༣༽ སློབ་དཔོན་རྡོ་རྗེ་མཚོན་ཆའི་རྣམ་ཐར།

༣༽ སློབ་དཔོན་རྡོ་རྗེ་མཚོན་ཆ།

 

དེ་ཡང་དཔལ་ནཱ་ལེནྡྲའི་མཁན་པོ་རྡོ་རྗེ་མཚོན་ཆ་དུས་ནམ་ཞིག་བྱོན་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། སྐབས་འདིར་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ཡང་བྱུང༌། གཞན་ཡང་འདུལ་འཛིན་དགེ་ལེགས་བཤེས་གཉེན་དང༌། བློ་བཟང་ངང་ཚུལ་དང༌།

དཾ་ཥྟ་སེ་ན་སྟེ་མཆེ་བའི་སྡེ་དང༌། ཡེ་ཤེས་ཟླ་བ་དང༌། རྡོ་རྗེ་མཚོན་ཆ་དང༌། འཇམ་དཔལ་གྲགས་པ་དང༌། ཡེ་ཤེས་བྱིན་དང༌། བཛྲ་དེ་ཝ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་རྣམས་བྱུང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་དྷ་ན་མི་ཏྲ་ལ་སོགས་པ་བྱུང༌། སློབ་དཔོན་སེངྒེ་བཟང་པོའང་རྒྱལ་པོ་ (རྒྱལ་པོ་དེ་ཝ་པཱ་ལ།) འདིའི་དུས་སུ་པཎྜི་ཏར་གྱུར། འགྲོ་དོན་ཅི་རིགས་པ་མཛད། རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་འཕྲིན་ལས་ཆེར་བྱུང་བ་ཡིན་ཏེ་འོག་ཏུ་འཆད། ཅེས་པཎྜི་ཏ་ཡེ་ཤེས་ཟླ་བ་དང་། འཇམ་དཔལ་གྲགས་པ་གཉིས་ཀྱི་བར་དུ་བྱུང་བར་གསལ་ལ། དེ་བཞིན་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[2]། དེའི་ཚེ་ཤཱཀ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་དེ་ཉིད་བསྡུས་འགྲེལ་ (ཀོ་ས་ལའི་རྒྱན།) མཛད་པ་པོ་དང་། འཇམ་དཔལ་བསྟོད་པ་གང་བློ་མ་མཛད་པ་པོ་རྡོ་རྗེ་མཚོན་ཆ་དང་། ཆོས་དབྱིངས་གསུང་དབང་ཞལ་གཟིགས་ཤིང་མཚན་བརྗོད་ (འགྲེལ་ཆེན་མཛད།) པ་པོ་འཇམ་དཔལ་གྲགས་པ་དང་། འདུལ་འཛིན་ (སོ་ཐར་མདོ་འགྲེལ་མཛད།) དགེ་ལེགས་བཤེས་གཉེན་དང་། བློ་བཟང་ངང་ཚུལ་དང་ (མཆེ་བའི་སྡེའམ།) དཾཥྟ་སེ་ན་དང་། ཡེ་ཤེས་ཟླ་བ་དང་། ཡེ་ཤེས་བྱིན་དང་། སྤྱན་རས་གཟིགས་ཀྱི་བསྟོད་པ་ཤླཽ་ཀ་བརྒྱ་པ་མཛད་དེ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བའི་དགེ་བསྙེན་བཛྲ་དེ་ཝ་དང་། ལྷོར་སྤྱན་རས་གཟིགས་བརྟུལ་ཞུགས་དང་། ཁ་ཆེར་དྷ་ན་མི་ཏྲའང་བྱུང་། སེང་བཟང་ཡང་དེ་དུས་བྱུང་། ཞེས་མཁན་པོ་རྡོ་རྗེ་མཚོན་ཆ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མ་མཛད་པ་པོ་ཡིན་པར་གསུངས་ལ། དེ་ཉིད་སློབ་དཔོན་སེང་བཟང་སོགས་དང་དུས་མཉམ་དུ་བྱོན་པར་གསལ་ལོ།།

