༢༽ ངོ་མཚར་བའི་གཏམ་གཉིས་པ།
དེ་ཡང་སྔོན་མེད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་གསུངས་ཤིང་། བསྟན་བཅོས་གཉིས་བཅས་ལུང་བསྟན་རྗེས་གནང་ཐོབ་པ་ངོ་མཚར་བའི་གཏམ་གཉིས་པ་ཡིན་པ་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[1]།
དངོས་དང་དངོས་མེད་ཤེས་མདུན་མི་གནས་ཞེས། །གསུང་ཚེ་ནམ་མཁའི་དབྱིངས་སུ་འཕགས་ནས་ནི། །
འཇམ་པའི་དབྱངས་བཅས་སྲབ་མོའི་སྤྲིན་བཞིན་ཡལ། །གསུང་གི་དམ་ཆོས་རྫོགས་པར་བསྟན་དེར་འདུད། །
ཅེས་བསྟོད་ཕྱག་མཛད་པ་ལྟར་ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[2]། གང་ཚེ་དངོས་དང་དངོས་མེད་པ་སོགས་གསུངས་པའི་ཚེ། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གཟིགས། འཇམ་དཔལ་དབྱངས་སྟེང་གི་ནམ་མཁའ་ལ་བཞུགས་པ་གཞན་དག་གིས་ཀྱང་མཐོང་། མཐར་འཇམ་དཔལ་དང་སློབ་དཔོན་མི་སྣང་བར་གྱུར་ཀྱང་གསུང་ནམ་མཁའ་ལ་གྲགས་པས་སྤྱོད་འཇུག་ཚང་བར་གསུངས་སོ། །ཞེས་གསལ་བ་ལྟར་རོ།།
དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་པ་སྐལ་བཟང་དགའ་བྱེད་ལས[3]།
རྩེ་གཅིག་བསྒོམས་པས་ས་ལམ་མཐོན་པོར་བྱོན། །འཆད་རྩོད་རྩོམ་པ་ཀུན་ལ་མཁས་གྱུར་ཀྱང་། །
ཕྱི་ཡི་ཀུན་སྤྱོད་བྷུ་སུ་ཀུ་པ་ཡི། །སྤྱོད་པ་འབའ་ཞིག་མཛད་ལ་གསོལ་བ་འདེབས། །
མདོ་འདོན་རེས་བབས་དགེ་འདུན་ཚོགས་དབུས་སུ། །ཉམས་སད་ཁྲི་མཐོར་ཐོགས་མེད་འཕྲུལ་གྱིས་གཤེགས། །
བྱང་སེམས་བསླབ་སྡོམ་སྤྱོད་འཇུག་གསུང་བཞིན་དུ། །མཁའ་ལ་ཇེ་མཐོར་གཤེགས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། དེའི་ཚེ་མངོན་ཤེས་མེད་པ་རྣམས་ཀྱིས་རབ་ཏུ་བྱུང་བའི་བྱ་བ་ནི་འཁོར་ལོ་གསུམ་གྱི་རོལ་པར་གནས་པ་ཤ་སྟག་ཡིན་པ་ལ། འདི་ནི་གང་དང་ཡང་མི་ལྡན་པས་དད་པས་བྱིན་པ་ལ་ལོངས་སྤྱད་དུ་མི་རུང་བས་བསྐྲད་པར་བྱ། དེ་ཡང་མདོ་འདོན་རེས་བྱས་པས་རང་བུད་དུ་འགྲོའོ་སྙམ་ནས་མདོ་འདོན་པར་གསོལ་བས། རྒྱལ་སྲས་འདིས་དེ་ལྟ་བུ་བདག་གིས་ག་ལ་ནུས་ཞེས་ཞལ་གྱིས་མ་བཞེས་པས། སླར་ཡང་ནན་ཏན་བསྐྱེད་དེ་གསོལ་བས་དེ་ལྟར་ན་བགྱིའོ། །ཞེས་ཞལ་གྱིས་བཞེས་པ་ན་བརྙས་པ་བྱེད་པ་དེ་དག་གིས་དཔལ་ནཱ་ལནྡྲའི་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ། འཇིགས་བྲལ་གདོང་ལྔས་བཏེགས་པའི་ཁྲི་མཐོན་པོ་བཤམས་ནས་དེ་ལ་ཇི་ལྟར་འཛེག་པ་དག་ཀྱང་མི་ཤེས་སོ་སྙམ་པ་ན། རྒྱལ་སྲས་འདིས་ཕྱག་གིས་ཅུང་ཟད་མནན་ནས་སྟེང་དུ་ཐོགས་པ་མེད་པར་གཤེགས། དེ་ནས་མདོ་སྔོན་ཆད་གྲགས་པ་ཞིག་འདོན་ནམ། མ་གྲགས་པ་ཞིག་འདོན་ཞེས་བཀའ་སྩལ་པས་སྔོན་མ་གྲགས་པ་ཞིག་གསུང་བར་ཞུ་ཞུས་པར་གསུངས། ཞེས་བྱུང་ངོ་།།
དེ་བཞིན་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས[5]། ནཱ་ལེནྡཱའི་ཆོས་སྐོར་དེ་ན་དུས་རྟག་ཏུ་མདོ་རེས་མོས་འདོན་པའི་ལུགས་ཡོད་པ་ལས། དེ་ན་གནས་པ་ཀུན་གྱིས་བྷུ་སུ་ཀུ་པཱ་ལ་ཁ་ཟེར་ཞིང་མཁན་པོས་ཀྱང་། ཁྱོད་ཀྱིས་མདོ་འདོན་པ་ལ་སོགས་པ་མི་འོང་བས་གཞན་དུ་སོང་ཞིག་ཟེར་བ་ན། དེ་ན་རེ། ང་ཚུལ་ཁྲིམས་མ་ཉམས་པས་གནས་ནས་དབྱུང་བར་མི་རིགས་ཤིང་། རིག་པ་སློབ་པའི་སྐལ་བ་མེད་ཟེར་ནས་འདུག་པ་ལ། དུས་གཅིག་ནི་ཚེ་མདོ་འདོན་པའི་རེས་བབས་པས། དགེ་འདུན་གྱིས་དེ་ལ་སང་ནི་ཁྱོད་ཀྱིས་མདོ་འདོན་པའི་རེས་མོས་ཡིན་པས་ཐོན་ཅིག །ཅེས་སྨྲས་པས། དེས་ཀྱང་འདོན་པར་ཁས་བླངས་པ་དང་། ནཱ་ལེནྡཱའི་དགེ་འདུན་ཀུན་ནངས་པར་བྷུ་སུ་ཀུ་མདོ་འདོན་པ་ལ་བལྟ་བ་ཡིན་ཟེར་བཞད་གད་བྱེད་པ་ལ། དེའི་མཁན་པོ་ན་རེ། ཁྱོད་ཀྱིས་རིག་པ་སློབ་པའི་ཚེ་ཟ་གཉིད་གཅིག་པུ་ལོག་ན། ད་ནཱ་ལེནྡཱའི་མཁས་པ་རྣམས་ཀྱི་ནང་མདོ་མི་ཐོན་བྱས་པས། བྷུ་སུ་ཀུ་ན་རེ་བདག་མདོ་འདོན་ཟེར་ཉན་མ་འདོད་པ་ལ། མཁན་པོས་སྨྲས་པ་ཁྱོད་ཀྱིས་མདོ་མ་ཐོན་ན་གནས་ནས་སྐྲོད་པས། དེ་བས་འདུག་ན་རུང་ཞེས་སྨྲས་པ་ལ། ང་རང་ཤེས་ཟེར་ནས་མ་ཉན་པ་དང་། མཁན་པོས་འཕགས་པ་འཇམ་དཔལ་གྱི་སྔགས་ཨ་ར་པ་ཙ་བསླབས་ནས། སྔགས་འདི་མཚན་གཉིད་མ་ལོག་པར་ཟློས་ཤིག་བྱས་ནས་སྔགས་ཀྱི་གདམས་པ་བྱིན། དེས་ཀྱང་མཚན་གཉིད་མ་ལོག་པར་རྐེ་ལ་ཐག་པ་བཏགས་ནས། སྔགས་བཟླས་པས། འཕགས་པ་འཇམ་དཔལ་དེར་དངོས་སུ་བྱོན་ནས། བྷུ་སུ་ཀུ་པཱ་ཁྱོད་ཅི་བྱེད་གསུངས་པ་ལ། བྷུ་སུ་ཀུས་བདག་ནངས་པར་མདོ་འདོན་པའི་རེས་མོས་བབ་ལགས་པས། འཕགས་པ་འཇམ་དཔལ་ལ་གསོལ་བ་འདེབས་པ་ཡིན་ཞེས་ཞུས་པས། འཕགས་པའི་ཞལ་ནས་ཁྱོད་ཀྱིས་ང་ངོ་ཤེས་སམ་གསུངས་པས། བདག་གིས་མ་འཚལ་ལགས་ཞུས་པ་ལ། ང་འཇམ་དཔལ་ཡིན་གསུངས་པས། འོ་ན་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པའི་དངོས་གྲུབ་ཞུ་བྱས་པས། འཕགས་པའི་ཞལ་ནས་ཁྱོད་ལ་ངས་རིག་པ་སྦྱིན་གྱི། ནངས་པར་མདོ་ཐོན་ཅིག །གསུངས་ནས་མི་སྣང་བར་གྱུར་ཏོ། །ཞེས་གསུངས་སོ།།
