་འཇུག་པ། ༤ དབུ་མ་ལ་འཇུག་པའི་བཤད་པ། ༥ དབུ་མ་ཤེས་རབ་ལ་འཇུག་པ། ༦ རིགས་པ་དྲུག་ཅུ་པའི་འགྲེལ་པ། ༧ བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། ༨ ཕུང་པོ་ལྔའི་རབ་ཏུ་བྱེད་པ། ༩ སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། ༡༠ གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ་བཅས་ཁྱོན་བསྡོམས་གསུང་ཆོས་ཚན་ཁག་ ༡༨ བཞུགས་སོ།།
དེ་ལྟར་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ཆོས་ཚན་ ༡༨ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་དཔེ་ལྷག་མར་ལུས་པའི་ཆོས་ཚན་གྲངས་ ༧ དང་། བསྐྱར་གསོའི་ངོ་བོར་བཞུགས་པ་གཅིག་ལས། དེ་མིན་ཆོས་ཚན་ ༡༠ ཡི་ལེགས་སྦྱར་གྱི་མ་དཔེ་རྩ་བརླག་ཏུ་སོང་སྟེ་མི་བཞུགས་པ་བཅས་སོ།།
གཞན་ཡང་སྟོང་པ་རྟེན་འབྱུང་དང་། རྟེན་འབྱུང་སྟོང་པའི་དོན་དུ་ཚུལ་བཞིན་དུ་རྟོགས་པ་ལ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་རྫོང་ཆེན་བཅོ་ལྔར་གྲགས་པ་སྟེ། ༡ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་དང་། ༧ སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ། ༨ སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ། ༩ དཔལ་ལྡན་ཟླ་བ་གྲགས་པས་གཞུང་རང་རྐང་དུ་བརྩམས་པའི་དབུ་མ་འཇུག་པ་དང་། ༡༠ དེའི་རང་འགྲེལ། དེའི་སྟེང་དུ་དཔལ་ལྡན་ཟླ་བའི་འགྲེལ་ཆེན་བཞི་སྟེ། ༡༡ རྩ་ཤེའི་འགྲེལ་པ་ཚིག་གསལ་དང་། ༡༢ རིགས་པ་དྲུག་ཅུ་པའི་འགྲེལ་པ། ༡༣ དབུ་མ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། ༡༤ སྟོང་ཉིད་བདུན་ཅུ་པའི་འགྲེལ་པ་དང་། ༡༥ རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཤེས་རབ་ལེའུ་བཅས་ལ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའི་རྫོང་ཆེན་བཅོ་ལྔར་གྲགས་ལ། དེ་དག་གི་མཛད་པ་པོ་རྣམས་ནི་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཤ་སྟག་ཡིན་པར་མ་ཟད། ལྷག་པར་གྲུབ་མཐའི་རྫོང་ཆེན་བཅོ་ལྔ་ལས་དྲུག་ནི། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྨད་དུ་བྱུང་བའི་ལེགས་བཤད་ཡིན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་གྲངས་ ༡༥ན༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣ ནས་ ༣༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།