དེ་ཡང་གང་བློ་མ་ཇི་ལྟར་མཛད་པའི་ཚུལ་ནི། ཤཱཀ་བཙུན་ལྷུན་གྲུབ་ཀྱིས་ཕྱོགས་བསྒྲིགས་མཛད་པའི་འཇམ་དབྱངས་གང་བློ་མའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་མཁས་པའི་ཡིད་འཕྲོག་ལས[3]། གང་བློ་མའི་བསྟོད་སྒྲུབ་ལ་བརྟེན་ནས་འཇམ་དཔལ་དབྱངས་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བསྙད་ན། སྔོན་དུས་སུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་རྡོ་རྗེ་མཚོན་ཆས་མཁན་པོ་[4]མཛད་ཅིང་བསྟན་པ་སྐྱོང་བའི་དུས་ན། གནས་དེར་འཇམ་དཔལ་དབྱངས་ཀྱི་ལྷ་ཁང་ཞིག་གསར་དུ་བཞེངས་པ་ལ་སང་ཉིན་རབ་གནས་ཞལ་བསྲོ་མཛད་རྒྱུའི་ནུབ་མོ་མཁན་པོས་པཎྜི་ཏ་ལྔ་བརྒྱ་ལ་སང་ཉིན་འཇམ་དཔལ་གྱི་བསྟོད་པ་རེ་བརྩམས་ལ་ཁྱེར་ཤོག་གསུངས་པ་ན། དེ་ནུབ་པཎྜི་ཏ་རྣམས་ཀྱིས་མཁན་པོའི་བཀའ་བཞིན་སོ་སོར་འཇམ་དཔལ་ལ་བསྟོད་པ་རེ་བརྩམས་ཏེ་ཕུལ་བ་ན། ཐམས་ཅད་གྲོས་བཏབ་པ་ལྟར་བསྟོད་པ་འདི་ཁོ་ན་བྱུང་བས། འཇམ་དཔལ་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་གསུངས་པར་ཡིད་ཆེས་པས་བསྟོད་པ་ཡོན་ཏན་བཟང་པོ་[5]ཞེས་བྱ་བར་མཁན་པོ་ཉིད་ཀྱིས་མཚན་བྱང་བཏབ་ནས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས། ཞེས་གསུངས་པ་ལྟར་པཎྜི་ཏ་རྡོ་རྗེ་མཚོན་ཆས་[6]དཔལ་ནཱ་ལེནྡྲའི་མཁན་པོའི་མཛད་འགན་བཞེས་སྐབས་འཇམ་དབྱངས་ཀྱི་ལྷ་ཁང་ཞིག་ཀྱང་གསར་བཞེངས་མཛད་པའོ།།

གསུང་ཚུལ་གཞན་ཞིག་ནི། སྔར་རྒྱ་གར་འཕགས་ཡུལ་དུ་པཎྜི་ཏ་ལྔ་བརྒྱ་ལྷན་ཅིག་ཚོགས་པའི་སྐབས་ཤིག་ཏུ་སང་ཉིན་པཎྜི་ཏ་ལྔ་བརྒྱ་པོ་སོ་སོས་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་རེ་བརྩམ་རྒྱུའི་བཀའ་འགྲོས་མཛད་པ་ལྟར། དེ་ནུབ་པཎྜི་ཏ་རྣམས་གྲྭ་ཁང་དུ་ཕེབས་ནས་རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ་རེ་མཛད་ཅིང་། སང་ཉིན་སྔ་དྲོ་པཎྜི་ཏ་ལྔ་བརྒྱ་པོ་རྣམས་ལྷན་འཛོམས་ཐོག་བསྟོད་པ་རྣམས་ཞིབ་བསྡུར་ཞུ་སྐབས་བསྟོད་པ་ཚང་མ་གང་བློ་མ་གཅིག་གྱུར་ཆགས་ཡོད། དེ་ནི་རྗེ་བཙུན་འཇམ་དབྱངས་ཀྱིས་དངོས་སུ་པཎྜི་ཏ་ལྔ་བརྒྱ་པོ་རེ་རེའི་ཐུགས་རྒྱུད་བྱིན་གྱིས་བརླབས་པ་ལས་བརྟེན་ནས་བསྟོད་པ་འདི་ཉིད་བྱུང་བ་སྟེ། མདོར་ན་རྗེ་བཙུན་འཇམ་དབྱངས་ཉིད་ཀྱིས་གསུངས་པ་ཞིག་དང་། དེ་ཡང་རྗེ་བཙུན་འཇམ་དབྱངས་ཀྱིས་པཎྜི་ཏ་ལྔ་བརྒྱ་པོའི་ཐུགས་རྒྱུད་ལ་བྱིན་རླབས་དངོས་སུ་ཞུགས་ཏེ་དགོངས་པའི་ཀློང་ནས་འཁྲུངས་པས་ན་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཀྱི་གསུང་ལ་ངོས་འཛིན་ཏོ། །འོན་ཀྱང་སྐབས་དེར་པཎྜི་ཏ་ལྔ་བརྒྱ་པོའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་མཁན་པོ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་ཞུ་བས་ན། བསྟོད་པའི་མཚན་ལའང་མཁན་པོའི་མཚན་བཏགས་ནས་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་སུ་གྲུབ་པར་གསུང་སྲོལ་ཡོད།[7]

དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་གང་བློ་མ་ལས[8]། བཞེད་པ་འགར་རྒྱ་གར་གྱི་པཎྜི་ཏ་རྡོ་རྗེ་མཚོན་ཆས་མཛད་པར་གྲགས་ལ། བཞེད་པ་འགར་པཎྜི་ཏ་ལྔ་བརྒྱས་མཐུན་པར་བྱུང་བར་གྲགས་ཞེས་བྱུང་ལ། དེ་བཞིན་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཕན་ཡོན་དང་བཅས་པ་ལས་[9]ཀྱང་། འདིར་མཁས་པ་ཁ་ཅིག་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པར་བཞེད་ལ། གཞན་དག་སྔོན་འཕགས་ཡུལ་དུ་པཎྜི་ཏ་ལྔ་བརྒྱས་འཇམ་དཔལ་དབྱངས་ལ་བསྟོད་པ་མཛད་པར་བགྲོས་ཏེ། དེ་ལྟར་བཞུགས་པས་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཀྱིས་པཎྜི་ཏ་ཀུན་གྱིས་མཛད་པའི་བསྟོད་པ་ཐམས་ཅད་གཅིག་ཁོ་ནར་གྱུར་པས། འཇམ་དཔལ་གྱི་བྱིན་རླབས་ལས་བྱུང་བར་ཡིད་ཆེས་དང་། བསྟོད་པའི་མཚན་ལའང་མཁན་པོའི་མཁན་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་པ་ཉིད་བཏགས་ཞེས་འདོད། གང་ལྟར་ཡང་མཛད་པ་པོ་ནི་ཡིད་ཆེས་པའི་གནས་སོ། །ཞེས་བྱུང་བ་ལྟར་རོ།།

འོན་ཀྱང་ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན་ལས[10]། ཞེས་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པ་འདི་བཞིན། དཔལ་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོས་དབྱར་གྲོལ་བའི་སྐབས་སུ་པཎ་གྲུབ་རྣམས་ལ་རྩོམ་པར་བསྐུལ་ཏེ། བརྩམས་པའི་བསྟོད་ཚིག་རྣམས་མགྲིན་དབྱངས་གཅིག་གི་བདག་ཉིད་དུ་གྲུབ་པའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཡོངས་སུ་གྲགས་པ་ལྟར་རོ། །ཞེས་གསལ་བས་ཁུངས་གང་ཡིན་མི་གསལ་ལ། མཛད་པ་པོའི་མཚན་འགོད་ནོར་བྱུང་བ་ཡིན་ནམ་སྙམ་པས་དཔྱད་དགོས་སོ།།

གཞན་ཡང་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[11]། སྣར་ཐང་ ༼ཚི༽ ཅོ་ནེ་ ༼ཞི༽ དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་གང་བློ་མར་གྲགས་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་ཞེས་གསལ་བ་ལྟར། གང་བློ་མའི་རྗེས་གནང་གི་བརྒྱུད་པ་ནི། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས[12]། འཇམ་དབྱངས་གང་བློ་མའི་རྗེས་གནང་ངམ། འཇམ་དབྱངས་ཡེ་ཤེས་ཡོན་ཏན་བཟང་པོའི་རིགས་གཏད་ཅེས་པ་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་དྷཱི་ར་པཱ་ལ་ཞེས་པ་བོད་སྐད་དུ་བསྟན་སྐྱོང་ཞེས་པ་སྟེ། རྒྱ་གར་གྱི་པཎ་ཆེན་འབུམ་ཕྲག་གསུམ་པ་ཡིན། གཉན་ལོ་ཙཱ་བའི་བླ་མ་ཡང་ཡིན་ནོ། །ཞེས་བྱུང་བ་ལྟར། རྗེས་གནང་འདི་ཉིད་ཀྱི་བརྒྱུད་པའི་ཐོག་མ་ནི་པཎྜི་ཏ་འབུམ་ཕྲག་གསུམ་པ་དྷཱི་ར་པཱ་ལ་ནི་མཁན་པོ་རྡོ་རྗེ་མཚོན་དང་གཅིག་མིན་ནམ་སྙམ་མོ།།

དེ་ཡང་པཎ་ཆེན་འབུམ་ཕྲག་གསུམ་པ་ནི། དུས་རབས་བཅུ་གཅིག་པའི་དུས་མཇུག་ཏུ་བོད་དུ་ཕེབས་པའི་རྒྱ་གར་གྱི་མཁས་པ་མཚན་གཞན་བསྟན་སྐྱོང་དང་། རྒྱ་གར་གྱི་མཚན་དྷཱི་ར་པཱ་ལ། ཞེས་ཕུར་ལྕོག་རིན་པོ་ཆེའི་གདན་ས་བཞིའི་དཀར་ཆག་དང་། ཞོལ་བཀའ་འགྱུར་དཀར་ཆག་[13]ཏུ་གསལ་ཞིང་། པཎ་ཆེན་འདི་ཉིད་བོ་དོང་དུ་བྱོན་ནས་འབུམ་གསེར་བྲིས་ལ་རབ་གནས་མཛད། དེ་ནས་བོ་དོང་གི་སྡེ་ཆགས་ཤིང་ས་གྲུ་གསུམ་སྐྱེ་གནས་ལྟར་ཡོད་པས་བུ་མོའི་དོང་ངམ་ཨེ་ཞེས་བཏགས། ཁ་ཅིག་གིས་འདུལ་འཛིན་གཞན་ཞིག་གིས་བཏབ་སྟེ་པཎ་ཆེན་ལ་ཕུལ་ཞེས་ཀྱང་ཟེར། དེར་བོ་དོང་རིན་ཆེན་རྩེ་ལ་སོགས་པའི་མཁས་པ་མང་པོ་བྱུང་ཞེས་དཔའ་བོ་གཙུག་ལག་ཕྲེང་བས་གསུངས། རྔོག་ལོ་སོགས་སློབ་མ་མང་དུ་བསྐྱངས་པ་བཅས་སོ།།

དེ་ལྟར་འབུམ་ཕྲག་གསུམ་པ་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་[14]སྒྱུར་བ་པོ་གཞུང་ལུགས་འབུམ་ཕྲག་གསུམ་གྱིས་མགྲིན་པ་བརྒྱན་པ་བསྟན་སྐྱོང་ནི། ལེགས་སྦྱར་གྱི་མཚན་དུ་པཎྜི་ཏ་ཌྷི་ར་པཱ་ལ་ (Dhirapala) སྟེ་བོད་སྐད་དུ་པཎྜི་ཏ་འབུམ་ཕྲག་གསུམ་པ་ཞེས་གྲགས་ཤིང་། ཤར་ཕྱོགས་པ་ཟླ་བ་བཟང་པོའི་སློབ་མ་ཡིན་པར་གསལ་བས། པཎྜི་ཏ་འབུམ་ཕྲག་གསུམ་པ་དུས་ནམ་ཞིག་བྱོན་ནམ་ཞེ་ན། སྒྲུབ་ཐབས་ཀུན་ལས་བཏུས་པའི་སྨིན་གྲོལ་ཡན་ལག་དང་བཅས་པའི་བརྒྱུད་ཡིག་དགེ་ལེགས་གངྒཱའི་ཀླུང་ཆེན་ལས[15]། གྲུབ་པའི་སློབ་དཔོན་རྡོ་རྗེ་མཚོན་ཆ་ལ་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་པའི་ཚེ་བསྟོད་པ་གང་བློ་མའམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་སྒྲུབ་ཀྱི་རིག་གཏད་རྨོར་ཆེན་རིན་པོ་ཆེའི་ཡིག་ཆ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས། སློབ་དཔོན་རྡོ་རྗེ་མཚོན་ཆ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ་བློ་ལྡན་ཤེས་རབ། ཅེས་སོགས་བྱུང་བ་ལྟར་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱི་བླ་མ་ཡིན་པར་གསལ་བས་ཁོང་དང་སྐུ་དུས་མཉམ་ཞིང་། པཎྜི་ཏ་འདི་ཉིད་བོད་ཀྱི་གཙང་མྱང་སྟོད་ཆུ་མིག་སོགས་སུ་བྱོན་པའི་ལོ་རྒྱུས་བྱུང་ལ། གོང་གསལ་ཡིག་ཆར་སློབ་དཔོན་རྡོ་རྗེ་མཚོན་དང་། དེ་རྗེས་ཁོང་གི་སློབ་མ་པཎྜི་ཏ་འབུམ་ཕྲག་གསུམ་བཅས་གང་ཟག་ཐ་དད་པ་ཡིན་པར་གསལ་བས་དཔྱད་དགོས་ལ། སློབ་དཔོན་རྡོ་རྗེ་མཚོན་ཆ་ནི་ནཱ་ལེནྡྲའི་མཁན་རབས་ཀྱི་ཞིབ་ཕྲའི་གོ་རིམ་གསལ་བར་མ་བྱུང་བས་མཚམས་འདིར་འཇུག་འགོད་ཞུས་པའོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༦

[2] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༡༤

[3] སྒྲུབ་ཐབས་ཀུན་བཏུས། པོད། ༼ཁ༽ དཔེ་རིང་། ཤོག་གྲངས་ ༤༧༤ན༧

[4] འགའ་ཞིག་གིས་འདིའི་མཛད་པ་པོ་ནི། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོས་ནཱ་ལེནྡྲའི་མཁན་པོ་མཛད་སྐབས་མཛད་པར་གསུངས་ལ། ལ་ལས་སློབ་དཔོན་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བས་མཛད་པར་གསུང་སྲོལ་ཡོད་འདུག་པས་དཔྱད་དགོས།

[5] སྣར་ཐང་བསྟན་འགྱུར། པོད། ༼༧༠༽ རྒྱུད། ༼ཉུ༽ ཤོག་ ༡༢༧བ༢ དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། ཞེས་བྱུང་ལ། ནམ་རྒྱུན་བསྟོད་པའི་ཚིག་གི་ཐོག་མའི་ཆ་ནས་མཚན་ལ་གང་བློ་མ་ཞེས་ཡོངས་སུ་གྲགས་པ་ལས། བསྟོད་པ་འདི་ཉིད་ཀྱི་མཚན་དངོས་ནི་བསྟན་འགྱུར་དུ་གསལ་བ་འདི་ཉིད་ཡིན་འདུག་གོ།

[6] པཎྜི་ཏ་འདི་ཉིད་ཀྱི་རྣམ་ཐར་ཞིབ་པ་གཏན་ནས་མ་རྙེད་ལ། སློབ་དཔོན་རྟ་དབྱངས་ནང་པར་ཞུགས་རྗེས་ཀྱི་མཚན་གྱི་རྣམ་གྲངས་ལ་རྡོ་རྗེའི་མཚོན་ཆ་ཞེས་གྲགས་པ་ནི་དུས་ཀྱི་ཆ་ནས་ཡིན་བཟོ་མི་སྣང་བས་དཔྱད་དགོས་སོ།།

[7] ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༩ ཉིན་༸སྐྱབས་རྗེ་འབོ་དཀར་མཁན་ཆེན་བློ་གྲོས་དོན་ཡོད་རིན་པོ་ཆེ་མཆོག་གིས་རྡོར་གདན་གཏེར་སྒར་འོད་གསལ་དར་རྒྱས་གླིང་གི་འདུ་ཁང་ནང་དུ་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ཐེངས་ཉེར་གཉིས་པའི་བཤད་གྲྭ་བ་རྣམས་ལ་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་བཤད་ལུང་བཀའ་དྲིན་སྩལ་པ་ལས་བཏུས་པའོ།།

[8] པོད་ཆེན་དྲུག་གི་འགྲེལ་སྐོར་སྔོན་འགྲོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༡༣

[9] པོད་ཆེན་དྲུག་གི་འགྲེལ་སྐོར་སྔོན་འགྲོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༡༨

[10] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། བློ་གླིང་དཔེ་མཛོད། ༡༩༩༤ ལོ། ཤོག་གྲངས་ ༩༩

[11] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤ན༡

[12] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༢༤བ༥

[13] བཀའ་འགྱུར་དཔེ་བསྡུར་མ། དེབ་ཨང་ ༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༥༠༦

[14] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་ ༥༡ པ། ཤོག་གྲངས  ༨༩༡

[15] སྒྲུབ་ཐབས་ཀུན་བཏུས། པོད། ༼ད༽ དཔེ་རིང་། ཤོག་གྲངས་ ༦༧བ༥

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༠༢ ནས་ ༡༠༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *