ཁ༽ མགོན་པོ་ཀླུ་སྒྲུབ་རྒྱལ་བའི་ལུང་གིས་ཟིན་ཚུལ།
དེ་ཡང་དབུ་མའི་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ནི། ཡོན་ཏན་དང་མཛད་སྤྱོད་སོགས་ཀྱིས་ཡོངས་སུ་ཕྱུག་ཅིང་། མདོ་རྒྱུད་དུ་མ་ནས་རྒྱལ་བའི་ལུང་གིས་ཡང་ཡང་ཟིན་པའི་ཆེ་བ་དང་ལྡན་ཚུལ་ནི། ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[1]།
དེ་ཡང་སྤྲིན་ཆེན་མདོ་དང་འཇམ་དཔལ་གྱི། །རྩ་བའི་རྒྱུད་སོགས་མདོ་རྒྱུད་དུ་མ་ནས། །
ཐུབ་པ་མྱ་ངན་འདས་ནས་ལོ་བཞི་བརྒྱར། །དགེ་སློང་ཀླུ་མིང་རབ་དགའི་ས་ཐོབ་པ། །
རྒྱ་གར་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྱུང་། །དེས་ནི་མཐའ་བྲལ་དབུ་མ་ཐེག་ཆེན་སྟོན། །
འཛམ་གླིང་མཛེས་པའི་རྒྱན་མཆོག་ལེགས་གྱུར་ཚུལ། །རྒྱལ་བའི་བཀའ་ལུང་གིས་ནི་ཡང་ཡང་བསྔགས། །
ཞེས་མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་གིས་བསྔགས་པར་གསུངས་ལ། དེ་བཞིན་རྗེ་བཙུན་རེད་མདའ་བ་ཆེན་པོས་ (1349-1412) མཛད་པའི་ཐུབ་དགོངས་བཙལ་ཚུལ་ལས[2]།
སྟོན་པ་འདས་ནས་བཞི་བརྒྱའི་ལོ་འདས་ཚེ། །བེ་ཏའི་ཡུལ་དུ་ལི་ཙ་བི་གཞོན་ནུ། །
ཀླུ་སྒྲུབ་ཅེས་བྱའི་དགེ་སློང་དུ་གྱུར་ནས། །ཐུབ་བསྟན་རྒྱས་པར་མདོ་སྡེའི་ཚོགས་ལས་གསུངས། །
ཞེས་གསུངས་པ་ལྟར། ཟབ་མོ་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་འབྱེད་འཕགས་མཆོག་ཀླུ་སྒྲུབ་ཞབས་ནི། ཐོག་མར་བསྐལ་པ་གྲངས་མེད་པའི་སྔ་རོལ་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་དུ་མར་ཚོགས་གཉིས་བར་མ་ཆད་དུ་བསགས། མཐར་འཇིག་རྟེན་གྱི་ཁམས་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱི་མི་ལང་བར་སེམས་ཅན་ལ་ཕན་པ་འབའ་ཞིག་གི་འཕྲིན་ལས་མཛད་བཞིན་པ་ལས། འཛམ་བུའི་གླིང་འདིར་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་མཐར་སྤེལ་སླད་བསམ་བཞིན་བྱོན་པ་སྟེ། དེ་ཡང་ཐམས་ཅད་མཁྱེན་པ་འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ (1175-1255) ཀྱིས་མཛད་པའི་སློབ་དཔོན་ཆེན་པོ་འཕགས་པ་ལ་བསྟོད་པ་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས[3]།
རྩ་རྒྱུད་ཆེན་པོ་ལང་ཀར་གཤེགས་པའི་མདོ། །སྤྲིན་ཆེན་སྟོང་ཕྲག་བཅུ་གཉིས་མདོ་དང་ནི། །
རྔ་བོ་ཆེ་དང་མགོན་པོ་མངོན་འབྱུང་རྒྱུད། །དུ་མར་ལུང་བསྟན་རྒྱལ་བ་ཁྱོད་ཕྱག་འཚལ། །
ཞེས་གསུངས་པ་ལྟར་རྒྱལ་བས་མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་བསྟན་པའི་སྐྱེས་བུ་དམ་པ་ཞིག་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1565/66) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ལས་ཀྱང་[4]།
ཐེག་པ་མཆོག་གི་ཤིང་རྟའི་སྲོལ་བཟུང་ནས། །བསྟན་པ་ཆེས་ཆེར་གསལ་བར་མཛད་པ་ཡི། །
རྒྱལ་བའི་ལུང་བསྟན་འགྲོ་བའི་བཤེས་གཅིག་པུ། །འཕགས་མཆོག་ཀླུ་སྒྲུབ་སྙིང་པོ་ལ་ཕྱག་འཚལ། །
ཞེས་གསུངས་པ་ལྟར། སློབ་དཔོན་བདག་ཉིད་ཆེན་པོ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བར་རྒྱལ་བས་མདོ་རྒྱུད་དུ་མ་ནས་དངོས་སུ་ལུང་བསྟན་པའི་ཟབ་མོ་དབུ་མའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་འདི་ཉིད་ནི། ཇི་སྐད་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་ཆེན་པོས་ (1357-1419) མཛད་པའི་དབུ་མ་དགོངས་པ་རབ་གསལ་གྱི་མཆོད་བརྗོད་ལས་[5]ཀྱང་།
དུས་གསུམ་བདེ་བར་གཤེགས་པའི་ཐུགས་ཀྱི་བཅུད། །མཐའ་བྲལ་དབུ་མ་རྟེན་ཅིང་འབྲེལ་འབྱུང་ལམ། །
ཇི་བཞིན་འགྲེལ་པར་ལུང་བསྟན་ཀླུ་སྒྲུབ་ལ། །སྙིང་ནས་འདུད་དོ་བརྩེ་བའི་ལྕགས་ཀྱུས་ཟུངས། །
ཞེས་གསུངས་པ་ལྟར། སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་བྱོན་པར་ལུང་བསྟན་ཚུལ་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྩ་ཤེས་ཊཱིཀ་ཆེན་དུ་མདོ་རྒྱུད་ཁག་ལྔ་ལས་མགོན་པོ་ཀླུ་སྒྲུབ་ལུང་བསྟན་རྣམས་དྲངས་པར་མཛད་ལ། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་ (600-650) མཛད་པའི་དབུ་མ་ལ་འཇུག་པའི་བཤད་པ་ལས[6]། ཅི་སྟེ་རེ་ཞིག་འཕགས་པ་ཀླུ་སྒྲུབ་དེ་ཉིད་ལ་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཅི་ལྟར་ཡོད་ཅེ་ན། ལུང་ལས་ཤེས་ཏེ། ཞེས་གསུངས་པ་ལྟར།
༡༽ ལངྐར་གཤེགས་པའི་མདོ་ལས་ལུང་བསྟན་ཚུལ།
དེ་ཡང་རོང་སྟོན་སྨྲ་བའི་སེངྒེས་ (1367-1449) མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[7]།
སྟོབས་བཅུ་མངའ་བའི་ལུང་བསྟན་རབ་བརྙེས་ཤིང༌། །ཐུབ་བསྟན་རྒྱ་མཚོའི་དབུས་ན་མངོན་པར་མཐོ། །
ལེགས་བཤད་རིན་ཆེན་ཀུན་གྱི་གཏེར་མངའ་བ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། སྟོན་པ་ཉིད་ (BC. 624-544) ཀྱིས་གསུངས་པའི་འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ་ལས[8]།
སོ་སོར་རང་རིག་ཐེག་པ་ནི། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །
མགོན་པོ་འདས་པའི་འོག་ཏུ་ནི། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །
བདེ་གཤེགས་མྱ་ངན་འདས་པའི་འོག །ཚུལ་རྣམས་འཛིན་པར་འགྱུར་བ་སྟེ། །
དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །
ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །
དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །
ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །
རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །
ཞེས་མགོན་པོ་ཀླུ་སྒྲུབ་བྱོན་པའི་དུས་དང་། འཁྲུངས་ཡུལ། མཚན་གྱི་རྣམ་གྲངས། གསུང་རབ་ལ་དྲང་ངེས་འབྱེད་ཚུལ་བཅས་ལུང་བསྟན་ཅིང་། ལངྐར་གཤེགས་པའི་མདོ་ལའང་། བཀའ་འགྱུར་ནང་རྒྱ་གར་འཕགས་ཡུལ་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་བའི་མདོ་གཅིག་དང་། རྒྱ་གར་འཕགས་ཡུལ་ནས་རྒྱ་ནག་གི་སྐད་དུ་བསྒྱུར་ཅིང་། རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་བའི་མདོ་གཅིག་བཅས་གཉིས་ཡོད་ལ། དེ་མིན་འཕགས་པ་གནས་བརྟན་སྡེ་པའི་སྡེ་སྣོད་ནང་བཞུགས་པའི་པཱ་ལིའི་སྐད་ཡིག་ཐོག་ཏུའང་ལངྐར་གཤེགས་པའི་མདོ་གཅིག་བཅས་བཞུགས་པ་དེ་དག་བར་ཅུང་ཟད་མི་འདྲ་བ་ཡོད་འདུག་ཅིང་། ལངྐར་གཤེགས་པའི་ལུང་བསྟན་འདི་ཉིད་ཐོག་མར་འཇུག་པ་རང་འགྲེལ་དུ་ལུང་འདྲེན་མཛད་པ་དང་། དེ་རྗེས་རྩ་ཤེའི་ཊཱིཀ་ཆེན་དུའང་དྲངས་པ་གནང་ཡོད།
དེ་བཞིན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[9]། རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་པའི་ལུང་འདིས་མགོན་པོ་ཀླུ་སྒྲུབ་སྐུ་ཚེ་དེ་ལ་ས་དང་པོ་གྲུབ་པར་བཤད་པ་ནི་ཐུན་མོང་གི་དབང་དུ་བྱས་ནས་ཡིན། བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་པ་ཐུན་མོང་མིན་པའི་དབང་དུ་བྱས་ན། ཡེ་ཤེས་ཀྱི་སྐུས་བདེ་བ་ཅན་དུ་གཤེགས་པ་ཡིན་གྱི། དེར་པདྨ་སོགས་ལས་རྫུས་ཏེ་སྐྱེས་པ་མིན། ཞེས་ཀྱང་གསུངས་སོ།།
༢༽ འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་ཚུལ།
དེ་ཡང་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[10]།
ཀླུ་ཞབས་རྒྱལ་བ་གཉིས་པ་ནི། །རྒྱལ་བས་ལུང་དུ་བསྟན་པ་ལྟར། །
མཐའ་བྲལ་ལྟ་བ་རྣམ་དག་དཔལ། །སྒྲུབ་མཛད་དེ་ལ་བདག་ཕྱག་འཚལ། །
ཞེས་གསུངས་པ་ལྟར་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ལས[11]།
དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །
དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །
རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །
རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་གྲུབ། །
བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །
གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུའང་སྐྱེ་བར་འགྱུར། །
དེ་ནས་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །
ཅེས་འབྱོན་པའི་དུས་དང་། སློབ་དཔོན་གྱི་མཚན། དགུང་ལོ་ཇི་བཞུགས་ལང་གཤེགས་དང་འདྲ་བར་གསུངས་ཤིང་། འཇམ་དཔལ་རྩ་རྒྱུད་དམ་འཇམ་དཔལ་རྩ་བའི་རྟོག་པ་ཞེས་པ་ནི་མདོ་རྒྱུད་གཉིས་ལས་རྒྱུད་དང་། རྒྱུད་སྡེ་བཞི་ལས་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་པའི་རྒྱུད་ཅིག་ཡིན་ལ། འཇམ་དཔལ་རྩ་རྒྱུད་ཀྱི་ལུང་འདི་ཉིད་དབུ་མ་རིན་ཆེན་སྒྲོན་མེ་དང་། ཇོ་བོ་རྗེ་གཉིས་ཀས་དྲངས་པ་གནང་ཡོད། དེར་བརྟེན་ལུང་དེ་དག་རྒྱ་གར་འཕགས་ཡུལ་གྱི་མཁས་གྲུབ་ལོ་པཎ་རྣམས་ཀྱིས་ལུང་དྲངས་པ་ཤ་སྟག་ལས། རྗེ་བདག་ཉིད་ཆེན་པོས་རང་བཟོའི་ཐོག་ནས་དྲངས་པ་གཅིག་ཀྱང་མེད།
གཞན་ཡང་རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ་ལས[12]། འཇམ་དཔལ་རྩ་རྒྱུད་བཀའ་འགྱུར་དུ་བཞུགས་པ་འདི་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བཀས། གཙང་གི་དགེ་ཕུར་འཁྲུངས་པའི་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་མཇུག་བྱང་དུ་གསལ་མོད། ཐུའུ་བཀྭན་གྲུབ་མཐར། དེ་ལྟར་ན་འཇམ་དཔལ་རྩ་རྒྱུད་ཀྱང་ཁྲི་སྲོང་གི་དུས་སུ་བསྒྱུར་བས་རྙིང་རྒྱུད་དུ་ཁས་ལེན་དགོས་པར་འགྱུར་ཡང་། རྒྱུད་སྡེའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་གསར་མར་མཛད་པ་ཅི་ཡིན་དཔྱད་པའི་གཞིར་སྣང་ངོ་། །ཞེས་པ་འགྱུར་གཞན་ཞིག་ཡིན་ནམ་བརྟག་དགོས་ཏེ། བསྟན་པ་སྔ་དར་སྐབས་སུ་མདོ་རྒྱུད་བསྒྱུར་བ་དག་གི་མཚན་བྱང་བཅོམ་ལྡན་རིགས་རལ་གྱི་བསྟན་པ་རྒྱས་པའི་ཉི་འོད་དུ་འབྱུང་ཡང་། འཇམ་དཔལ་རྩ་རྒྱུད་དེའི་གྲས་སུ་མེད་པར་དེར་ཡང་ཕྱིས་སུ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བར་བཤད་ལ། ཕྱི་དར་ལ་འཇམ་དཔལ་རྩ་རྒྱུད་ལ་ཆོས་ཤེས་ཀྱི་འགྱུར་དང་འབྲོག་མིའི་འགྱུར་ཡང་ཡོད་པར་སྒོ་མང་འཇིགས་བྱེད་ཆོས་འབྱུང་གི་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་བའི་རྣམ་ཐར་ཐད་དུ་འབྱུང་ངོ་། །རིམ་ལྔ་དང་རྩ་ཤེས་རྩོམ་མཁན་གང་ཟག་གཅིག་མ་ཡིན་པར་འདོད་མཁན་མཆིས་ཀྱང་སྒྲུབ་བྱེད་གཞན་མེད་པ་མཉམ་པོ་ལ། མཁས་པ་སྔ་མ་རྣམས་ལ་གྲགས་པའི་ལོ་རྒྱུས་ལ་དེ་གཉིས་གཅིག་པར་བཤད་པའི་ཕྱིར་དེ་ལྟར་ཁས་བླང་བར་བྱའོ། །ཞེས་གསལ་བར་བྱུང་ངོ་།།
༣༽ འཕགས་པ་སྤྲིན་ཆེན་པོ་ལས་ལུང་བསྟན་ཚུལ།
དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ་ལས[13]།
ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེ་ཞིང་། །ནམ་ཡང་མཐའ་གཉིས་གནས་ལ་གནས་བྲལ་བས། །
བདེ་བ་ཅན་གནས་མཐར་གྱིས་དང་བའི་འོད། །འཚང་རྒྱའི་བར་དུ་བརྡལ་བ་དེ་ལ་འདུད། །
