༣༽ མཐོ་བཙུན་སོགས་ཀྱིས་ཆོས་གཞི་དར་བར་མཛད་ཚུལ།
དེ་རྗེས་དཔལ་ནཱ་ལེནྡྲར་གཙུག་ལག་ཁང་བརྒྱད་བཞེངས་ཏེ། ཐེག་ཆེན་གྱི་གླེགས་བམ་བཞུགས་སུ་གསོལ་བ་པོ་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་རྣམ་གཉིས་[1]ཀྱི་རྣམ་ཐར་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[2]། རྡོ་རྗེ་གདན་པའི་གསུང་རྒྱུན་ལས།
དེ་ཡང་དབུས་འགྱུར་འཆང་ཝཱ་རཱ་ཎ་སཱིའི་ཆར་གཏོགས་པ་གསེར་གྱི་བྲེ་ཞེས་བྱ་བའི་གྲོང་དུ། བྲམ་ཟེ་ལས་དྲུག་ལ་མངོན་པར་དགའ་བའི་རིགས་སུ་མཐོ་བཙུན་གྲུབ་རྗེའམ་མཁས་པ་དང༌། བདེ་བྱེད་བདག་པོའམ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་གཉིས་སྐྱེས། དེ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་པ་དང༌། འདི་སྙམ་དུ་བདག་ཅག་གི་ཁྱིམ་ན་ནི་དབང་ཕྱུག་ཆེན་པོ་མཆོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ཤིན་ཏུ་ཕུལ་དུ་བྱུང་བར་སྣང་ན། ཡུ་བུ་ཅག་གི་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པ་ངེས་པར་བརྟག་པར་བྱའོ། །དེ་ལ་རི་ཏི་སེ་ན་དབང་ཕྱུག་ཆེན་པོ་དང་ཨུ་མ་མངོན་སུམ་དུ་གནས་སོ་ཞེས་ཐོས་ཀྱི། དེར་སོང་ལ་དྲིའོ་ཞེས་བགྲོས་ནས། དེར་འབད་པ་ཆེན་པོ་དང་བཅས་ཏེ་འགྲོ་བར་ཆས་ཏེ། ལྷ་དག་གིས་གྲོགས་བྱས་པས་མྱུར་བར་ཕྱིན་ཏེ། ལྷ་ཆེན་པོའི་བཞོན་པ་ཁྱུ་མཆོག་སྤྲིན་དཀར་པོའི་དུམ་བུ་ལྟ་བུ་བཟས་ལ་ཡན་པ་མཐོང་ངོ༌། །དེ་མཐོང་བས་རབ་ཏུ་དགའ་བ་དང༌། དེའི་རྗེས་ཐོགས་ཉིད་ལ་ལྷ་མོ་ཨུ་མ་ནགས་ཚལ་ན་འབྲས་བུ་འཐུ་བ་མཐོང་ནས་གུས་པ་དང་བཅས་པས་ཕྱག་བྱས་ཏེ་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་གནས་ནས་ཡུ་བུ་ཅག་གི་རྗེ་བོ་གནས་སོ་ཞེས་ཐོས་ཉེ་བར་སོན་པ་ན། ལྷ་ཆེན་པོ་འཁོར་སྟོང་གི་ཚོགས་ཀྱིས་བསྐོར་བ་མཐོང་ངོ༌། །དེར་ཚོགས་ཀྱི་བདག་པོས་ལག་པ་ནས་བཟུང་སྟེ་དེའི་ཐད་དུ་ཁྱེར་ཏེ་གུས་པས་ཕྱག་བྱས་སོ། །དབང་ཕྱུག་གིས་ཁྱེད་ཅག་གང་ནས་འོང་ཞེས་དྲིས་པ་དང༌། ཇི་ལྟར་གྱུར་པ་སྨྲས་སོ།།
