༢༽ ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན།
1) ཐོག་མའི་གླེང་གཞི།
བསྟན་འགྱུར་ནང་བཞུགས་པའི་དབུ་མའི་བསྟན་བཅོས་ཀྱི་ཁྲོད་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ (150-250)[1] ཀྱིས་མཛད་པར་གྲགས་པའི་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་པ་འདི་ནི། རྩ་བ་ཤེས་རབ་ཀྱི་རྒྱ་འགྲེལ་གྲགས་ཅན་བརྒྱད་ཡོད་པ་སྟེ། ༡ ག་ལས་འཇིགས་མེད། (བུ་སྟོན་རིན་པོ་ཆེས་འདི་རྩ་ཤེའི་རང་འགྲེལ་དུ་གསུངས་ཀྱང་། རྗེ་ཙོང་ཁ་པ་ཆེན་པོས་ལེགས་བཤད་སྙིང་པོར་དེ་མིན་པར་གསུངས།)
༢ དེ་བ་ཤརྨ། (ལྷའི་དགེ་སྦྱོང་ངམ་དགེ་བའི་ལྷ། སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་བ་ཤརྨས་ཟླ་གྲགས་འགོག་པར་བསམས་ནས་རྩ་ཤེའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བརྩམས་པར་ཏཱ་ར་ནཱ་ཐའི་ཆོས་འབྱུང་ན་ ༡༨༠ གསལ།) ༣ གུ་ཎ་མ་ཏི། (ཡོན་ཏན་བློ་གྲོས།) ༤ གུ་ཎ་ཤྲཱི། (ཡོན་ཏན་དཔལ།) ༥ སྠི་ར་མ་ཏི། (བློ་གྲོས་བརྟན་པ།) ༦ སངས་རྒྱས་བསྐྱངས་ཀྱི་བུདྡྷཱ་པཱ་ལི་ཏ། ༧ ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ། (ལེགས་ལྡན་འབྱེད་ནི་དེ་བ་ཤརྨའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །ཞེས་རྗེའི་ལེགས་བཤད་སྙིང་པོར་གསུངས།) ༨ ཟླ་བ་གྲགས་པའི་ཚིག་གསལ་དང་བརྒྱད་དོ། །འགྲེལ་པ་བརྒྱད་པོ་དེ་དག་ལས། ག་ལས་འཇིགས་མེད། བུདྡྷཱ་པཱ་ལི་ཏ། ཤེས་རབ་སྒྲོན་མེ། ཚིག་གསལ་དང་བཞི་པོ་ལེགས་སྦྱར་ནས་བོད་གངས་ཅན་པའི་སྐད་ཡིག་ཏུ་བསྒྱུར་བ་ལས། གཞན་བཞི་རྣམས་བོད་དུ་མ་འགྱུར་སྣང་ངོ་།།
དེ་ཡང་ག་ལས་འཇིགས་མེད་ཅེས་པའི་སྒྲ་བཤད་ནི། གང་ལའང་འཇིགས་པ་མེད་པས་ན་ག་ལས་འཇིགས་མེད་ཅེས་བྱ་སྟེ། ག་ལས་འཇིགས་མེད་ཀྱི་མཇུག་ཏུ་རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། ཞེས་གསུངས་པ་ལྟར་རོ། །དེ་ཡང་ཞིབ་ཏུ་བཤད་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[2]། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤླཽ་ཀ་ནི་ཉིས་སྟོང་ཆིག་བརྒྱ། བམ་པོ་ནི་བདུན་དུ་བྱས་སོ། །ཞེས་བྱུང་ངོ་།།
དེ་ལྟར་རྒྱ་གར་ན་རྩ་ཤེས་ལ་འགྲེལ་ཆེན་བརྒྱད་[3]ཡོད་ཅེས་རླུང་ལྟར་གྲགས་པའི་འགྲེལ་པ་རྣམས་ཀྱི་ཐོག་མ་དེ་ག་ལས་འཇིགས་མེད་ཡིན་ཅིང་། དེ་ཡང་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན[4]་ (742-797) གྱིས་མཁན་ཆེན་ཞི་བ་འཚོ[5]་ (725-790) དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཙོས་རྒྱ་གར་གྱི་པཎ་གྲུབ་མང་པོ་བོད་དུ་གདན་དྲངས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་བཏབ་པ[6]་ (762) དང་། ནང་པའི་ཆོས་ཀྱི་གཞུང་ལུགས་ཁག་རྒྱ་གར་སྐད་ནས་བོད་སྐད་དུ་འགྱུར་ཆེད་སྒྲ་སྒྱུར་ལོ་ཙཱ་བའི་དཔུང་ཁག་གསོ་སྐྱོང་དང་། སློབ་གཉེར་གྱི་རྟེན་གཞི་གསར་འཛུགས་མཛད་པ་སོགས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ཁག་ཏུ་ཁ་གཅིག་གྲག་གིས་བཀོད་ཡོད།