ཅེས་བསྟོད་ཕྱག་མཛད་པ་ལྟར་འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ལུང་དུ་བསྟན་ཚུལ་ནི། འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས[14]། ཤཱཀྱའི་རིགས་ལིད་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ངའི་ཆོས་འབྱུང་བར་བྱ་བའི་ཕྱིར་ལིད་ཙ་བཱིའི་བུ་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་བྱང་ཆུབ་སེམས་དཔའ་མི་མཆོག་དེ་དེར་རིགས་ཆེན་པོར་སྐྱེ་བར་འགྱུར་ཏེ། དེའི་ཕ་མ་དང་གཉེན་སྡེ་རྣམས་ཀྱིས་ངའི་མིང་དེའི་མིང་དུ་འདོགས་པར་འགྱུར་རོ། །ཞེས་དང་། དཔལ་ལྡན་ཟླ་བ་གྲགས་པས་ (600-650) མཛད་པའི་དབུ་མ་ལ་འཇུག་པའི་བཤད་པ་ལས[15]། ཀུན་དགའ་བོ། ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་འདིས་ལུང་ཕྱིན་ཅི་མ་ལོག་པར་ངེས་པར་གྲུབ་བོ། །ཞེས་འཇུག་པ་རང་འགྲེལ་དུ་ཐོག་མར་ལུང་འདྲེན་མཛད་ཅིང་། དེ་བཞིན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་དང་། རྩ་ཤེས་ཊཱིཀ་ཆེན་སོགས་སུའང་ལུང་འདྲེན་མཛད་ཡོད།
གཞན་ཡང་གནུབས་བྱམས་པའི་དཔལ་ལམ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པའི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་བསྟོད་པ་ལས[16]།
སྔོན་ཚེ་ཐུབ་སྲས་ཐུ་བོ་ལིད་ཙ་བྱི། །ལྔ་བྱའི་ཐོག་མར་རྨ་བྱའི་རིག་འཛིན་རྒྱུར། །
མ་འོངས་སངས་རྒྱས་ཡེ་ཤེས་བླ་མའི་འོད། །འགྲོ་བའི་གཉེན་གཅིག་ཁྱོད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས་[17]ཀྱང་། དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གཞུང་མང་དུ་གསུངས་སོ། །འདིར་ཆེ་ལོང་ཙམ་བྲིས་སོ། །ཞེས་གསུངས་པ་ལྟར། འཕགས་པ་སྤྲིན་ཆེན་པོའི་མདོ་ལའང་བོད་འགྱུར་མི་འདྲ་བ་རེ་ཟུང་ཡོད་ལ། སྤྲིན་ཆེན་པོའི་མདོ་ནི། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་དང་། ཚིག་གསལ་གཉིས་ཀར་ལུང་དྲངས་པར་མཛད་ལ། དེ་བཞིན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་དབུ་མ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་བའི་ནང་དུའང་ལུང་འདི་ཉིད་དྲངས་པ་གནང་ཡོད།
༤༽ འཕགས་པ་རྔ་བོ་ཆེའི་མདོ་ལས་ལུང་བསྟན་ཚུལ།
དེ་ཡང་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་མགོན་པོ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ་ལས[18]།
མར་མེ་མཛད་ཀྱང་བྱོན་པའི་སྔར། །ལུང་བསྟན་བརྙེས་པས་དཔག་དཀའ་ཡང་། །
ཕལ་པ་ལྟ་བུར་བྱིན་རློབས་པ། །རྒྱལ་བའི་རྣམ་འཕྲུལ་བསམ་མི་ཁྱབ། །
ཅེས་བསྔགས་པ་ལྟར་འཕགས་པ་རྔ་བོ་ཆེ་ཆེན་པོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས[19]། ཀུན་དགའ་བོ་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ན། དགེ་སློང་བློ་འཆང་ཞེས་བྱ་བར་འགྱུར་ཏེ། རྔ་བོ་ཆེའི་མདོ་འདི་འཛིན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རྔ་བོ་ཆེའི་མདོའི་ལུང་ནི། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་འགྲེལ་པའི་ནང་དུ་ལུང་དྲངས་ཡོད་ལ། དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་དབུ་མའི་མན་ངག་གི་ནང་དུའང་ལུང་དེ་དྲངས་པ་གནང་ཡོད།
དེ་བཞིན་འཕགས་པ་རྔ་བོ་ཆེ་ཆེན་པོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་[20]ཀྱང་། ལིཙྪ་བཱི་གཞོན་ནུ། འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་འགྱུར་ཏེ། དེ་ནས་འཇིག་རྟེན་གྱི་ཁམས་དེར། མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ནུབ་པའི་དུས་ཀྱི་ཚེ། ལོ་བརྒྱད་ཅུ་ལོན་པ་ན། དགེ་སློང་བློ་འཆང་ཞེས་བྱ་བར་གྱུར་ནས། རང་གི་སྲོག་ལ་ཡང་མི་ལྟ་བར་བྱས་ཏེ། མདོ་འདི་འབྱིན་པར་འགྱུར་རོ། །དེ་ནས་ལོ་བརྒྱ་ལོན་པའི་འོག་ཏུ་ཤི་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེའི་ཚེ། ཁྱོད་ཀྱིས་རྫུ་འཕྲུལ་ཆེན་པོ་མང་དུ་འབྱིན་པར་འགྱུར་ཞིང་། ས་བརྒྱད་པ་ལ་གནས་ཏེ། ལུས་གཅིག་ནི་བདེ་བ་ཅན་ན་འདུག །ལུས་གཅིག་ནི་སྤྲུལ་ཏེ། དགའ་ལྡན་དུ་བཞག་ནས། མགོན་པོ་མི་ཕམ་པ་ལ་མདོ་འདི་འདྲི་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཞེས་པ་ལ་སོགས་པ་མང་དུ་གསུངས་སོ།།
དེ་བཞིན་ཐམས་ཅད་མཁྱེན་པ་འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ (1175-1255) ཀྱིས་མཛད་པའི་སློབ་དཔོན་ཆེན་པོ་འཕགས་པ་ལ་བསྟོད་པ་ནོར་བུ་རིན་པོ་ཆེའི་ཕྲེང་བ་ལས[21]།
རྒྱལ་བས་མདོ་རྒྱུད་དུ་མར་ལུང་བསྟན་ཅིང༌། །ང་ཡི་མཚན་ཅན་དགེ་སློང་དེར་འབྱུང་སྟེ། །
ཆོས་ཀྱི་རྔ་ཆེན་དེས་ནི་བརྡུང་འགྱུར་ཞེས། །སྟོན་པ་གཉིས་པ་འཕགས་པའི་ཞབས་པད་འདུད། །
ཅེས་བསྟོད་ཕྱག་མཛད་པ་ལྟར། རྔ་བོ་ཆེའི་མདོ་དེ་ཉིད་ལས་[22]ཀྱང་། གཞོན་ནུ་ཁྱོད་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཡིན་གྱིས་ཕན་པ་སྟོན་པ་ཆོས་ཀྱི་རྔ་བོ་ཆེ་རྡུངས་ཤིག །རྔ་བོ་ཆེ་ཆེན་པོའི་མདོ་སྨོས་ཤིག །ཆོས་ཀྱི་དུང་བུས་ཤིག་ཅེས་ཚིག་ཏུ་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མ་ནུས་ཏེ། ཞིང་སྲུང་བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་ཐམས་ཅད་མཉན་ནས་ལུས་ལ་ཐོགས་ཏེ། འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངས་ས་བདུན་པ་ལ་བཞག་སྟེ་མི་ཕལ་པ་ཞིག་ཏུ་བྱིན་གྱིས་བརླབས་ནས་གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་དེའི་ཚེ་ལྷོ་ཕྱོགས་སུ་ཡུལ་མུ་རུན་དུ་ཞེས་བྱ་བ་ན་ཆུ་བོའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང་། ཉེ་བའི་གྲོང་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ། ཞིང་སྲུང་བའི་ཐབས་མཁས་པས་ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ནས་དེ་དག་བསྡུ་བའི་དངོས་པོས་བསྡུས་ཏེ། མདོ་འདི་རྙེད་ནས་ལུས་ལ་བཅངས་ཏེ། དགེ་འདུན་དག་པར་བྱས་ནས་དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ཏེ་ཆོས་ཆེན་པོ་སྒྲོགས་པར་འགྱུར། རྔ་བོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ཆོས་ཀྱི་དུང་དང་། ཆོས་ཀྱི་རྒྱལ་མཚན་སྒྲོགས་པར་འགྱུར་རོ། །གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །གསུམ་པ་སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང་། རྔ་བོ་ཆེ་ཆེན་པོའི་མདོའི་གཏམ་སྨྲ་བར་འགྱུར་རོ། །ཆོས་ཆེན་པོའི་རྔ་བོ་ཆེ་རྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར། ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ། །ཕྱིས་མདོ་འདི་ཐོས་ནས་ན་ཚོད་ཆེན་པོར་འགྱུར་ཏེ། ལོ་བརྒྱར་མདོ་འདིའི་གཏམ་སྨྲ་ཞིང་ཆོས་ཀྱི་ཆར་འབེབས་པར་འགྱུར་རོ། །ལོ་བརྒྱ་འདས་པའི་འོག་ཏུ་དེ་ལྷོ་ཕྱོགས་དེར་ལྷོ་ཕྱོགས་ཀྱི་མི་རྣམས་ཀྱི་ནང་དུ་རྣམ་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ། །ཞེས་གསལ་བར་ལུང་དུ་བསྟན་ལ། མདོ་འདི་ཉིད་དུ་འཁྲུངས་ཡུལ་དང་རིགས་རྒྱུད་མི་འདྲ་བ་ཞིག་ཀྱང་བྱུང་ངོ་།།
༥༽ གསེར་འོད་དམ་པའི་མདོ་ལས་ལུང་བསྟན་ཚུལ།
དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[23]།
ཉི་མའི་གཉེན་གྱི་ལྗགས་ཡངས་པདྨོའི་མཚོར། །ལུང་བསྟན་བུང་བའི་དར་དིར་འབུམ་འཁྲིགས་པས། །
དྲི་ཟའི་ཕང་འགྲོ་ལྟ་བུར་ཁྱོད་བསྔགས་ན། །བདག་ལྟས་ཅུང་ཞིག་བསྟོད་ལ་ཅི་ཞིག་བལྟོས། །
ཞེས་བསྔགས་པ་མཛད་པ་ལྟར། ཟབ་རྒྱས་གདམས་པའི་མཛོད་འཛིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས[24]། འཕགས་པ་གསེར་འོད་དམ་པའི་མདོར་ཡང་ལུང་བསྟན་པའི་ཚིག་ནི་མེད་ཀྱི། སངས་རྒྱས་ཀྱི་རིང་བསྲེལ་ལ་བྲམ་ཟེ་ཀཽཎྜི་ནྱ་ཡ་དང་། ལིཙྪ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་བརྩད་པ་མཛད་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་། དེ་ལྟར་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་སོ་རང་རིག་པ་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་པ་རྣམས་ལ་བརྟེན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་མུ་སྟེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་འདས་ནས། སྐྱེ་བ་དང་འགག་པ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ། །ཞེས་སྒྲོན་མ་གསལ་བར་བྱེད་པ་ལས་གསུངས་སོ། །དེའི་ཕྱིར་དེ་ལྟ་བུའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ཤེས་ཤིང་འཛིན་པ་དང་། དེའི་བརྒྱུད་པའི་མན་ངག་ཟབ་མོ་ཡོད་པ་དང་། ཉམས་སུ་ལེན་པའི་གང་ཟག་དེས་ནི་སྐྱེ་བ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་སྤྱད་པར་བྱས་པ་ཡིན་ནོ། །ཞེས་ཇོ་བོ་རྗེས་གསེར་འོད་དམ་པའི་མདོར་ལུང་བསྟན་པའི་ཚིག་མེད་པར་གསུངས་ཀྱང་། ཡོངས་གྲགས་མཁས་པ་མང་པོས་གསེར་འོད་དམ་པའི་ལུང་ཚིག་ཡིན་པར་བཞེད་ལ། ལུང་བསྟན་འདི་ཉིད་ལེགས་ལྡན་ཆུང་བས་མཛད་པར་གྲགས་པའི་དབུ་མ་རིན་ཆེན་སྒྲོན་མ་དང་། རྩ་ཤེས་ཊཱིཀ་ཆེན་སོགས་སུ་དྲངས་པ་གནང་ཡོད།
༦༽ དུས་འཁོར་གྱི་རྒྱུད་ཕྱི་མ་ལས་ལུང་བསྟན་ཚུལ།
དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་པའི་ཚོགས་ལས[25]།
མཁྱེན་པའི་ཟེར་གྱིས་མཐར་ལྟའི་མུན་པ་འཇོམས། །ཐུགས་རྗེའི་འོད་སྟོང་གདུལ་བྱའི་གླིང་ལ་འབབ། །
ཐུབ་པས་ལུང་བསྟན་འཛམ་གླིང་རྒྱན་གྱི་གཙོ། །སྨྲ་བའི་དམ་པ་ཀླུ་སྒྲུབ་ལ་ཕྱག་འཚལ། །
ཞེས་གསུངས་པ་ལྟར་རིགས་ལྡན་འཇམ་དཔལ་གྲགས་པས་[26]མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ལས[27]། དགེ་སློང་ཀླུ་སྒྲུབ་ཅེས་བྱ་ཡོན་ཏན་མ་ལུས་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པ། །སློབ་དཔོན་བློ་བརྟན་ཞེས་བྱ་གཅོད་བྱེད་ཆུ་ཡིས་གྲུབ་པ་སྟོང་ཕྲག་བཅུ་དང་བཅས་པ་རྣམས། །གཞན་ཡང་དེ་ལྟར་རབ་ཏུ་གྲགས་ཀྱང་ཀྱེ་མ་དེ་ལྟ་ན་ཡང་དམ་པར་གྱུར་པ་རྨོངས་པ་ཡོད། །དགེ་བཅུ་ལམ་གྱིས་གྲུབ་པར་གྱུར་པ་འཕགས་པ་ལྷ་དང་ལྭ་བའི་ན་བཟའ་རྟ་དབྱངས་དང་། །ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བ་པདྨའི་མྱུ་གུ་ཞེས། །ཞེས་དང་། ཡང་དེ་ཉིད་ལས[28]། འཕགས་པའི་ཡུལ་གྱི་རྒྱལ་པོ་བདེ་གཤེགས་[29]དམ་ཚིག་ཅན་ལ་སངས་རྒྱས་ལམ་སྟོན་མཛད་པ་པོ། །ཀླུ་སྒྲུབ་རྡོ་རྗེ་ཅན་ཀྱང་སྲིད་པ་གསུམ་གྱི་བླ་མས་ཆོས་ཀྱི་དབྱིངས་སུ་ལུང་བསྟན་ཅིང་། །ཞེས་སོགས་མདོ་རྒྱུད་དུ་མ་ནས་སློབ་དཔོན་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཞབས་ལུང་བསྟན་ཅིང་། དེ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ (C.490-570) ཀྱིས་མཛད་པར་གྲགས་པའི་དབུ་མ་རིན་ཆེན་སྒྲོན་མ་ལས[30]། འདིར་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་དེངས་པ་དང༌། ལྷ་དང་ཀླུ་ལ་སོགས་པ་རྣམས་ཀྱང༌། མཐོང་བའི་སྤྱོད་ཡུལ་དུ་མ་གྱུར་པ་ན། ཐེག་པ་ཆེན་པོའི་རིགས་ཅན་དག་ལ་ཟབ་ཅིང་རྒྱ་ཆེ་བའི་དོན་སུ་ཞིག་འཆད་པར་འགྱུར། སུ་ཞིག་གི་ཚིག་ལ་ཡིད་ཆེས་པར་བྱ་ཞེ་ན། འདི་ལྟར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དོན་དེ་འཆད་པར་བྱེད་ཅིང༌། དེའི་གསུང་ལ་ཡིད་ཆེས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་གཞུང་དུ་མ་ནས་ལུང་བསྟན་པའི་ཕྱིར་རོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས། ལུང་བསྟན་པའི་ཚིག་ནི་མེད་ཀྱི། འདི་འོན་ཀྱང་ལི་ཙྪ་བཱི་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་དེ་བཞིན་གཤེགས་པའི་རིང་བསྲེལ་ལས་བརྩམས་ནས་ཟབ་མོ་འབའ་ཞིག་སྨྲ་བར་བྱེད་དོ།།