དེ་ནས་དགེ་སློང་རྣམས་ཟས་ཀྱི་དུས་ལ་བབ་པ་ན་མ་དྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་པ་ལྔ་བརྒྱ་དེར་བྱོན་ཏེ། དེ་ལ་ལྷ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པས་ཡོ་བྱད་ཐམས་ཅད་བསྟབས་ཏེ་ཟས་ཟོས་ཟིན་པ་དང༌། དེ་དག་ལས་ཆོས་ཉན། དེ་རྣམས་ལོག་གོ །དེའི་ཚེ་དབང་ཕྱུག་གིས་བྲམ་ཟེ་སྤུན་གཉིས་ལ། གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་བས་མཆོད་བྱེད་ཡོན་ཏན་དམ་པ་ལྡན། །འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང༌། །ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚེ་ན་མྱ་ངན་འདས་འདྲར་སེམས། །འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ་ནི་མཁས་པས་མཆོད། །དེ་བས་ཁྱེད་ཅག་གིས་སྟོན་པ་དེ་ཉིད་དང་དེའི་གསུང་རབ་ལ་མཆོད་པར་བྱའོ། །ཞེས་གསུངས། དེ་གཉིས་ཀྱིས་མཆོག་བསླངས་པས་ཉི་ཟླ་དང་མཉམ་པའི་ཚེ་སྦྱིན་ནོ། །དེ་ནས་རང་གི་ཡུལ་དུ་ལོག་སྟེ་རིག་བྱེད་ཀྱི་ཆོས་རྩྭ་ལྟར་དོར་ནས། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་བགོས་ཏེ་གཅེན་གྱིས་ཤཱ་རིའི་བུ་འཁྲུངས་སར་ནཱ་ལེནྡྲ་བཏབ། གཅུང་གིས་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས་ནས་མཆེད་གཉིས་སྟོན་པའི་སྲས་པོ་སྒྲ་གཅན་འཛིན་ལ་རབ་ཏུ་བྱུང་སྟེ། གཅེན་ལ་སྒྲ་གཅན་འཛིན་བཟང་པོ། གཅུང་ལ་བཱིརྱ་བྷ་དྲ་ཞེས་བཏགས་ཏེ་སྡེ་སྣོད་གསུམ་པར་གྱུར་ཏོ། །དེ་དག་ཐེག་པ་དམན་པའི་སྡེ་སྣོད་ལས་ཁྱད་པར་དུ་འཕགས་པའི་ཆོས་ཤིག་འདོད་པ་ལ་མཚན་ཉིད་ཀྱི་ཐེག་པ་དང༌། དེ་ལས་ཀྱང་ཆེས་ལྷག་པ་ཞིག་འདོད་པ་ལ། མཁན་པོས་གཅེན་ལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་དེ་ཉིད་དུ་དབང་བསྐུར་རྒྱུད་བཤད་མན་ངག་གདམས་ཏེ། གཞན་ཡང་གསང་སྔགས་དུ་མ་གསུངས་སོ།།
དེ་ལྟར་མཆེད་གཉིས་ཀྱིས་སོ་སོས་བཞེངས་པའི་གཙུག་ལག་ཁང་དུ་བཞུགས་ཏེ་ཕྱི་ལྟར་ཉན་ཐོས་ཀྱི་བསྟན་པ་ལེགས་པར་བསྐྱངས་ལ། ནང་དུ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ་གོམས་པར་མཛད་དེ་ལོ་ལྔ་བརྒྱར་ཉེ་བ་ཙམ་གནས་ལ། སྒྲ་གཅན་འཛིན་གྱིས་ཀླུ་སྒྲུབ་རབ་ཏུ་བྱུང་བས་གདམ་ངག་ཐམས་ཅད་བྱིན། སངས་རྒྱས་ཐོད་པའི་འགྲེལ་པ་སོགས་མཛད། ཀླུ་སྒྲུབ་ལ་ནཱ་ལེནྡྲ་གཏད་དེ། ཀླུ་ལས་གྱུར་པའི་རྣལ་འབྱོར་མ་གདོལ་པའི་ཆ་བྱད་ཅན་གྱིས་རྗེས་སུ་བཟུང་ལྷན་ཅིག་གནས་པས། ཐམས་ཅད་ཀྱིས་བྲམ་ཟེའི་རིགས་དང༌། གནས་བརྟན་རྒྱལ་ཚབ་ཆེན་པོའི་ཚུལ་ལས་ཉམས་སོ་ཞེས་སྐུར་བ་བཏབ་པ་ན་མདའ་སྲོང་བའི་ཚུལ་གྱིས་དམངས། བཙུན་མོ། རྒྱལ་པོ་རྣམས་ལ་རིམ་པ་བཞིན་དོ་ཧ་སྐོར་གསུམ་གླུར་བླངས་ཏེ་དཔལ་གྱི་རི་ལ་གཤེགས་ནས་ད་ལྟའི་བར་དུའང་བཞུགས་སོ། །ཞེས་གསལ་བ་ལྟར་མཐོ་བཙུན་གྲུབ་ཀྱིས་ནཱ་ལེནྡྲ་ཕྱག་བཏབ་པར་གསུངས་སོ།།
