༤༽ ཇོ་བོའི་ཆོས་འབྱུང་བརྒྱ་རྩ།
དེ་ཡང་ཇོ་བོའི་ཐུགས་དམ་ཆོས་ཆུང་བརྒྱ་རྩའམ་ཆོས་འབྱུང་བརྒྱ་རྩ་[1]ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[2]།
ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཞེས་བྱ་བ། །
ཐར་པ་འདོད་པ་རྣམས་ཀྱི་བཅུད་ལེན་དེའི། །
ལུང་གི་རྒྱུན་བཟང་བསྟན་གནས་ཇི་སྲིད་བར། །
སྐལ་ལྡན་བློ་གྲོས་པད་མཚོར་སྨིན་གྱུར་ཅིག །
ཅེས་བསྔགས་པ་མཛད་པ་ལྟར། ཇོ་བོའི་ཆོས་འབྱུང་བརྒྱ་རྩར་གྲགས་པ་འདི་ཉིད་ནི། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དཔལ་ལྡན་ཨ་ཏི་ཤ་མཆོག་གིས་གངས་རིའི་ཁྲོད་ཀྱི་སྐལ་ལྡན་རྣམས་རྗེས་སུ་གཟུང་ཕྱིར་ལས་དང་པོའི་ས་ནས་བྱང་ཆུབ་མཆོག་གི་བར་དུ་བགྲོད་པའི་ཐེག་པ་ཆེན་པོའི་ལམ་རྣམ་པར་བཤད་པ། ས་གསུམ་གྱི་སྒྲོན་མེ་གཅིག་པུ། ཐུབ་པའི་གསུང་རབ་ཐམས་ཅད་ཀྱི་བཅུད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་ཟབ་རྒྱས་ཀྱི་ལམ་སྲོལ། བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཀྱི་མན་ངག །མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཆེན། མདོ་དང་དགོངས་འགྲེལ་མཐའ་དག་གི་ལྡེ་མིག །རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་གཤེགས་ཤུལ། སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བྱ་མ་ཚང་བ་མེད་པ་སྟོན་པའི་གཞུང་བཟང་། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད་ཀྱི་བཞེད་སྲོལ་ཐུན་མོང་མ་ཡིན་པ་རྩལ་དུ་བཏོན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན།
དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་ལམ་རིམ་ཉམས་མགུར་ལས[3]།
བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །
གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །
རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །
ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །
ཞེས་གསུངས་པ་ལྟར་བསྟན་བཅོས་འདི་ལ་ཆེ་བ་བཞིའི་སྒོ་ནས་ཁྱད་དུ་འཕགས་པ་སྟེ། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགག་ཏུ་འགྲོ་བའི་ཆེ་བ་སྟེ་བཞིར་བསྡུས་པ་སྟེ། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་རབ་གསལ་གསེར་གྱི་སྙེ་མ་ལས[4]། རྒྱལ་བ་ཉིད་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་འགྲེལ་བར་འཁྲུལ་ཟད་མདོ་རྒྱུད་དུ་མར་ལུང་བསྟན་ཅིང་། མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་སྲིད་པའི་ཁོངས་ལས་བརྒལ་བ་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་ཀླུའི་ཟབ་མོ་རྒྱུད་དང་། མ་བྱོན་སངས་རྒྱས་གཉིས་པ་འཕགས་པ་ཐོགས་མེད་ཀྱི་རྒྱ་ཆེན་སྤྱོད་པ་སྟེ་གདམས་པའི་ཆུ་བོ་གཉིས་དཔལ་མར་མེ་མཛད་ནས་གཅིག་ཏུ་འདྲེས་པ། ཤེས་རབ་སྒྲོན་མེའི་འགྲེལ་པ་ལས། བསྟན་པ་ཞེས་བྱ་བ་ནི་ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དང་སྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་འཁྲིད་པས་ན་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ། བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་མན་ངག་གཞན་ནས་མི་ཚོལ་བར་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལམ་གནད་ཐམས་ཅད་ཚང་བར་བསྡུས་ནས་དེ་དག་ཐམས་ཅད་ལ་འཇོག་སྒོམ་དགོས་པ་ལ་དེ་དང་དཔྱད་པ་དགོས་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་དེ་ཉམས་སུ་ལེན་པའི་རིམ་པར་དྲིལ་ནས་འཁྲིད་པས་ན་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བ། བཀའ་བསྟན་རྒྱ་མཚོ་ཆེན་པོའི་དོན་ཟབ་ཅིང་བརླིང་ལ་རྒྱ་ཆེ་བ་ལས་དང་པོ་བ་དག་གིས་གོ་བའམ་རྙེད་པར་དཀའ་བ་རྣམས་བླ་མའི་མན་ངག་ལ་བརྟེན་ཏེ་ཉམས་ལེན་གྱི་ལམ་ཐག་ཤིན་ཏུ་ཉེ་བར་སྟོན་པས་ན་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས[5]།
གང་གིས་འཛམ་བུའི་གླིང་འདི་ཡི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པའི། །
གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །
ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་བཀའ་ལ་ལ་བཟང་ལ་འགའ་ཞིག་ངན་པར་སེམས་པའི་ཆོས་སྤོང་གི་དྲི་མས་མ་གོས་པས་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་སྟེ་ཆེ་བ་རྣམ་པ་བཞི་དང་ལྡན་པ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས[6]།
རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །
ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །
ཞེས་པ་ལྟར་འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། སླད་ནས་བྱོན་པ་རྣམས་ཀྱི་འཇུག་ངོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཚུལ་རབ་འབྱམས་རྒྱ་མཚོའི་ཉིང་ཁུ་བྱང་ཆུབ་ལམ་གྱི་སྒྲོན་མ། ཞེས་ཁྱད་འཕགས་ཕུལ་བྱུང་གི་ལེགས་བཤད་ཅིག་ཡིན་པར་གསུངས་སོ།།
དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་འགྲེལ་པ་ལས[7]། མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་ལོ་བཅུ་བདུན་ལ་བཞུགས་ཏེ་ཆོས་མང་པོ་གསུངས་པ་ཡི། ཇོ་བོ་ཆེན་པོའི་གསུང་ཡོངས་སུ་རྫོགས་པ་བསྡོམས་ན་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཞེས་ཡོད། དེ་ནི་བསྟན་འགྱུར་ཁྲོད་དུ་བཞུགས་པ་ཡིན། གསུང་གི་གཙོ་བོའི་གཙོ་བོ་གང་ཡིན་ཞེ་ན། བྱང་ཆུབ་ལམ་སྒྲོན་ཡིན། དམ་པ་གོང་མའི་གསུང་སྒྲོས་ལ། དཔེ་ཆ་གླེགས་བམ་ཆེན་མོ་ལ་བྱང་ཆུབ་ལམ་སྒྲོན་ལས་གླེགས་བམ་ཆེ་བ་མེད་གསུངས་ཡོད། དེ་ལ་ཡི་གེ་མང་རྒྱུ་ཡོད་ནི་མ་རེད། དཔེ་ཆ་སྣ་ཐུང་བཅུ་ལྷག་ཅིག་མ་གཏོགས་མེད། བརྗོད་བྱའི་དོན་ཧ་ཅང་མང་པོ་ཡོད། བརྗོད་བྱའི་དོན་ལ་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་ཞིག་ཡོད་པ་ཡིན། དེའི་རྐྱེན་གྱིས་བྱང་ཆུབ་ལམ་སྒྲོན་ལ་གླེགས་བམ་ཆེན་མོ་ཞེས་གསུངས་པ་ཡིན། ཞེས་གསུངས་པ་ལྟར། བྱང་ཆུབ་ལམ་གྱི་སྒྲོན་མ་གཙོ་བོར་གྱུར་པའི་ཇོ་བོ་རང་ཉིད་ཀྱིས་མཛད་པའི་ཆོས་ཚན་དང་པོ་ནས་ཉེར་དྲུག་བར་དང་། མཐའ་མའི་དྲི་མེད་རིན་ཆེན་འཕྲིན་ཡིག་བཅས་ཇོ་བོས་མཛད་པའི་བསྟན་བཅོས་ཁག་ ༢༧ བཞུགས་སོ།།
གཞན་ཡང་ཆོས་འབྱུང་བརྒྱ་རྩའི་ཁྲོད་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་ནས་སྒྲ་སྒྱུར་མཛད་པའི་བསྟན་བཅོས་ ༦༩ བཅས་མི་རིགས་དཔེ་སྐྲུན་ཁང་ནས་གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་ཕྲེང་སུམ་ཅུ་པར་ཇོ་བོའི་ཆོས་འབྱུང་བརྒྱ་རྩ་ཕྱོགས་བསྒྲིགས་གནང་བར་མཆོག་གསུམ་རྗེས་སུ་དྲན་པ་གཅིག་ཏུ་བརྩིས་པ་དང་། མཎྜལ་གྱི་ཆོ་ག་རིགས་གསུམ་གཅིག་ཏུ་བཀོད་པ་བཅས་ཁྱོན་བསྡོམས་ཆོས་ཚན་ ༩༦ བཞུགས་པ་ལས། དེ་དག་སོ་སོར་ཕྱེ་ན་ཆོས་ཚན་ ༡༠༣ བཞུགས་པ་༸རྒྱལ་དབང་ལྔ་པ་ཆེན་པོའི་གསན་ཡིག་ཏུ་གསལ་བ་དང་མཐུན་ལ། གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསན་ཡིག་ལས[8]། གོང་ས་ལྔ་པ་ཆེན་པོ། དྲུང་པ་བརྩོན་འགྲུས་རྒྱལ་མཚན། དྲུང་གནས་བརྟན་སྒྲོན། རབ་འབྱམས་སྨྲ་བ་ཤེས་རབ་དཔལ་འབྱོར། གསུམ་ལྡན་བླ་མ་བློ་བཟང་འཕྲིན་ལས། དེས་བདག་ལའོ། །འདི་ན་ཆོས་ཚན་དགུ་བཅུའོ། །གཅིག་ལས་མེད། ཅེས་བྱུང་བས་དཔྱད་གཞིར་སྣང་ངོ་།།
རྗེ་དཔྱི་ས་བློ་གྲོས་རྒྱ་མཚོའི་ (1890-1959) གསུང་རྩོམ་ལས[9]། རྗེ་འདིའི་བསྟན་འགྱུར་གསན་ཡིག་ལ་མ་ཕྱི་བྱས་ཏེ་བྲིས་པའི་བུ་དཔེ་ཞིག་ཏུ་ཇོ་བོའི་ཆོས་ཆུང་བརྒྱ་རྩ་སྣར་ཐང་པར་མ་ལྟར་གྱི་ཆོས་ཚན་བརྒྱ་དང་གསུམ། ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་ཇོ་བོའི་ཆོས་ཆུང་བརྒྱ་རྩ་བསྟན་འགྱུར་ཁྲོད་དུ་བཞུགས་པར་གསུངས་ཀྱང་། ཆོས་ཆུང་བརྒྱ་རྩ་ཕྱོགས་བསྒྲིགས་ཞུས་པ་རྣམས་སྡེ་དགེ་བསྟན་འགྱུར་གྱི་མཇུག་མཐར་གསལ་བ་དེ་ཉིད་ལས། བསྟན་འགྱུར་དཔར་མ་གཞན་དག་ཏུ་མི་བཞུགས་ཤིང་། བསྟན་འགྱུར་དཔེ་བསྡུར་མར་ཡང་ཇོ་བོའི་ཆོས་ཆུང་བརྒྱ་རྩ་མི་གསལ་བས་དཔྱད་དགོས་ལ། ཆོས་ཆུང་བརྒྱ་རྩ་སོ་སོར་བསྟན་འགྱུར་དུ་འཁོད་པ་ནི་གཅིག་མཐུན་ལ་བཞེད་པ་མི་མཐུན་མེད་དོ།།
ཇོ་བོའི་ཆོས་འབྱུང་བརྒྱ་རྩ་དེ་དག་གི་མཛད་པ་པོ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་དང་། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ཀ་མ་ལ་ཤཱི་ལ། སློབ་དཔོན་ཙནྡྲ་གོ་མི། སློབ་དཔོན་རྟ་དབྱངས། སློབ་དཔོན་མ་ཏི་ཙི་ཏྲ། སློབ་དཔོན་བཙུན་པ་རབ་འབྱོར་དབྱངས། སློབ་དཔོན་དཀོན་མཆོག་འབངས། སློབ་དཔོན་མཐོ་བཙུན་གྲུབ་རྗེ། སློབ་དཔོན་བདེ་བྱེད་བདག་པོ། སློབ་དཔོན་བྱང་ཆུབ་བཟང་པོ། སློབ་དཔོན་དགྲ་ལས་རྒྱལ། སློབ་དཔོན་དོན་ཡོད་འཆར། སློབ་དཔོན་གསང་བའི་བྱིན། སློབ་དཔོན་འཚོ་བྱིན། སློབ་དཔོན་གཞན་ཕན་དབྱངས། སློབ་དཔོན་ནག་པོ། སློབ་དཔོན་དཱ་ན་ཤཱི་ལ། སློབ་དཔོན་སངས་རྒྱས་གསང་བ། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་དགེ་བའི་གོ་ཆ། སློབ་དཔོན་དཔལ་ཡེ་ཤེས་གྲགས་པ། སློབ་དཔོན་མཧཱ་མ་ཏི། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ། སློབ་དཔོན་ཡེ་ཤེས་ཟླ་བ། སློབ་དཔོན་བི་མ་ལ་བཅས་པཎ་གྲུབ་ཞལ་གྲངས་ ༢༩ ཡིས་མཛད་པའི་གསུང་ཡིན། འོན་ཀྱང་ཇོ་བོའི་ཆོས་འབྱུང་ཞེས་སུ་གྲགས་པ་ནི། གཙོ་བོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་དང་། དེ་ལྟར་མིན་ནའང་ཇོ་བོ་བཀའ་དྲིན་ཅན་གྱིས་ལེགས་སྦྱར་ནས་བོད་སྐད་དུ་སྒྲ་སྒྱུར་མཛད་པའི་བསྟན་བཅོས་ཀྱི་རིགས་གཙོ་ཆེ་བའི་དབང་གིས་ཇོ་བོའི་ཆོས་འབྱུང་བརྒྱ་རྩ་ཞེས་མཚན་བཏགས་པ་ལས། ཇོ་བོའི་ཆོས་འབྱུང་བརྒྱ་རྩའི་བསྟན་བཅོས་ཡིན་ན་ཇོ་བོས་མཛད་པ་ཡིན་མི་དགོས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བུ་སྟོན་རིན་པོ་ཆེའི་ལས་བརྒྱ་རྩ་གཅིག་གི་རྣམ་པར་བཤད་པ་ཆོ་གའི་གསལ་བྱེད་(༡ན༤)ལས། གཅིག་ལྷག་པའི་བརྒྱ་ཐམ་པ་ནི། བརྒྱ་རྩ་གཅིག་པ་སྟེ། རྩ་ནི་ལྷག་པའི་དོན་ཏེ། རྒྱ་གར་སྐད་ལ་ཨེ་ཀོཏྟ་རི་ཀཾ་ཞེས་འབྱུང་བས་སོ། །ཞེས་བརྒྱ་ནི་བརྒྱ་ཕྲག་དང་། རྩ་ནི་ལྷག་པའི་དོན་ཡིན་པར་གསུངས་སོ།།
[2] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥
[3] བཀའ་འགྱུར་དཔེ་བསྡུར་མ། དེབ་ཨང་ ༡༠༧ པ། ཞོལ་བཀའ་འགྱུར་དཀར་ཆག །༢༠༠༩ ལོ། ཤོག་ ༣༦༢
[4] རབ་གསལ་གསེར་གྱི་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༤༤༢
[5] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ད༽ དེབ་ཨང་ ༥༥ པ། ༢༠༠༩ ལོ། ཤོག་གྲངས་ ༣༥
[6] བཀའ་འགྱུར་དཔེ་བསྡུར་མ། ཤེས་རབ་སྣ་ཚོགས། ༼ཀ༽ དེབ་ཨང་ ༣༤ པ། ༢༠༠༩ ལོ། ཤོག་གྲངས་ ༣༠
[7] བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ། ༼༣༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༣༩
[8] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། གསན་ཡིག ༼ན༽ དཔེ་རིང་། ཤོག་གྲངས་ ༡༣༣བ༣
[9] དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་འབུམ། ༼ཀ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༥ ནས་ ༣༢༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།