གཞན་ཡང་འཕགས་པ་ལང་ཀར་གཤེགས་པ་དང༌། མདོ་གཞན་དག་ནས་ལུང་བསྟན་ཅིང༌། འཇམ་དཔལ་གྱི་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང་ཇི་སྐད་དུ། དགེ་སློང་ཀླུ་སྒྲུབ་ཅེས་བྱ་བ། །རང་བཞིན་མེད་དོན་དེ་ཉིད་རིག །ས་ནི་དྲུག་པ་སྒྲུབ་པ་སྟེ། །ལོ་ནི་དྲུག་བརྒྱར་འཚོ་བར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཀྱང༌། ཇི་སྐད་དུ། ལྷའི་བུ་དག་བསྐལ་པ་བརྗོད་དུ་མེད་པའི་སྔོན་དུ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་ཆོས་ཀྱི་རྒྱལ་པོའི་བརྩོན་འགྲུས་ཆེན་པོའི་ཀླུ་ཡུལ་བསྟན་པ་འཛིན་པ། བློན་པོ་དམ་པའི་ཆོས་ཀྱི་མཛོད་འཛིན་པ། རྒྱལ་པོ་དང་བློན་པོ་གཉིས་སངས་རྒྱས་ཀྱི་རིང་བསྲེལ་གྱི་གཏམ་བྱས་ཤིང༌། རྒྱལ་པོས་ལེགས་པར་བཤད་པས་དུས་དེར་འཁོར་ཐམས་ཅད་ངོ་མཚར་སྐྱེས་ནས་བཅོམ་ལྡན་འདས་ལ་ཞུས་པ། རྒྱལ་པོ་འདི་ཟབ་མོ་ལ་མཁས་པའོ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཡོན་ཏན་རྒྱས་པར་གསུངས་ཏེ། མདོ་དེ་ཉིད་དུ་བལྟ་བར་བྱའོ། །ཞེས་གསལ་བ་ལྟར་ཀླུ་སྒྲུབ་ལུང་བསྟན་པའི་མདོ་རྒྱུད་དྲུག་ལས་ཇི་ལྟར་བྱུང་བ་བཀོད་པའོ།།
༧༽ རིན་ཆེན་ཕུང་པོ་བཀོད་པའི་མདོ་སྡེ་སོགས་ལས་ལུང་བསྟན་ཚུལ།
དེ་ཡང་མདོ་སྡེ་སྐུ་གསུང་ཐུགས་ཀྱི་སྒྲོན་མེ་བལྟམས་པ་དང་། རིན་ཆེན་ཕུང་པོ་བཀོད་པའི་མདོ་སྡེ་གཉིས་ལས་མགོན་པོ་ཀླུ་སྒྲུབ་ལུང་ཇི་ལྟར་བསྟན་པའི་ཚུལ་ཡང་། མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[31]། གསུང་རང་བྱོན་དུ་ཇི་ལྟར་བྱོན་པའི་ལོ་རྒྱུས་ནི། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་ལ། འཕགས་པ་ཀླུ་སྒྲུབ་ཉིད། ལང་ཀར་གཤེགས་པའི་མདོ་ལས།
སོ་སོ་རང་རིག་ཡེ་ཤེས་ནི། །རྟོག་གེ་རྣམས་ཀྱི་མ་ཡིན་ཏེ། །
ཕྱི་མའི་དུས་སུ་གྱུར་པ་ན། །བསྟན་པ་སུ་ཡིས་འཛིན་པར་འགྱུར། །
ཚུལ་གནས་འཛིན་པར་གྱུར་པ་ནི། །བློ་གྲོས་ཆེན་པོས་ཁྱོད་བྱོས་ཤིག །
བདེ་གཤེགས་མྱ་ངན་འདས་གྱུར་ནས། །ལོ་ནི་ཉིས་བརྒྱ་ལོན་པ་ན། །
ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །
དེ་མིན་ཀླུ་ཞེས་འབོད་པ་ནི། །ཡོད་དང་མེད་ཀྱི་མཐའ་རྫོགས་ཤིང༌། །
ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་པ་རབ་བསྟན་ནས། །
བདེ་བ་ཅན་དུ་དེ་འགྲོ་འོ། །
ཞེས་གསུངས་སོ། །འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི། ང་མྱ་ངན་ལས་འདས་པའི་འོག །དགེ་སློང་ཀླུ་ཞེས་བྱ་བར་བཟུང་ནས་ངའི་བསྟན་པ་རྒྱས་པར་བྱས་ཏེ། རིམ་གྱིས་འཇིག་རྟེན་གྱི་ཁམས་དྭངས་པའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱའོ། །ཞེས་ལུང་བསྟན་ཏོ། །རྔ་བོ་ཆེའི་མདོ་ལས་ཀྱང་བསྟན། འཇམ་དཔལ་རྩ་རྒྱུད་ཆེན་པོ་ལས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་འབོད་པ་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་ནས། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ཡང༌། །བདག་ཉིད་ཆེན་པོ་དེ་ཡིས་གྲུབ། །བསྟན་བཅོས་དོན་ནི་མཐའ་དག་དང༌། །སྐྱེ་བ་མེད་པའི་དོན་ཡང་རིག །དེ་ནས་མཐར་གྱིས་སངས་རྒྱས་ཉིད། །ཁོ་ན་ཐོབ་པར་འགྱུར་གསུངས་སོ། །ཞེས་སོ།།
ཡང་མདོ་སྡེ་སྐུ་གསུང་ཐུགས་ཀྱི་སྒྲོན་མེ་བལྟམས་པ་ཞེས་བྱ་བ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནས། འཛམ་བུའི་གླིང་གི་རྒྱན་ལུང་བསྟན། །ཉི་མ་ཟླ་བ་ལྟ་བུ་རུ། །སངས་རྒྱས་བསྟན་པ་གསལ་བྱེད་པ། །འཇིག་རྟེན་ཁམས་འདིར་འཛམ་བུ་ཡི། །གླིང་གི་རྒྱན་དྲུག་འབྱུང་བར་འགྱུར། །གཉིས་ཀྱིས་སངས་རྒྱས་བསྟན་པ་བསྲུངས། །གཉིས་ཀྱིས་ཡིད་ཆེས་ལུང་དོན་འགྲོལ། །གཉིས་ཀྱིས་ཐུགས་ཀྱི་སྒྲོན་མེ་ལྷམ། །གཉིས་ནི་རྒྱུད་པའི་སློབ་དཔོན་ཏེ། །གཉིས་ནི་དངོས་ཀྱི་སློབ་མའོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་ནང་ནས་ཀླུ་སྒྲུབ་མཆོག་ཏུ་བསྟན་ཏེ། རིན་ཆེན་ཕུང་པོ་བཀོད་པའི་མདོ་སྡེ་ལས། འགྲོ་ལྡིང་ཞེས་བྱའི་གྲོང་ཁྱེར་དུ། །རྒྱལ་པོ་ཀི་ཏ་ཀ་དང་ནི། །བྲམ་ཟེ་གྷ་ཏ་མ་ཡི་སྲས། །ཀླུ་སྒྲུབ་ཅེས་བྱ་འབྱུང་འགྱུར་ཏེ། །ཀླུ་རྣམས་ཀུན་གྱི་སློབ་དཔོན་ནོ། །ཞེས་གསུངས་སོ།།
གཞན་ཡང་དཔལ་མགོན་པོ་དང༌། དཔལ་ལྷ་མོའི་རྒྱུད་ལ་སོགས་པ་དང༌། ཡོངས་སུ་གྲགས་པའི་མདོ་རྒྱུད་མང་པོ་ནས་ཀླུ་སྒྲུབ་ལུང་བསྟན་པ་བརྒྱ་རྩ་བརྒྱད་གསུངས་སྐད། དེ་ལྟར་བདེ་བར་གཤེགས་པས་ལུང་བསྟན་པའི་སྟོན་པ་གཉིས་པ་ལྟ་བུའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དེས་གདུལ་བྱའི་ལས་ཅན་གྱི་ནང་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདུལ་བའི་སྣོད་ལྡན་གྱི་གང་ཟག་རང་གཞན་ཀུན་ལ་ཕན་ཐོགས་པ་གང་ན་འདུག་ཐུགས་མངོན་པར་ཤེས་པས་གཟིགས་པས། ཁྱེའུ་མ་ཧེའི་རྫི་བོ་བྱེད་པ་གཅིག་འདུག་ནས་དེ་ལས་དང་སྐལ་བ་ལྡན་པར་གཟིགས་ཏེ། སློབ་དཔོན་གྱིས་བྱིས་པ་མ་ཧེའི་རྫི་བོ་བྱེད་པ་དེའི་རྩར་བྱོན་ནས། ཁྱེད་མ་ཧེ་གཏན་དུ་འཚོ་བ་ཡིན་ནམ་ཞེས་གསུངས་པས། གཏན་དུ་མི་འཚོ། འཁོར་བའི་ཆོས་ལ་སྙིང་པོ་མི་གདའ་ཆོས་ཤིག་བྱེད་སྨྲས་པས། སློབ་དཔོན་གྱིས་དེ་ལ། ཆོས་བྱེད་ན་ངས་བསླབས་སམ་གསུངས་པས། དེ་གནང་ན་ཤིན་ཏུ་ལེགས་པས་བདག་ལྷ་གཅིག་སྒོམ་པ་དང༌། སྙིང་པོ་གཅིག་ཟློས་པ་དང༌། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡང་དག་པའི་དོན་ཞིག་ཞུ་ཟེར་ནས། སློབ་དཔོན་གྱིས་ཁྱོད་ཀྱི་ཡིད་དང་མིག་སྔར་ཅི་ཡོང་གསུངས་པས། བྱིས་པས་སྨྲས་པ། བདག་ལ་ཡིད་ཡུལ་དང་མིག་སྔར་མ་ཧེའི་ཕྲུ་གུ་གཅིག་ཡོང་ཞུས་པས། སློབ་དཔོན་གྱིས་ཁྱེའུ་དེ་ལ་གདམས་པ། མ་ཧེའི་ཕྲུ་གུ་དེ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུར་སྒོམས། རང་ཡང་ཐུགས་རྗེ་ཆེན་པོར་སྒོམས་ལ། སྙིང་པོ་ཡི་གེ་དྲུག་པ་ཟློས་ཤིག །འཕགས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་སྟེ་རང་ལ་ཕོག །རང་གི་སྙིང་ཁ་ནས་བྱུང༌། འཕགས་པ་སྤྱན་རས་གཟིགས་ལ་ཕོག །མ་ཧེ་དང་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོར་སྒོམས་ཤིག །
རང་སེམས་སྤྲོས་བྲལ་བདག་གཞན་གཉིས་སུ་མེད། །
ཅིར་ཡང་མི་རྟོག་རྩོལ་མེད་ལྷུག་པར་ཞོག །
སྣང་སེམས་ཆོས་ཉིད་སྐྱེ་བ་མེད་པ་ཡིན། །
མ་རྟོགས་འཁྲུལ་པའི་སེམས་ཅན་བྱམས་དང་སྙིང་རྗེས་སྐྱོངས། །
ཞེས་གསུངས་པ་དང༌། ཁྱེའུ་དེས་སློབ་དཔོན་གྱིས་ཇི་ལྟར་གདམས་པ་བཞིན་བསྒོམས་བཟླས་བྱས་ཤིང་ཉམས་སུ་བླངས་པས། མ་ཧེ་བདུད་རྩིས་འཚོ་ཞིང་ཉིན་རེ་བཞིན་རྩྭ་བརྔས་ཏེ་དགོང་མོ་མ་ཧེ་ལ་རྩྭ་ཕོན་རེ་བཀལ་ནས་འོངས། སང་ཕོད་ལོ་དུས་སུ་སོང་བ་དང་མ་ཧེའི་ཕྲུ་གུའི་སྙིང་ཁ་ནས་ཚུར་གྲོད་པ་ལྟ་བུ་ཞིག་བྱུང༌། དེའི་ནང་ནས་ཁྱེའུ་དཀར་པོ་ཤེལ་ལྟར་དག་པ་ལག་ན་གསེར་གྱི་ཕྱག་ཤིང་ལ་མུ་ཏིག་གི་ཡི་གེ་དྲུག་པ་འབུར་དུ་དོད་པ་ཐོགས་པ་ཞིག་བྱུང་ནས། མ་ཧེའི་རྫི་བོ་ལ་ཕྱག་ཤིང་གཏད་དེ་དབང་བསྐུར་བྱིན་གྱིས་བརླབས་ནས་དངོས་གྲུབ་ཅི་འདོད་གསུངས་པས། མ་ཧེའི་རྫི་བོས་ཕྱག་འཚལ་སྐོར་བ་བྱས་ནས་བདག་གི་ལུས་འདི་འཕགས་པའི་སྐུར་གྱུར། ངག་བྱིན་གྱིས་བརླབས་ཏེ་ཡི་གེ་དྲུག་པས་འགྲོ་བ་རིགས་དྲུག་གི་དོན་བྱེད་པར་འདོད་ཅེས་བརྗོད་ནས་གདམས་ངག་ཞུས་པས། སྤྲུལ་པའི་བྱང་ཆུབ་སེམས་དཔའི་ཞལ་ནས་ཡི་དམ་གྱི་ལྷ་རང་གི་སེམས་སུ་ཤེས་པར་གྱིས་ཤིག །སྙིང་པོ་གསལ་དག་ཆོས་ཀྱི་རང་སྒྲ་ལ་ཤེས་པར་གྱིས། སེམས་རིག་པ་སྟོང་གསལ་དུ་ཤེས་པར་གྱིས། སྟོང་པ་ཆོས་སྐུ་སྐྱེ་མེད་དུ་ཤེས་པར་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་ལ་མི་སྐྱོ་བར་གྱིས། གསུངས་ནས་ལྷ་དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་མི་སྣང་བར་གཤེགས་སོ། །དེ་ནས་མ་ཧེའི་རྫི་བོས་དགོང་མོ་དེ་བཞིན་མ་ཧེ་དེད་ནས་འོངས་པས་ཡུལ་མི་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་འོད་སྒོར་རེ་བྱོན་པར་མཐོང་ནས། ཀུན་གྱིས་མ་ཧེའི་རྫི་བོ་ལ་ཕྱག་འཚལ་མེ་ཏོག་གཏོར། སྐོར་བ་བྱས་པས་མ་ཧེའི་རྫི་བོས་སྨྲས་པ། ཁྱེད་ཡུལ་མི་ཀུན་སུ་དང་ནོར། ང་ནི་མ་ཧེའི་རྫི་བོ་ཡིན་ཞེས་སྨྲས་པས། ཡུལ་མི་ཀུན་ན་རེ། ཁྱེད་ནི་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་སྣང་ངོ༌། །བདག་ཅག་གི་ཕྱག་དང་མཆོད་པའི་གནས་ཡིན་ནོ། །ཞེས་སྨྲས་ནས། དེ་མཆོད་གནས་སུ་ཞུས་པས་མ་ཧེའི་རྫི་བོ་དེ་ལུས་མ་སྤངས་པར་ཕུང་པོ་ལྷའི་སྐུར་གྱུར་ནས་དག་པ་མཁའ་སྤྱོད་དུ་གཤེགས་ཏེ་ཞག་རེ་ལ་འཛམ་བུ་གླིང་དང་འགྲོ་བ་རིགས་དྲུག་གི་གནས་ལན་གསུམ་བསྐོར་ཞིང༌། སྐལ་ལྡན་རྣམས་དངོས་གྲུབ་སུ་འདོད་མཆོག་དང་ཐུན་མོང་གི་དངོས་གྲུབ་ང་ལ་ལོངས་ཞེས་གསུང་ཞིང་བྱོན་པ་ཡིན་ཏེ། སེམས་ཅན་ལས་ཀྱི་སྒྲིབ་པ་མ་དག་པ་རྣམས་ཀྱིས་མི་མཐོང་བ་ཡིན་ནོ། །ཕྱག་ཤིང་ལ་སྙིང་པོ་འབུར་དུ་དོད་ཡོད་དོ། །ནུབ་ཕྱོགས་པར་པ་ཏ་ནའི་གཙུག་ལག་ཁང་གི་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོན་པ་གསེར་གྱི་བྲག་བྱ་སྐྱིབས་ཅན་བྱ་བ་ན་ད་ལྟ་ཡང་བཞུགས་སོ། །དེ་ནི་གསུང་རབ་བྱུང་བྱོན་པའི་ལོ་རྒྱུས་སོ། །ཞེས་འཕགས་པ་ཀླུ་སྒྲུབ་བྱོན་པའི་དུས་དང་། ལུང་བསྟན་གྱི་ཚིག་རིས་ཀྱང་ཅུང་ཟད་མི་མཐུན་པ་བྱུང་ལ། དམིགས་བསལ་མདོ་སྡེ་སྐུ་གསུང་ཐུགས་ཀྱི་སྒྲོན་མེ་བལྟམས་པ་ལས་འཛམ་གླིང་རྒྱན་དྲུག་ལུང་བསྟན་ཚུལ་དང་། རིན་ཆེན་ཕུང་པོ་བཀོད་པའི་མདོ་སྡེ་ལས་ཀླུ་སྒྲུབ་མཆོག་ཏུ་ལུང་བསྟན་ཚུལ་གཞན་ན་མི་གསལ་བ་ཞིག་བཞུགས་ལ། མདོ་སྡེ་འདི་གཉིས་བཀའ་འགྱུར་ལས་མ་རྙེད་པས་དཔྱད་དགོས་པར་སྣང་ངོ་།།
དེ་བཞིན་སྐབས་འདིར་འབྲེལ་ཡོད་དཔྱད་དགོས་པ་ཞིག་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[32]། དེབ་སྔོན་གྱི་དེ་ཡང་འགོས་ལོ་རང་གིས་བརྩམས་པ་མ་ཡིན་གྱི། དུས་འཁོར་གྱི་རྒྱུད་ཕྱི་མ་ནས་བཏོན་པར་འདུག་ཅིང་། དེའི་རྒྱ་སྐད་ནཱ་རཱོ་པའི་དབང་ཊིཀ་ན་འདུག་པ་མཐོང་སྟེ། ཡིག་འབྲུ་གཉིས་མ་གཏོགས་དེབ་སྔོན་གྱི་དེ་ཀ་རང་དུ་འདུག །རྒྱུད་ཕྱི་མའི་དེ་ཡང་ཀླུ་སྒྲུབ་ཀྱི་ཡིན་ཅེས་བཤད་པས་ཚིགས་བཅད་དེའི་གདུང་རྒྱུད་ཤིན་ཏུ་རིང་བར་སྣང་། དེས་ན་ཀླུ་སྒྲུབ་ཀྱིས་ལེགས་སྦྱར་བཟང་པོ་མཁྱེན་པ་ནི་ངོ་ཅི་མཚར། ངོ་མཚར་ངེས་པ་ནི་དེབ་སྔོན་གྱི་དབུ་ཆ་ཤམ་བྷ་ལའི་རིགས་ལྡན་གྱིས་བརྩམས་ཤིང་། དུས་ཀྱི་འཁོར་ལོར་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་དེ་མཚར་བ་ཡིན། ཞེས་ཀྱང་བྱུང་བ་བཞིན་ཞིབ་ཏུ་དཔྱད་དགོས་པ་ཞིག་གོ།