འོན་ཀྱང་དེ་དང་ཅུང་ཟད་མི་འདྲ་བ་ཞིག་ནི། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས[6]། དེ་ནས་ནངས་པར་མདོ་འདོན་པའི་དུས་སུ་དགེ་འདུན་གྱི་ཀུན་དགའ་ར་བར་རྒྱལ་པོ་ལ་སོགས་པའི་སྐྱེ་ཚོགས་ཐམས་ཅད། བྷུ་སུ་ཀུས་མདོ་འདོན་པ་ཡིན་ནོ་ཞེས་གཅིག་ལ་གཅིག་སྦྲན་ནས། མེ་ཏོག་ལ་སོགས་པའི་མཆོད་པའི་ཡོ་བྱད་ཀུན་ཡང་ཁུར་ནས། སྐྱེ་བོའི་ཚོགས་ཐམས་ཅད་བཞད་གད་ཀྱི་ཕྱིར་དུ་དེར་ཕྱིན་པ་དང་། བྷུ་སུ་ཀུས་ཆོས་སྐོར་དུ་འཇམ་བཞེས་ནས་ཞུམ་པ་མེད་པར་གཙུག་ལག་ཁང་དུ་འོངས་ཏེ། ཁྲིའི་སྟེང་དུ་བྱོན་ནས། བྷུ་སུ་ཀུ་ན་རེ། བདག་གིས་མདོ་སྔར་བྱུང་བ་གཅིག་བཤད་དམ། མ་བྱུང་བ་གཅིག་བཤད་ཅེས་སྨྲས་པས། སྐྱེ་བོའི་ཚོགས་ཀུན་བཞད་གད་བྱེད་དོ། །ཁྱོད་ཀྱིས་ཟ་ལུགས་ཀྱང་སྔར་མ་བྱུང་བར་ཤེས་ལགས། ཉལ་བ་དང་འཆག་པའི་སྤྱོད་ལམ་ཡང་སྔར་མ་བྱུང་བ་ཁོ་ན་བྱེད་པས། ཆོས་ཀྱང་སྔར་མ་བྱུང་བ་གཅིག་ཤོད་བྱས་པ་དང་། སློབ་དཔོན་བྷུ་སུ་ཀུས།
བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། །
བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །
ཞེས་པ་ནས།
གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །
ཞེས་པའི་བར་གསུངས་ནས། དེ་ཕྱིན་གསུང་བཞིན་དུ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ཏེ་ཇེ་མཐོ་ཇེ་མཐོར་མཁའ་དང་མཁྱེན་པ་འགྲན་པ་བཞིན་དུ་གཤེགས་ནས་མཐར་སྐུ་མི་སྣང་བར་གསུང་གྲག་པའི་སྒོ་ནས་རྫོགས་པར་བཏོན་ཏེ་གཤེགས་སོ། །དེའི་ཤུལ་དུ་རྣ་བའི་མངོན་པར་ཤེས་པ་དང་། མི་བརྗེད་པའི་གཟུངས་ལ་དབང་འབྱོར་པའི་པཎྜི་ཏ་རྣམས་ཀྱིས་གཞུང་བཏུས་པ་ན། ཁ་ཆེ་བ་རྣམས་ཀྱིས་ལེའུ་དགུ་ཅན་གྱི་ཤོ་ལོ་ཀ་སྟོང་ལྷག་པ་ཞིག་བྱུང་བ་དང་། མཆོད་བརྗོད་རང་གི་བློས་སྦྱར། ཤར་པ་རྣམས་ཀྱི་ཤླཽ་ཀ་བདུན་བརྒྱ་ལས་མེད་པ་མཆོད་བརྗོད་དབུ་མ་རྩ་བའི་དེ་བཅུག །དེ་ཡང་བཤགས་ལེ་དང༌། ཤེར་ལེ་ཆད་པ་ཡིན། ཡུལ་དབུས་པ་རྣམས་ཀྱིས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མེད་པ། རྗེས་བསྔགས་ཀྱི་དབང་དུ་བརྩིས་པའི་ཤླཽ་ཀ་སྟོང་ཡོད་པའི་ལེའུ་བཅུའི་བདག་ཉིད་ཅན་ཞིག་བྱུང་བ་དང་།
བསླབ་པ་ཀུན་ལས་བཏུས་པ་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། །
ཡང་ན་རེ་ཞིག་མདོར་བསྡུས་པ། །མདོ་སྡེ་ཀུན་ལས་བཏུས་པ་བལྟ། །