དེ་བཞིན་མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[3]། མ་ག་དྷར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང༌། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་བྱུང་སྟེ། རིགས་ཀྱི་ལྷ་ནི་དབང་ཕྱུག་ཆེན་པོ་མཆོད་པར་བྱེད་པ་ཡིན་ལ། དེ་གཉིས་ཀས་ཀྱང་ཕྱི་ནང་གི་གྲུབ་མཐའ་གཉིས་ཀར་མཁས་པར་ཤེས་སོ། །འོན་ཀྱང་མཐོ་བཙུན་ནི་ཐེ་ཚོམ་ཅན་དུ་གནས་ཤིང༌། དབང་ཕྱུག་ཆེན་པོ་ཉིད་བཟང་བར་ཡང་སེམས་ལ། བདེ་བྱེད་བདག་པོ་ནི་སངས་རྒྱས་ཁོ་ན་ལ་དད་པ་ལས། མའི་ཚིག་གིས་བསྐུལ་ནས་རྐང་མགྱོགས་བསྒྲུབས་ནས་རིའི་རྒྱལ་པོ་ཀེ་ལ་ཤར་སོང་སྟེ། དབང་ཕྱུག་ཆེན་པོའི་གནས་ན་བཞོན་པ་ཁྱུ་མཆོག་དཀར་པོ་དང༌། ལྷ་མོ་ཨུ་མ་མེ་ཏོག་འཐུ་བ་སོགས་ཀྱང་མཐོང༌། མཐར་ལྷ་ཆེན་པོ་ཉིད་སེང་གེའི་ཁྲི་ལ་འདུག་ནས་ཆོས་སྟོན་པ་མཐོང༌། ཚོགས་ཀྱི་བདག་པོས་དེ་གཉིས་ལག་ཏུ་བླངས་ནས་ལྷ་ཆེན་པོའི་དྲུང་དུ་བཞག་གོ །ཇི་ཙམ་ནས་ཡིད་ཀྱི་མཚོ་ནས་དགྲ་བཅོམ་པ་ལྔ་བརྒྱ་འཕུར་ཏེ་བྱུང་བ་ལ། དབང་ཕྱུག་ཆེན་པོས་ཕྱག་བྱས་ཤིང་ཞབས་བཀྲུས་ནས་གདུགས་ཚོད་གསོལ་ནས་ཆོས་ཉན་ཏོ། །དེར་སངས་རྒྱས་པ་བཟང་བར་ཤེས་མོད། འོན་ཀྱང་དྲིས་པས་ཐར་པ་ནི་སངས་རྒྱས་ཀྱི་ལམ་ཁོ་ན་ལ་ཡོད་ཀྱིས། གཞན་ལ་མེད་དོ་ཞེས་ལྷ་ཆེན་པོས་གསུངས་པས། དེ་གཉིས་རབ་ཏུ་དགའ་བས་རང་གི་ཡུལ་དུ་ཕྱིན། བྲམ་ཟེའི་ཆ་བྱད་རྣམས་བོར་ཏེ། དགེ་བསྙེན་བཙུན་པའི་སྡོམ་པ་ཡང་དག་པར་བླངས། ཐེག་པ་མཐའ་དག་གི་ཆོས་ཡང་དག་པར་སྦྱངས་ཏེ། སངས་རྒྱས་དང་མུ་སྟེགས་པའི་བཟང་ངན་གྱི་ཁྱད་པར་ཤན་འབྱེད་པའི་ཕྱིར། མཐོ་བཙུན་གྱིས་ཁྱད་པར་འཕགས་པའི་བསྟོད་པ་དང༌། བདེ་བྱེད་ཀྱིས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས། ཚོང་འདུས་དང༌། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་བསྒྲགས། ཡུལ་གྱི་སྐྱེ་བོ་ཕལ་ཆེར་ཡང་དེ་དག་དབྱངས་སུ་ལེན་པ་བྱུང་ལ། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པར་འགོ་བརྩམས་པའི་སྐབས་སོ།།
དུས་རབས་ནི་འགའ་ཞིག་ལས་མས་སངས་རྒྱས་ཀྱི་ཞལ་མཇལ་མྱོང་ཚུལ་བཤད་ཀྱང་། འདིར་གསལ་བའི་བབས་དང་བསྟུན་ན་ནི། མ་དེ་སྐུ་ཚེ་ཧ་ཅང་རིང་དུ་བཞུགས་པ་ཞིག་མིན་ན་འགྲིགས་པར་དཀའ་བར་སྣང་སྟེ། འདི་གཉིས་ནི་ཕལ་ཆེར་འདས་ལོ་བརྒྱ་ཕྲག་ ༣ པའི་སྨད་དང༌ ༤ པའི་སྟོད་དོ། །ཞེས་དང་། ཡང་དེ་ཉིད་ལས[4]། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ། ཐེག་པ་ཆེན་པོའི་རྒྱས་པའི་འགོ་བརྩམས་པའི་སྐབས་ཡིན་ནོ། །བར་སྐབས་ནི་འདས་ལོ་བརྒྱ་ཕྲག་ ༣ པའི་སྨད་ཙམ་ནས་ ༤ པའི་སྟོད་དོ། །ཞེས་གསལ་བ་ལྟར་ཕྱི་ལོའི་དུས་རབས་གསུམ་པའི་སྨད་ནས་བཞི་པའི་སྟོད་ཙམ་ལ་མཐོ་བཙུན་སྐུ་མཆེད་རྣམ་གཉིས་ཀྱིས་དཔལ་ནཱ་ལེནྡྲ་དང་རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་ཆོས་གཞི་དར་བར་མཛད་པའོ།།
དེ་ལྟར་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་སོགས་ཀྱིས་ཆོས་གཞི་དར་བར་མཛད་ཚུལ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་ཏཱ་ར་ནཱ་ཐའི་གསང་བའི་རྣམ་ཐར་མདོར་བསྡུས་པ་ལས[5]། གཞན་ནཱ་ལེནྟྲའི་གཙུག་ལག་ཁང་བཞེངས་མཁན་གྱི་བྲམ་ཟེ་བདེ་བྱེད་བདག་པོར་སྐྱེས། ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཡི་གེར་བྲིས། སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཞེས་པ་དེ་ཡང་ཁོ་བོ་དང་གཅིག་པར་སྨྲ། ཞེས་རྗེ་བཙུན་ཏཱ་ར་ནཱ་ཐ་རང་ཉིད་སྐུ་ཚེ་སྔོན་མ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་མཁན་གྱི་བྲམ་ཟེ་བདེ་བྱེད་བདག་པོར་སྐུའི་སྐྱེ་བ་བཞེས་པ་ལས། བྲམ་ཟེ་བདེ་བྱེད་བདག་པོ་ནཱ་ལེནྡྲ་བཞེངས་མཁན་ཡིན་པར་གསུངས་ལ། དེ་བཞིན་གཙུག་ལག་ཁང་ཇི་ཙམ་བཞེངས་པ་ཡང་། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་རྣམ་གཉིས་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་པར་གྲགས་ལ། བཀའ་བསྡུ་གསུམ་པ་བྱས་རྗེས་མཐར་གླེགས་བམ་རྣམས་དཔལ་ནཱ་ལེནྡྲར་སྤྱན་དྲངས་པ་དང་། མཐོ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར་ཞིང༌། ནཱ་ལེནྡྲར་ཐེག་ཆེན་པ་ལྔ་བརྒྱ་རེ་མཆོད་པ་[7]ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[8]། བསྟན་པ་འཛམ་གླིང་འདི་རུ་དར་བའི་ཚུལ། །འཕགས་པའི་ཡུལ་དུ་ཉན་ཐོས་ཐེག་པ་ཆེ། །ཕལ་ཆེར་སྤྱོད་སྐབས་གཉིས་བྱུང་རྒྱལ་བའི་ཚབ། །འོད་སྲུང་ཀུན་དགའ་བོ་དང་ཤ་ནའི་གོས། །ཉེར་སྦས་དྷཱི་ཏི་ཀ་དང་ནག་པོའི་ཞབས། །ལེགས་མཐོང་ཉི་མ་གུང་བསྣན་གཏད་རབས་བརྒྱད། །དགེ་སློང་སེང་གེའི་བར་དུ་བྱུང་བའང་བཤད། །བསྟན་བཅོས་ཐོག་མ་བྱེ་བྲག་བཤད་མཛོད་དར། །འབྲས་བུ་བཞི་ཐོབ་ས་ཡི་རྡུལ་ལྟར་མང༌། །བཙུན་པ་ཆེན་པོ་བཞི་སོགས་དགེ་སློང་ནི། །འབུམ་ཕྲག་དུ་མས་སྡེ་འཛིན་ཉན་ཐོས་སོ། །དེ་ནས་བཙུན་པ་ཨ་བི་ཏརྐ་སོགས། །ས་བཅུའི་དབང་ཕྱུག་རྣམས་ལས་ཆོས་གསན་ཅིང༌། །ཆོས་རྒྱུན་ཏིང་འཛིན་ཐོབ་པ་དུ་མ་བྱུང༌། །ཐེག་ཆེན་ཕལ་ཆེར་མི་ཡི་ཡུལ་དུ་ཕེབས། །ནཱ་ལནྡ་རུ་མཐོ་བཙུན་གཙུག་ལག་བཞེངས། །དགའ་བོ་སོགས་ཀྱིས་བསྟན་བཅོས་མང་དུ་བརྩམས། །དེ་དག་རྣམ་རིག་སྨྲ་བ་ཡིན་པར་གྲགས། །ཞེས་གསུངས་སོ།།
དེ་ནས་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་པོ་བཀའ་བགྲོས་ནས་མཱཽང་གལ་གྱི་བུ་འཁྲུངས་པའི་གནས་སུ་ཆོས་བསྟན་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་ལ། ཤཱ་རིའི་བུ་འཁྲུངས་པའི་གནས་སུ་ཆོས་བསྟན་ན་ནི་བསྟན་པ་རྒྱ་ཆེར་རྒྱས་པའི་རྟེན་འབྲེལ་གཟིགས་ནས་སྔོན་འཕགས་པ་ཤཱ་རིའི་བུ་གང་དུ་འཁྲུངས་པའི་གནས་བྲམ་ཟེའི་གྲོང་ཁྱེར་ན་ལ་དའམ། ན་ལནྡྲ་སྟེ། བོད་སྐད་དུ་རྒྱུན་སྟེར་རམ་འདམ་བུས་བྱིན་དུ་གྲགས་པ།[9] ཕྱིས་གྲོང་ཁྱེར་སྟོངས་པའི་ཤུལ་རྒྱལ་པོ་མྱ་ངན་མེད་ཀྱིས་ཤཱ་རིའི་བུའི་མཆོད་རྟེན་གསོས་ཤིང་། ལྷ་ཁང་ཞིག་ཀྱང་བཞེངས་ནས་ཡོད་པ་དེར་བཞུགས་ནས་ཆོས་བསྟན་པར་མཛད། དེ་སྐབས་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་སྐུ་མཆེད་ཀྱིས་ཀྱང་དེར་གཙུག་ལག་ཁང་བརྒྱད་བཞེངས་ནས་ཐེག་ཆེན་གྱི་གླེགས་བམ་ཐམས་ཅད་དེར་བཞུགས་སུ་གསོལ། ཕྱིས་བཙུན་པ་དགའ་བོ། དམ་པའི་སྡེ། ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་གསལ་བར་བྱེད་པའི་བསྟན་བཅོས་ཀྱང་མང་དུ་བརྩམས་ཤིང༌། དེ་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར། སྔོན་གྱི་སློབ་དཔོན་ལྔ་བརྒྱ་པོ་རྗེས་འབྲང་དང་བཅས་པ་ཐམས་ཅད་གྲུབ་མཐའ་རྣམ་རིག་སྨྲ་བ་ཡིན་པར་གྲགས་སོ། །ཞེས་གསུངས་སོ།།
དེ་བཞིན་རྗེ་བཙུན་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[10]། འཕགས་པ་ཨ་ཤྭ་གུཔྟ་ཞེས་བྱ་བས་ཆོས་བསྟན་པས་དགྲ་བཅོམ་པ་དང་འཕགས་པ་སློབ་པ་མང་དུ་བྱུང༌། ལཀྴ་ཨ་ཤྭ་ཞེས་བྱ་བའི་རྒྱལ་པོས་ཀྱང་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། ལྷོ་ནུབ་ཏུ་བྲམ་ཟེ་རིགས་ལྡན་ཞེས་བྱ་བ་བྱུང་སྟེ། དེས་དགྲ་བཅོམ་པ་ནནྡྟ་སོགས་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་མང་པོ་སྤྱན་དྲངས་ཏེ། དེ་རྣམས་ཀྱང་རིགས་གསུམ་མགོན་པོ་དང༌། བྱམས་པ་སོགས་སོ་སོ་ལ་ཆོས་དངོས་སུ་གསན་ནུས་པའོ། །མདོར་ན་དེའི་ཚེ་ཐེག་པ་ཆེན་པོའི་ཆོས་སྟོན་པ་པོ་ལྔ་བརྒྱ་ཙམ་བྱུང་ངོ༌། །དེའི་ཚེ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་ཆེན་གྱི་མདོ་ཕལ་ཆེར་བྱུང་སྟེ། ལྷ་ཀླུ་སོགས་ཀྱི་ཡུལ་ནས་ཀྱང་སྤྱན་དྲངས་སོ།།
དེའི་དུས་སུ་རྒྱལ་པོ་ལཀྴ་ཨ་ཤྭས་ཆོས་སྨྲ་བ་དེ་དག་ལྔ་བརྒྱའི་གྲངས་ཀྱི་ལྷ་ཁང་དེ་སྙེད་བཞེངས་ནས་ཆོས་སྨྲ་བ་དེ་རྣམས་སྤྱན་དྲངས་ནས་བཞུགས་པར་མཛད་དེ། བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་ནས་ཐེག་པ་ཆེན་པོའི་ཆོས་ཉན་དུ་བཅུག །རྒྱལ་པོས་སྡེ་སྣོད་འབུམ་ཕྲག་བཞུགས་པ་རྣམས་བྲིས་ནས་དགེ་སློང་རྣམས་ལ་ཕུལ་ཏེ་ཕྱིས་ནཱ་ལནྡར་སྤྱན་དྲངས་ནས་བཞུགས། ཆོས་སྨྲ་བའི་དགེ་སློང་ལྔ་བརྒྱ་པོ་ཐམས་ཅད་ཀྱང་གཟུགས་དང་བཟོད་པ་ཐོབ་པ། མངོན་པར་ཤེས་པ་དང་ལྡན་པ་ཤ་སྟག་གོ །དེའི་ཚེ་ཉན་ཐོས་སྡེ་པ་དག་གིས་བློར་མ་ཤོང་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་བཀའ་མ་ཡིན་ནོ་ཞེས་སྐུར་བ་བཏབ། དེའི་སྐབས་སུ་མ་ག་དྷར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང༌། བདེ་བྱེད་བདག་པོ་ཞེས་བྱ་བ་བྱུང་སྟེ། མཐོ་བཙུན་གྱིས་སྟོན་པ་ལ་ཁྱད་པར་འཕགས་བསྟོད་དང༌། བདེ་བྱེད་ཀྱི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས་ཏེ་ཀུན་ལ་སྤེལ་ཞིང༌། སྔ་མས་ཐེག་པ་ཆེ་ཆུང་གི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར། དེ་གཉིས་ཀས་གཙུག་ལག་ཁང་བརྒྱད་བཞེངས་ནས་ཐེག་ཆེན་གྱི་གླེགས་བམ་རྣམས་བཞུགས་པར་བྱས། ཞེས་ཀྱང་གསུངས་སོ།།
སྐབས་དེའི་སངས་རྒྱས་ཆོས་ལུགས་ཀྱི་གནས་ཚུལ་སྤྱི་བཤད་ནི། རྒྱ་ནག་གི་གནས་སྐོར་བ་ཆོས་སྣང་ངམ་ཧྥ་ཤཱན་གྱི་རྣམ་ཐར་དུ་བཀོད་པ་ལྟར་ན། སྐབས་དེར་རྒྱ་གར་དུ་ (ཕྱི་ལོ་ ༣༩༩ ནས་ ༤༡༦) ཐེག་པ་ཆེ་ཆུང་གི་ཆོས་མཉམ་དར་ཡིན་ཏེ། རྒྱ་གར་བྱང་ཕྱོགས་སུ་རྒྱལ་ཁབ་བདུན་ཡོད་པ་ལས། ཐེག་དམན་སྦྱོང་བ་གཉིས་དང་། ཐེག་དམན་སྦྱོང་བ་ཤས་ཆེ་བ་གཅིག །ཐེག་པ་ཆེ་ཆུང་གཉིས་ཀར་སློབ་པ་གཅིག །ཕྱོགས་བསྡོམས་བྱས་ན་ཐེག་ཆེན་ལས་ཐེག་དམན་དར་ཆེ། རྒྱ་གར་ནུབ་ཕྱོགས་སུ་རྒྱལ་ཁབ་བཞི་ཡོད་པ་ལས། ཐེག་དམན་སློབ་པ་གཅིག་དང་། ཐེག་པ་ཆེ་ཆུང་གཉིས་ཀར་སྤྱོད་པ་གཅིག །ཕྱོགས་བསྡོམས་བྱས་ན་ཐེག་དམན་གྱིས་ད་དུང་གནས་བབ་ཡག་པ་བཟུང་ཡོད། རྒྱ་གར་དབུས་སུ་རྒྱལ་ཁབ་དང་གྲོང་ཁྱེར་བཅུ་གཉིས་ཡོད་པ་ལས། ཐེག་དམན་སྤྱོད་པ་གཅིག་དང་། ཐེག་དམན་སྤྱོད་པ་ཤས་ཆེ་བ་གཅིག །ཐེག་པ་ཆེ་ཆུང་གཉིས་ཀར་སློབ་པ་གཅིག་ཡིན། རྒྱ་གར་ཤར་ཕྱོགས་ནི་ཐེག་པ་ཆེ་ཆུང་གཉིས་ཀར་སྦྱོང་སའི་གནས་སུ་གྱུར་ཡོད།[11] ཅེས་ཀྱང་གསལ་བ་ལྟར་རོ།།
༼དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཆོད་སྡོང་གི་རྗེས་ཤུལ།༽
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་བསྡུ་གསུམ་པ་བྱས་ཏེ་རྒྱལ་པོ་ཀ་ནི་ཥྐ་འདས་ནས་དེའི་སྲས་ཀྱིས་རྒྱལ་སྲིད་བཟུང་བའི་དུས་ཙམ་ན། བྲམ་ཟེའི་བུ་སྤུན་གཉིས་བྱུང་བ་ལས་ཆེ་བ་མཐོ་བཙུན་གྲུབ་ཐོག་མར་མུ་སྟེགས་པར་ཞུགས་ཤིང་། ཕྱིས་ནང་པར་ཞུགས་ནས་ཕྱི་ནང་གི་སྟོན་པའི་ཁྱད་པར་ཕྱེ་བའི་བསྟོད་པ་ཁྱད་པར་འཕགས་བསྟོད་དཔེ་དོན་གཉིས་ཀྱི་སྒོ་ནས་བསྟོད་པར་མཛད། ཕལ་ཆེར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་རྗེས་ཏེ་མགོན་པོ་ཀླུ་སྒྲུབ་དང་དུས་མཉམ་པར་སེམས།
[2] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༡༡༠
[3] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༣༥༡
[4] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༩༣༢
[5] ཏཱ་ར་ནཱ་ཐའི་གསང་བའི་རྣམ་ཐར་མདོར་བསྡུས། ༼༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༢༥༠
[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༥
[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༦
[8] ཤེས་བྱ་ཀུན་ཁྱབ། ༼རྩ།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༦
[9] རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༡༠
[10] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༤༦
[11] རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༡༧
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༣༣ ནས་ ༡༤༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།