གཞན་ཡང་དབྱངས་ཅན་དགའ་བློའི་ (1740-1827) ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུན་རྒྱན་ལས[33]། མདོ་སྡེ་སྤྲིན་ཆེན་པོ་དང་། རྔ་བོ་ཆེའི་མདོ་དང་། བྱ་བའི་རྒྱུད་འཇམ་དཔལ་རྩ་རྒྱུད་དང་། བླ་མེད་ཀྱི་རྒྱུད་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་སོགས་ལས་ལུང་བསྟན་ཏེ། སློབ་དཔོན་ཀླུ་སྒྲུབ་ལ་ལུང་བསྟན་པ་བརྒྱ་ཡོད་པར་རྒྱ་གར་ན་གྲགས་སོ། །ཞེས་དང་། དེ་བཞིན་རྗེ་གུང་ཐང་བློ་གྲོས་རྒྱ་མཚོས་ (1851-1928/1930) མཛད་པའི་སྟོང་ཐུན་སྐལ་བཟང་མིག་འབྱེད་ཀྱི་བཤད་ཟིན་ལས་[34]ཀྱང་། སྔ་མ་ཚོས་ཀླུ་སྒྲུབ་ལུང་བསྟན་པའི་མདོ་སྡེ་བརྒྱ་ཙམ་ཡོད་གསུངས། བོད་དུ་མ་འགྱུར་བའང་ཡོད་དམ་གསུངས། ཞེས་གསལ་བ་ལྟར་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྩ་ཤེས་ཊཱིཀ་ཆེན་ལས[35]། གཉིས་པ་བསྟན་བཅོས་མཛད་པ་པོའི་མཆེ་བ་ནི། དེ་ལྟ་ཡིན་དང་འཕགས་པ་ལང་ཀར་གཤེགས་པ་ལས། སོ་སོ་རང་རིག་ཐེག་པ་ནི། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །མགོན་པོ་འདས་པའི་འོག་ཏུ་ནི། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །ཞེས་མཉམ་གཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་སྒྲ་རྟོག་གི་སྤྲོས་པ་ཞི་བའི་ཐེག་པ། སྟོན་པ་མྱ་ངན་ལས་འདས་ནས་སུ་ཞིག་གིས་འཛིན་ཞུས་པའི་ལན་དུ། བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་ངེས་པའི་དོན་གྱི་ཐེག་པ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་ཀླུ་སྒྲུབ་ཀྱིས་འགྲེལ་པར་གསུངས་སོ།།
འདི་ནི་གསེར་འོད་དམ་པ་ནས་བཤད་པ་སྟོན་པ་ཞལ་བཞུགས་དུས་ཀྱི་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་ཉིད་སྐྱེ་བ་བཞེས་པ་ཡིན་ཏེ། སྤྲིན་ཆེན་ལས། གཞོན་ནུ་འདི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ང་ཡི་བསྟན་པ་རྒྱས་པར་བྱས་ཏེ་མཐར་རབ་ཏུ་དང་བའི་འོད་ཅེས་བྱ་བའི་ཞིང་དུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ་ཞེས་གསུངས་སོ། །བྱ་བའི་རྒྱུད་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་ཀྱང་འབྱུང་བའི་དུས་དང་མཚན་དེ་དང་འདྲ་ལ་ལོ་དྲུག་བརྒྱ་བཞུགས་པར་བཤད་དོ། །རྔ་བོ་ཆེའི་མདོ་ལས་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ། སྟོན་པའི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ་ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །འདི་ཡང་སློབ་དཔོན་འདི་ཡི་ལུང་བསྟན་དུ་གནས་བརྟན་བྱང་བཟང་དང་། ཇོ་བོ་ཆེན་པོ་བཞེད་དེ་ལི་ཙ་བྱི་མཐོང་ན་དགའ་བ་ཀླུ་སྒྲུབ་དང་རྒྱུད་གཅིག་ཏུ་བཤད་པ་ལ་བརྟེན་པའོ།།
རྔ་བོ་ཆེ་ལས་དེ་ལྟར་ལུང་བསྟན་པ་དེ་ལྷོ་ཕྱོགས་སུ་འབྱུང་བའི་ཐ་མ་གཅིག་ཡིན་པར་གསུངས་པས། ལོ་བཞི་བརྒྱ་ན་བྱོན་པ་ནི་ལྷོ་ཕྱོགས་སུ་འབྱུང་བའི་ཚུལ་གཉིས་པའོ། །ལང་གཤེགས་དང་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་ས་དང་པོ་བསྒྲུབས་ནས་བདེ་བ་ཅན་དུ་འབྱོན་པར་བཤད་ཅིང༌། རྔ་བོ་ཆེ་ལས་དགེ་སློང་དེ་ས་བདུན་པ་བར་བཤད་དོ། །སྤྲིན་ཆེན་དང་རྔ་བོ་ཆེ་ལས་མ་འོངས་པ་ན་འཚང་རྒྱ་བར་གསུངས་པ་ནི་འདོད་པ་ཁམས་སུ་སྤྲུལ་སྐུའི་འཚང་རྒྱ་ཚུལ་ཡིན་པས། སྒྲོན་གསལ་ལས་རྣལ་འབྱོར་བླ་མེད་ཀྱི་ལམ་གྱིས་ཀླུ་སྒྲུབ་ཀྱི་སྐུ་ཚེ་དེ་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གསུངས་པ་དང་མི་འགལ་ཏེ། སྟོན་པ་ཤཱཀྱ་ཐུབ་པ་ཚེ་ལོ་བརྒྱ་པའི་དུས་སུ་འཚང་རྒྱ་བར་གསུངས་པ་དང་། སྔོན་བསྐལ་པ་དུ་མའི་སྔོན་ནས་སངས་རྒྱས་པར་གསུངས་པ་མི་འགལ་བ་བཞིན་ནོ། །མགོན་པོ་འདི་འདྲ་བའི་རླབས་པོ་ཆེའི་གང་ཟག་རྣལ་འབྱོར་བླ་མེད་ཀྱི་ཐེག་པ་བས་ལོ་དྲུག་བརྒྱ་བཞུགས་ཀྱང་འཚང་རྒྱ་མི་ནུས་ན། བླ་མེད་ཀྱི་རྒྱུད་ནས་གདུལ་བྱ་རབ་ཀྱིས་ཚེ་གཅིག་ལ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གསུངས་པ་ལྟར་ཁས་བླངས་ཀྱང་ཚིག་ཙམ་དུ་ཟད་དོ། །དེས་ན་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། མགོན་པོ་འདི་མཛད་པ་མཐར་མ་ཕྱིན་པར་བཤད་པ་ནི་ཕར་ཕྱིན་གྱི་ཐེག་པ་རྐྱང་པས་ལམ་བགྲོད་པའི་དབང་དུ་བྱས་པའོ། །ཞེས་གསུངས་སོ།།
དེ་ལྟར་གཞུང་ལུགས་མང་པོའི་ནང་དུ་གསལ་བ་ལྟར། བདག་ཉིད་ཆེན་པོ་དེ་ཉིད་བྱང་ཆུབ་སེམས་དཔའ་སྟེ་ཐུན་མོང་བའི་སྣང་ངོར་དཔལ་གྱི་རི་ལ་ལོ་ཉིས་བརྒྱའི་བར་དུ་སྒྲུབ་པ་མཛད་ནས་ས་ལམ་གོང་ནས་གོང་དུ་བགྲོད་དེ་ས་བདུན་པ་ཐོབ་པར་གྲགས་ཤིང་། ལང་ཀར་གཤེགས་པའི་མདོ་དང་འཇམ་དཔལ་རྩ་རྒྱུད་ལྟར་ན། སློབ་དཔོན་དེ་ཉིད་ས་དང་པོ་ཐོབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་གསུངས་ཏེ། དེས་ན་ས་དང་པོའམ་བདུན་པ་གང་ལྟར་ཡང་འཕགས་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པར་ངེས་སོ།།
