༦༽ འབྲེལ་བ་བརྟག་པ།
དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]།
མཐའ་ཡས་ཞིང་ན་བློ་མཆོག་མངའ་བར་གྲགས། །
མཁས་པའི་འདུན་སར་རིགས་སྨྲའི་གཙོ་བོར་གྲགས། །
འཇིག་རྟེན་གསུམ་ན་བདག་ཉིད་ཆེན་པོར་གྲགས། །
གྲགས་ཆེན་ལྡན་པ་མཁས་མཆོག་ཆོས་གྲགས་ཞབས། །
ཞེས་བསྟོད་ཕྱག་མཛད་ཡུལ་མཁས་མཆོག་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་འབྲེལ་བ་བརྟག་པའི་གཞུང་འདིའི་ཁྱད་ཆོས་ནི། རྗེ་དགེ་འདུན་གྲུབ་ (1391-1474) ཀྱིས་མཛད་པའི་ཚད་མ་རིགས་རྒྱན་ལས[2]། ཚུལ་གསུམ་གྱི་རྩ་བ་འབྲེལ་བ་ལ་རག་ལས་པ་ཡིན་ལ། འབྲེལ་བ་ལ་ལྡན་འདུའི་འབྲེལ་བ་དང་། འབྲེལ་བ་རྫས་གྲུབ་འདོད་པའི་ལོག་རྟོག་བསལ་ནས། འབྲེལ་བ་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གཉིས་སུ་གྲངས་ངེས་པར་བསྒྲུབ་པའི་ཕྱིར་དང་། ཐར་པ་ཐོབ་པར་བྱེད་པའི་ཐབས་བདག་མེད་རྟོགས་པའི་ཤེས་རབ་དང་། འཁོར་བའི་རྩ་བ་བདག་འཛིན་ཡིན་ལ། དེའི་ཞེན་ཡུལ་གང་ཟག་གི་བདག་མེད་པར་འབྲེལ་བ་རྫས་གྲུབ་བཀག་པས་འགྲུབ་པར་དགོངས་ནས། འབྲེལ་བ་བརྟག་པས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་གཞུང་རྒྱས་པར་འཆད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་དང་། འབྲེལ་བ་བརྟག་པའི་རབ་བྱེད་རྩ་བ་དང་། འབྲེལ་བ་བརྟག་པའི་རབ་བྱེད་རང་འགྲེལ་དང་། དུལ་བ་ལྷའི་རྒྱ་ཆེར་བཤད་པ་དང་། བྲམ་ཟེ་བདེ་བྱེད་དགའ་བའི་འབྲེལ་བ་བརྟག་པའི་རྗེས་འབྲང་བཅས་བཞི་ག་བོད་འགྱུར་ཁོ་ནར་བཞུགས་ཡོད།
ཕོ་རཽ་ཝལ་ནར་གྱིས་འབྲེལ་བ་བརྟག་པའི་རབ་བྱེད་ཀྱི་ཚིགས་བཅད་ཉེར་ལྔའི་ནང་ནས་གཅིག་ནས་ཉེར་གཉིས་བར་རྒྱལ་བ་པའི་གཞུང་ནས་རྙེད་རྗེས་བོད་འགྱུར་འབྲེལ་བ་བརྟག་པ་རྩ་འགྲེལ་ལ་ཞུ་ཆེན་དང་སྦྲགས་རྗར་མན་སྐད་དུ་བསྒྱུར།[3] དེ་རྗེས་ཤསྟྲི་ཡིས་རྒྱལ་བ་པའི་སློབ་དཔོན་འོད་ཀྱི་ཟླ་བ་ཡི་གཞུང་འདིར་འབྲེལ་བ་བརྟག་པ་ལུང་འདྲེན་གནང་བ་གསལ་རྟོགས་བྱུང་ཡོད་ཀྱང་འབྲེལ་བ་བརྟག་པའི་ལེགས་སྦྱར་ཚིགས་བཅད་གོང་ཞུས་ལས་གསར་པ་མ་རྙེད།[4] ལྷག་པར་ཆོས་གོགས་ཡ་ཨི་ཐ་ཡིས་གཞུང་འདི་གཉིས་ནས་འབྲེལ་བ་བརྟག་པའི་ལེགས་སྦྱར་ཚིགས་བཅད་ཉེར་གསུམ་ནས་ཉེར་ལྔ་བར་རྙེད་རྗེས་གཞུང་འདིའི་ལེགས་སྦྱར་ཚིགས་བཅད་ཐམས་ཅད་རྙེད་[5]པ་བཅས་སོ།། །།
༡) འབྲེལ་པ་བརྟག་པའི་འགྲེལ་པ།
དེ་ཡང་འབྲེལ་བ་བརྟག་པའི་འགྲེལ་པ་ནི། སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་ཅིང་། པཎྜི་ཏ་བི་ཤུདྡྷ་སིཾ་ཧ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་དང་། འདིའི་ལེགས་སྦྱར་གྱི་མ་དཔེ་ད་ལྟའང་བཞུགས་ཡོད། འདིའི་གཞུང་ཚད་ལ་ཚེག་ཁྱིམ་ ༤༧༤༡ མཆིས།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༥༤
[2] ཚད་མ་རིགས་རྒྱན། ༼ཅ༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡
[3] E. Frauwallner, Dharmakirti’s Sambandhapariksa, Text und Ubersetzung, Wiener Zeitschift fur die Kunde des Morgenlandes 41, 1934; Kleine Schriften.
[4] S. Dwarikadas Shastri ed. Vandanyayaprakarana of Acharya Dharmakirti with the commentary Vipancitartha of Acharya Santaraksita and Sambandhapariksa with the commentary of Acharya Prabhacandra, Bauddha Bharati Series 8, Varanasi, 1972.
[5] Yaita H. The Study of Tarkarahasya(I), Journal of Naritasan Institute for Buddhist Studies, No. 12, 1988, p. 98.
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༠ ནས་ ༤༦༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།