ག༽ དཀར་ཆག་གི་བྱེད་ལས་དང་ནུས་པ།
དཀར་ཆག་གི་བྱེད་ལས་དང་ནུས་པ་ནི། དེ་ལྟ་བུའི་དཀར་ཆག་གི་ནུས་པ་གང་ཞིག་འདོན་ཐུབ་བམ་ཞེ་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ལས[1]། དཀར་ཆག་ནི་དཔེ་དེབ་ཀུན་གྱི་གཟུགས་བརྙན་གསལ་བའི་མེ་ལོང་ལྟ་བུ་ཡིན་ཏེ། དཀར་ཆག་གི་ནང་དུ་དཔེ་དེབ་སོ་སོའི་མིང་དང་། རྩོམ་པ་པོའི་མིང་། ནང་དོན། སྡེ་ཚན། ཤོག་གྲངས།
ཆ་ཚང་མིན། བྲིས་མ་དང་དཔར་མ་གང་ཡིན་སོགས་ཞིབ་ཅིང་ཕྲ་བ་བཀོད་ཡོད་སྟབས། དཀར་ཆག་ལ་ཡང་ཡང་ལྟ་ཀློག་བྱེད་ཐུབ་ན་དུས་ཚོད་རིང་པོ་མི་དགོས་པར་དེའི་ནང་བཀོད་པའི་དོན་ཚན་གལ་ཆེ་བ་རྣམས་བློ་ལ་འཛིན་ཐུབ་པ་ཡོང་ཞིང་། རྩོམ་པ་པོ་གང་དང་གང་གི་རྩོམ་ཡིག་ནང་དཔྱད་གཞི་གལ་ཆེ་བ་གང་དང་གང་ཡོད་པ་དང་། སྡེ་ཚན་གང་གི་ནང་དུ་མཁས་པ་སུ་དང་སུའི་རྩོམ་ཡིག་ཡོད་པ། རྩོམ་ཡིག་དེ་དུས་སྐབས་གང་གི་ནང་དུ་བརྩམས་པ། དེ་ལ་ཁྱད་ཆོས་གང་དང་གང་ཡོད་པ་སོགས་ཀྱི་དཀར་ཆག་གསོན་པོ་ཞིག་རང་གི་བསམ་བློའི་ཐོག་ཆགས་ཐུབ་པ་ཡོང་། ཞེས་གསུངས་པ་ལྟར་གྱི་ཕན་ནུས་ལྡན་ཡོད།
གཞན་ཡང་དཀར་ཆག་ནི་གོ་རིམ་ལྡན་པ་དང་། ཆ་ལག་ཚང་བ། ཚན་རིག་གི་རང་བཞིན། ཤེས་རིག་གི་རང་བཞིན། ཕྱོགས་བསྡུས་ཀྱི་རང་བཞིན་བཅས་ཡིན་པར་མ་ཟད། ལྟ་ཀློག་དང་འཚོལ་ཞིབ་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་དཀར་ཆག་རིག་པ་ལས་[2]ཀྱང་། དཀར་ཆག་ནི་གཞི་ཁྱོན་ཆེ་ཞིང་། རྣམ་གྲངས་མང་བའི་དཔེ་ཆ་བལྟ་བ་ལ་མེད་དུ་མི་རུང་བའི་གསལ་བྱེད་མེ་ལོང་ལྟ་བུ་དང་། ཚན་རིག་ཞིབ་འཇུག་བྱེད་པར་ཐོག་མའི་འཇུག་སྒོ་ལྟ་བུ། དཔེ་མཛོད་ཁང་གི་སྒོ་བརྒྱ་མྱུར་དུ་འབྱེད་པའི་ལྡེ་མིག་ལྟ་བུ། གལ་ཆེའི་དཔེ་དེབ་བདག་གཉེར་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་ནུས་ལྡན་མཚོན་ཆ་ལྟ་བུ་བཅས་ཡིན། ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་རྣམས་ཀྱང་གཞི་ཁྱོན་ཆེ་ལ། རྣམ་གྲངས་མང་བས་དེ་དག་ལྟ་ཀློག་བྱ་རྒྱུར་མེད་དུ་མི་རུང་བའི་གསལ་བྱེད་མེ་ལོང་ལྟ་བུ་དང་། མ་འོངས་པར་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་རྣམས་ལ་ཞིབ་འཇུག་གནང་མཁན་དག་ལའང་ཐོག་མའི་འཇུག་སྒོ་དང་། གསུང་འབུམ་གྱི་བརྗོད་བྱའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུར་དཀར་ཆག་ཞིབ་གསལ་ཚད་ལྡན་ཞིག་དགོས་མཁོ་ཤིན་ཏུ་ཆེ་བར་མཐོང་སྟེ། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་འདིར་ཁ་གསལ་གོ་བདེ་དང་། ཞིབ་ཚགས་ཀྱི་ལམ་ནས་དཀར་ཆག་གླེགས་བམ་སྟོད་སྨད་བར་གསུམ་དུ་ཕྱེ་ནས་བསྒྲིགས་ཡོད། ལོ་སྟོང་ཕྲག་ལྷག་གི་སྔ་རོལ་ནས་སྔོན་བྱོན་ལོ་པཎ་རྣམས་ཀྱིས་སྔོན་གྱི་དཀར་ཆག་རྣམ་གསུམ་སོགས་བསྒྲིགས་ཡོད་ལ། དེ་དག་ཏུ་བཀའ་བསྟན་གྱི་མཚན་བྱང་དང་། བམ་པོ། ཤླཽ་ཀའི་གྲངས་བཅས་ཆིངས་རིམ་པ་གསུམ་གྱི་གཏན་ལ་ཕབ་ཡོད།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤
[2] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥ ནས་ ༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།