དེ་བཞིན་དུ་ཐུན་མོང་མིན་པ་ནི། སྒྲོན་གསལ་དུ་གསལ་བ་ལྟར། སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་སོར་རང་རིག་པ་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་དུ་བསྟན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་། མུ་སྟེགས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་གཏན་དང་སྙོམས་འཇུག་གི་བདེ་བ་ལས་འདས་ནས། སྐྱེ་འགག་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་བཞུགས་སོ། །[36]ཞེས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་སྐུ་ཚེ་དེ་ཉིད་ལ་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༧༨
[2] རེད་མདའ་བའི་བསྟོད་ཚོགས། ༼ང༽ ཐོར་བུ། འཕྲུལ་པར་དཔེ་རིང་། ཤོག་ ༡༥བ༥ ནས་ ༡༩བ༥
[3] སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གསུང་འབུམ། ༼ངི༽ བསྟོད་པ། དཔེ་རིང་ཤོག་ ༡༣ན༥ ནས་ ༡༥ན ༤ བར།
[4] སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། དཔེ་གཟུགས། ཤོག་གྲངས་ ༤༨༥ན༣
[5] རྗེའི་གསུང་འབུམ། ༼བ་མ།༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༤༤༣
[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༦༦༠
[7] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༧
[8] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཅ༽ དེབ་ཨང་ ༤༩ པ། ༡༩༩༤ ལོ། ཤོག་གྲངས་ ༤༠༦
[9] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༢བ༤
[10] ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོའི་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་ ༡ན༡ ནས་ ༡བ༣ བར།
[11] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ༡༩༩༤ ལོ། ཤོག་གྲངས་ ༨༧༩
[12] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༣༠
[13] ཞལ་འདོན་ཕྱོགས་བསྡེབས་བདེ་ནས་བདེ་བར་བགྲོད་པའི་ཐེམ་སྐས། ཐེ་ཝན་པར་མ། ༢༠༠༨ ལོ། ཤོག་ ༡༠༡
[14] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཝ༽ དེབ་ཨང་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༥༠༡
[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༦༦༠
[16] ཁྲོ་ཕུ་བྱམས་པའི་དཔལ་གྱི་མན་ངག་བརྒྱ་རྩ། དར་ཐང་དེབ་གཟུགས། ཤོག་ ༥༠༤ ནས་ ༥༠༥ བར།
[17] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༣༣༢
[18] བསྟན་པའི་སྒྲོན་མེའི་གསུང་འབུམ། ༼ཇ༽ བསྟོད་ཚོགས། ཞོལ་དཔར། ཤོག་ ༣༡ན༥ ནས་ ༣༢བ༢ བར།
[19] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༦༦༠
[20] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཛ༽ དེབ་ཨང་ ༦༣ པ། ༡༩༩༤ ལོ། ཤོག་གྲངས་ ༢༦༤
[21] སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གསུང་འབུམ། ༼ངི༽ བསྟོད་པ། དཔེ་རིང་ཤོག་ ༡༣ན༥ ནས་ ༡༥ན ༤ བར།
[22] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཛ༽ དེབ་ཨང་ ༦༣ པ། ༡༩༩༤ ལོ། ཤོག་གྲངས་ ༣༡༨
[23] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤ ནས་ ༡༣༧ བར།
[24] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༣༣༢
[25] རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར།
[26] རིགས་ལྡན་ཉེར་ལྔའི་ཐོག་མ་དེ་ཕྱི་ལོའི་སྔོན་གྱི་ ༡༧༧ ཤིང་སྤྲེལ་ལོར་ཁྲིར་འཁོད། དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བཏུས་པའི་བསྡུས་བརྒྱུད་མཛད། ཅེས་ཚིག་མཛོད་ཆེན་མོར་གསལ་ལ། གཞན་ཡང་། དེ་འོག་ཉི་སྒྲོལ་ཤིང་སྤྲེལ་ལོར། །རྒྱལ་བས་ལུང་བསྟན་འཇམ་དཔལ་གྲགས། །ཁྲིར་འཁོད་ ༢༢༩༦ ལོ་བརྒྱ་རྫོགས་པ་ཡིས། །ཤིང་བྱིའི་ནག་ཉར་མ་ལ་ཡའི། །དུས་ཀྱི་འཁོར་ལོའི་བློས་བསླངས་སུ། །ཉི་མའི་ཤིང་རྟ་ལ་སོགས་པ། །ཚངས་པའི་དྲང་སྲོང་རིགས་མང་པོ། །རིགས་གཅིག་མཛད་ནས་དབང་བསྐུར་བས། །རིགས་ལྡན་མཚན་གསོལ་རྩ་རྒྱུད་ལས། །ལུང་བསྟན་ཇི་བཞིན་བསྡུས་པའི་རྒྱུད། །མེ་ཏོག་ཕྲེང་འཛིན་གྱིས་སྤྲས་པ། །སྟོང་དང་སུམ་ཅུ་ཅན་མཛད་ནས། །རང་ཉིད་ལོངས་སྤྱོད་རྫོགས་སྐུར་གཤེགས། །ཞེས་(རབ་གནས་ལྕགས་བྱི་ལོའི་ལོ་ཐོ་རྒྱས་པ། བོད་ཀྱི་སྨན་རྩིས་ཁང་། ༢༠༢༠ ལོ། ཤོག་གྲངས་ ༡༣) པར་མཚུངས་པར་གསལ་ལོ།།
[27] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཀ༽ དེབ་ཨང་ ༧༧ པ། ༡༩༩༤ ལོ། ཤོག་གྲངས་ ༣༩༠
[28] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཀ༽ དེབ་ཨང་ ༧༧ པ། ༡༩༩༤ ལོ། ཤོག་གྲངས་ ༣༨༡
[29] འདིར་རྒྱལ་པོ་བདེ་གཤེགས་ཞེས་པ་རྒྱལ་པོ་བདེ་བྱེད་ལ་བྱེད་དམ་དཔྱད་དགོས་སོ།།
[30] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༡༥༥༤
[31] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༩༠
[32] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༢༨༡
[33] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༣༤༩
[34] གུང་ཐང་བློ་གྲོས་རྒྱ་མཚོའི་བཀའ་འབུམ། ཐོར་བུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༡༣༧
[35] རྩ་ཤེ་ཊཱིཀ་ཆེན། འབྲས་སྤུངས་སྒོ་མང་གྲྭ་ཚང་། ༢༠༠༢ ལོ། ཤོག་གྲངས་ ༤
[36] དེབ་སྔོན་གསར་མ། ཉི་ཧོང་ནང་རིག་དེབ་གྲངས། ༼༢༽ ༡༩༨༨ ལོ། ཤོག་གྲངས་ ༡༢༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༣ ནས་ ༡༠༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།