ཞེས་གསུངས་པའི་བསྟན་བཅོས་གཉིས་པོ་ཡང་ཇི་ལྟར་ཡིན་ཐེ་ཚོམ་དུ་གྱུར་པ་ན། དུས་ནམ་ཞིག་གི་ཚེ་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་[7]ཞེས་བྱ་བ་ན་བཞུགས་པ་ཐོས་ཏེ། དགེ་སློང་གཉིས་སྤྱན་འདྲེན་དུ་བཏང་བས། མ་བྱོན་པར་གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན། བསླབ་བཏུས་དང་། མདོ་བཏུས་གཉིས་པོ་ཁོ་བོའི་སྤོང་ཁང་གི་གདུང་གསེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོ་བྲིས་ནས་ཡོད་ཅེས་གསུངས་ཤིང་། སྤྱོད་འཇུག་དང་། བསླབ་བཏུས་གཉིས་ཀའི་མན་ངག་རྣམས་ཀྱང་རྫོགས་པར་གནང་ངོ་། །ཞེས་གསལ་ལོ།།
གཞན་ཡང་གཏམ་གཞན་ལས་བརྒྱུད་པ་བོད་ཀྱི་ཤ་ལུ་པཎྜི་ཏས་བྲིས་པ་ནི[8]། དེར་རྗེ་བཙུན་ལ་ཆོས་གསན་ཞིང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་པས་གཞན་དག་གིས་འདི་ལ་ནི་ཟ་ཉལ་འདོར་བའི་འདུ་ཤེས་ལས་མེད་དོ་ཞེས་བྷུ་སུ་ཀུའམ་འདུ་ཤེས་གསུམ་པར་བསྒྲགས་ཏེ་གནས་ནས་དབྱུང་བའི་ཕྱིར་མདོ་འདོན་པར་བསྐོས་པ་ཁས་མ་བླངས་པ་ན་མཁན་པོ་ལ་ཞུས་པས། ཁྱེད་ཉིད་ཀྱིས་བསྒོས་ཤིག་གསུངས་ཏེ་སླར་བསྒོས་པས་ཞལ་གྱིས་བཞེས་པ་ན་སྐྱེ་བོའི་ཚོགས་བསྡུས། ཁྲི་ཆེན་པོ་བཤམས་པ་ལ་གཞན་གྱིས་ཇི་ལྟར་གཤེགས་མ་མཐོང་བར་བཞུགས་ནས་སྔར་གྲགས་པའམ་མ་གྲགས་པའམ་གང་འདོན་ཞེས་གསུང་བ་ན། མ་གྲགས་པ་འདོན་པར་ཞུས་པས་སྤྱོད་འཇུག་ཤར་གྱིས་གསུངས་ཏེ་ནམ་མཁའ་ལ་ཇེ་མཐོར་གྱུར་ནས། གང་ཚེ་དངོས་དང་གི་སྐབས་སུ་སྐུ་གཟུགས་མི་སྣང་བར་གྱུར་ཏེ་གསུང་འབའ་ཞིག་གིས་རྫོགས་པར་མཛད་ནས་རྙེད་བཀུར་མི་བཞེད་པའི་ཕྱིར་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་དུ་གཤེགས་ཤིང་། དེར་གཟུངས་ཐོབ་པའི་པཎྜི་ཏ་རྣམས་ཀྱིས་བསྡུས་པས་ཤླཽ་ཀ་སྟོང་དང་། དེ་ལྷག་པ་དང་། སྟོང་མ་ལོངས་པ་སྟེ་གསུམ་དུ་བྱུང་ཞེས་ལ། ཁ་ཅིག་ནི་ཁ་ཆེ་བ་རྣམས་ཀྱིས་ཤུ་ལོ་ཀ་བདུན་བརྒྱ་ལེའུ་དགུར་བསྡུས་ཤིང་། ཡུལ་དབུས་པ་རྣམས་ཀྱིས་ཤུ་ལོ་ཀ་སྟོང་ལེའུ་བཅུར་བསྡུས་སོ་ཞེས་ཀྱང་ཟེར་ཞིང་། མདོ་བཏུས། བསླབ་བཏུས་ཀྱང་མ་ཤེས་པས་སྤྱན་འདྲེན་དུ་བཏང་བ་ན་གཤེགས་སུ་མ་བཞེད་དེ་སྤྱོད་འཇུག་ཤླཽ་ཀ་སྟོང་དེ་ཚད་མར་གྱིས་ཤིག །བསྟན་བཅོས་གཉིས་ཁོ་བོའི་བྲང་ཁང་གི་གདུང་སེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པ་ཡོད་དོ་ཞེས་གསུངས་ཏེ་གཏམ་གཉིས་པའོ། །ཞེས་བྱུང་བ་ལྟར་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས་[9]ཀྱང་།
མི་བརྗེད་གཟུངས་ཐོབ་པཎྜི་ཏ་རྣམས་ཀྱིས། །བྱང་ཆུབ་སྤྱོད་པར་འཇུག་པའི་གཞུང་ཚོགས་བསྡུས། །
རང་གི་བསྟན་བཅོས་རྣམ་པ་གཉིས་དང་བཅས། །ལུང་བསྟན་རྗེས་གནང་མཛད་ལ་ཕྱག་འཚལ་ལོ། །
ཞེས་པ་ནི། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[10]། ཞེས་པ་མི་བརྗེད་པའི་གཟུངས་ཐོབ་པའི་པཎྜི་ཏ་རྣམས་ཀྱིས་བསྡུས་པས་ཤོ་ལོ་ཀ་སྟོང་དང་། དེ་ལས་ལྷག་པ་དང་། སྟོང་གསུམ་ལོངས་པ་གསུམ་བྱུང་ཟེར་བ་དང་། ཡང་ཁ་ཅིག་གིས་ཁ་ཆེ་བ་རྣམས་ཀྱིས་ཤོ་ལོ་ཀ་བདུན་བརྒྱ་ལ་ལེའུ་དགུར་བསྡུས་པ་དང་། ཡུལ་དབུས་པ་རྣམས་ཤོ་ལོ་ཀ་སྟོང་ལེའུ་བཅུར་བསྡུས་ཟེར། དེ་དག་ཞལ་མ་མཚུངས་པ། བསླབ་བཏུས་དང་མདོ་བཏུས་ཀྱང་མ་ཤེས་པས། སྤྱན་འདྲེན་པར་བཏང་ནས་མ་བཞུད་དེ་སྤྱོད་འཇུག་ལེའུ་བཅུ་པ་ཤོ་ལོ་ཀ་སྟོང་ཚང་བ་ལ་གྱིས། བསྟན་བཅོས་གཉིས་ཁོ་བོའི་བྲང་ཁང་གི་གདུང་གསེབ་ཏུ་ཡོད་པར་ལུང་གིས་བསྟན་ཅིང་། རྗེས་སུ་གནང་བར་མཛད་དོ། །ཞེས་གསལ་བ་ལྟར་རོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣
[2] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།
[3] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། སྐལ་བཟང་དགའ་བྱེད། དཔེ་རིང་། ཤོག་ ༡ན༡ ནས་ ༢ན༦ བར།
[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༨
[5] གྲུབ་ཆེན་བརྒྱད་ཅུའི་རྩ་བཞིའི་ལོ་རྒྱུས། སློབ་དཔོན་མི་འཇིགས་སྦྱིན་པ་དཔལ། ཤོག་གྲངས་ ༤༨
[6] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༨
[7] བྱམས་མེ་ཆོས་རྗེ་མཁན་པོ་ངག་དབང་བསྟན་འཛིན་བློ་གྲོས་ཀྱིས། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་དཔལ་ཡོན་ཅན་དུ། དཔལ་ལྡན་འབྲས་སྤུང་རྒྱལ་བའི་མཆོད་རྟེན་ནམ། དཔལ་ལྡན་རྒྱུ་སྐར་གྱི་མཆོད་རྟེན། ཞེས་ (འབྲུག་ལུགས་ཆོས་མཛོད་ཆེན་མོ། ༼ཛི༽ བསྟོད་ཚོགས་གསོལ་འདེབས། དཔེ་གཟུགས། ཤོག་ ༡༢བ༢) གྲོང་ཁྲོང་དཔལ་ཡོན་ཅན་ནི་ལྷོ་ཕྱོགས་དཔལ་ལྡན་འབྲས་མཆོད་རྟེན་ཆེན་མོ་ཆགས་ཡུལ་གྱི་གྲོང་ཁྱེར་དེ་ཉིད་ཡིན་པར་གཞུང་དུ་མར་གསལ་ལོ།།
[8] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༣བ༧
[9] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣
[10] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤ ནས་ ༦༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།