སྐབས་དེར་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་བརྗོད་བྱར་བྱས་པའི་གཙུག་ལག་ཁག་ཏུ་བོད་སྒྱུར་གྱི་ཚ་རླབས་ཤིག་གངས་ལྗོངས་ས་མཐོར་འཕྱུར་བ་ནས་བཟུང་། ད་བར་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་གྱི་རིང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བགྲང་གིས་མི་ལངས་པ་ཞིག་བྱོན་ཡོད་པའི་ཁྲོད་ནས་བོད་ཀྱི་སྒྲ་སྒྱུར་ལོ་ཙཱ་བའི་ལོ་རྒྱུས་ཁྲོད་མཚན་སྙན་གྱི་གཟི་འོད་རབ་ཏུ་འབར་བའི་སྐ་ཅོག་ཞང་གསུམ་ནི་ནང་ཆོས་བོད་སྐད་དུ་སྒྱུར་མཁན་གྱི་ཆེས་སྔ་བའི་ལོ་ཙཱ་བའི་དཔུང་ཁག་ཅིག་རེད། སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་བ་བམ་པོ་བཞི་བཅུ་པ་དང་། ངེས་དོན་གྱི་དབུ་མ། ཤེར་ཕྱིན་མདོར་བསྡུས། ཆོས་གཏན་ལ་དབབ་པའི་ག་ལས་སོགས་མདོ་དང་བསྟན་བཅོས་མང་པོ་བོད་བསྒྱུར་གནང་ཡོད།
དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ནི། ཁོང་གིས་བོད་བསྒྱུར་གནང་བའི་བསྟན་བཅོས་ཁག་གི་ཁྲོད་ནས་གཅིག་རེད། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཀྱི་མཛད་བྱང་བོད་སྐད་དུ་བསྒྱུར་སྐབས་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་ (དུས་རབས་9པ།) གྱིས[7]། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ཤེས་རབ་ཅེས་བྱ་བའི་དོན་མདོར་བསྟན་པ། བསྟན་བཅོས་དང་རབ་ཏུ་བྱེད་པ་དང་། ངག་དང་ཚིག་རིག་པ་དང་། ལུང་གིས་གྲུབ་པ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། རྗེས་སུ་དཔག་པ་དང་། སུན་དབྱུང་བའི་བསལ་བ་དང་། དེ་ཁོ་ན་དག་བསྟན་པ་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་འོད་ཅེས་བྱར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ། །ཞེས་གོང་གི་མཛད་བྱང་འདི་ཇི་ལྟ་བ་བཞིན་རྒྱ་གར་སྐད་ལ་ཡོད་མེད་ཇི་ལྟར་ཡང་། རང་ཉིད་ཀྱིས་བསྟན་བཅོས་འདི་བོད་སྐད་དུ་བསྒྱུར་སྐབས་རྩ་བ་གང་ཞིག་གི་འགྲེལ་པ་ཡིན་པ་དང་། དེའི་བརྗོད་བྱ། བསྟན་བཅོས་ཀྱི་མཚན་དོན་ཞིབ་པར་འགྲེལ་བ། བསྟན་བཅོས་མཛད་པ་པོའི་ཆེ་བའི་ཡོན་ཏན་གྱི་ཁྱད་ཆོས་སོགས་ཞིབ་པར་བཀོད་དེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ཤག་གནང་འདུག
ཕྱི་ལོའི་དུས་རབས་བརྒྱད་པའི་ནང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ག་ལས་འཇིགས་མེད་བོད་སྐད་དུ་བསྒྱུར་བ་ནས་བཟུང་དུས་རབས་བཅུ་བཞི་པའི་ནང་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ (1357-1419) གངས་ལྗོངས་སྐྱེ་དགུའི་བསོད་ནམས་ཀྱི་སྐལ་མཆོག་དམ་པར་བྱོན་ཏེ། ག་ལས་འཇིགས་མེད་རང་འགྲེལ་མིན་པའི་གཏན་ཚིགས་བཀོད་པའི[8]་ (1408) བར་རོབ་རྩིས་བྱས་ན་མི་ལོ་དྲུག་བརྒྱ་ལྷག་ཙམ་རིང་བྱོན་པའི་བོད་སྔ་མའི་མཁས་གྲུབ་རྣམས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ལ་དཔྱད་བརྗོད་ཕལ་ཆེར་མཛད་མེད་པ་ཏའི་སི་ཏུ་རྣམ་རྒྱལ་གྲགས་པའི་གསུང་ལས་གསལ་པོར་ཤེས་ནུས་ཤིང་། ག་ལས་འཇིགས་མེད་རང་འགྲེལ་མིན་པར་ཆ་བཞག་ན། སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་གཙུག་རྒྱན་ཅོག་རོ་ཀླུའི་རྒྱལ་མཚན་ལ་རང་གིས་གང་བསྒྱུར་བྱའི་བསྟན་བཅོས་དེའི་རྩོམ་པ་པོ་སུ་ཡིན་མིན་དཔྱོད་པའི་རྣམ་དཔྱོད་ཙམ་ཡང་མེད་ན་བསྟན་བཅོས་ཀྱི་ནང་དོན་དཔྱིས་ཕྱིན་པ་བོད་སྐད་དུ་ཇི་ལྟར་བསྒྱུར་མིན་ལ་ཡ་མཚན་སྐྱེ་གཞི་ཆགས་པ་དང་གཅིག །གོང་དུ་དྲངས་པའི་ག་ལས་འཇིགས་མེད་ཀྱི་མཛད་བྱང་དེ་ག་རང་ལེགས་སྦྱར་གྱི་སྐད་དུ་ཡོད་མེད་དང་། ལོ་ཙཱ་བས་གསར་བཟོ་བྱས་མིན་དང་གཉིས། ཕྱིས་ཀྱི་མཁས་པས་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་སྒྲུབ་བྱེད་གཙོ་བོ་ག་ལས་འཇིགས་མེད་དུ་དྲངས་པའི་ལུང་སྟེ། བཙུན་པ་འཕགས་པ་ལྷས[9]་ (170-270) ཉན་པ་པོ་དང་མཉན་བྱ་ལ། །ཞེས་སོགས་ཀྱི་གཞུང་ཚིག་འདི་ཅོག་རོས་བོད་སྐད་དུ་བསྒྱུར་སྐབས་འདི་སྐོར་རྟོག་དཔྱོད་མེད་པར་ཇི་ལྟར་བསྒྱུར་མིན་དང་གསུམ། གལ་ཏེ་རྟོག་དཔྱོད་ཟབ་མོ་གནང་ཚེ་ཀླུ་སྒྲུབ་ཀྱིས་འཕགས་པ་ལྷའི་གཞུང་ཚད་མར་བཟུང་ནས་རང་གི་བསྟན་བཅོས་སུ་ལུང་འདྲེན་མཛད་པ་གནས་མ་ཡིན་པའི་ཚུལ་མ་དགོངས་པ་སོགས་ནི་དཔྱད་གཞི་གཙོ་བོ་ཆགས་ཡོད།
2) འཕགས་ཡུལ་མཁས་པས་རང་འགྲེལ་དུ་བཞེད་པ།
དེ་དང་ཕྱོགས་མཚུངས་ལེགས་ལྡན་གྱི་རྗེས་འབྲང་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་[10] (C.-700) ཀྱིས་ཀྱང་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་དུ། རང་གི་འགྲེལ་པ་ག་ལས་འཇིགས་མེད་ཅེས། ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་བཞེས་མཛད་འདུག་པ་དཔེར་ན། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་[11]དེ་ཉིད་ལས། གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མཚན་ཉིད་གང་ཁོ་ན་བསྟན་པའི་མཚན་ཉིད་དེ་ཁོ་ན་སྟོན་ན་ནི། དེའི་ཕྱིར་དེ་དང་པོ་ཉིད་དུ་རྣམ་པར་བཤད་ཟིན་པས་བཏགས་པ་ལ་འཐག་པ་དང་འདྲ་བས་རྣམ་པར་བཤད་པ་བརྩམས་པ་འདི་མི་དགོས་སོ། །ཞེས་སོགས་གསུངས་ལ། དེ་བཞིན་ཇོ་བོ་རྗེས་[12] (982-1054) མཛད་པར་གྲགས་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས[13]།
ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་འདི་ཙམ་མི་ཤེས་པས། །
ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །འདོད་པའི་དངོས་པོ་དང་ལས་བླང་བར་བྱ། །
རྩ་བ་ཉིད་བཤད་པར་བྱ་སྟེ། དབུ་མའི་རྩ་བ་ཞེས་བྱ་བ་ནི་དབུ་མའི་རྩ་བ་ཤེས་རབ་བོ། །སོགས་ཞེས་པས་ནི་ག་ལས་འཇིགས་མེད་དང༌། རིགས་པ་དྲུག་ཅུ་པ་དང༌། རྩོད་པ་བཟློག་པ་དང༌། སྟོང་པ་ཉིད་བདུན་ཅུ་པ་དང༌། རིན་པོ་ཆེའི་ཕྲེང་བ་དང༌། ཐེག་པ་ཆེན་པོ་ཉི་ཤུ་པ་དང༌། ཚིག་བརྒྱ་པ་དང༌། སཱ་ལུ་ལྗང་པའི་འགྲེལ་པ་ལ་སོགས་པའོ། །ཡང་ན་སོགས་ཞེས་པ་ནི་སློབ་དཔོན་འཕགས་པའི་དངོས་ཀྱི་སློབ་མ་རྗེ་བཙུན་ཨཱརྱ་དེ་བ་དང༌། སློབ་དཔོན་ཟླ་གྲགས་དང༌། སློབ་དཔོན་བྷ་བྱ་སྣང་བྲལ་དང༌། སློབ་དཔོན་ཞི་བའི་ལྷ་ལ་སོགས་པས་མཛད་པའི་བསྟན་བཅོས་ཏེ། དེ་ཡང་རྗེ་བཙུན་ཨཱཪྻ་དེ་བས་ནི་དབུ་མ་རྣམ་པར་འཐག་པ་ཆེན་པོ་དང༌། ལག་པའི་ཚད་དང༌། སོར་མོ་ལྟ་བུའི་བཤད་པ་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ།།
སློབ་དཔོན་ཟླ་གྲགས་ཀྱིས། དབུ་མ་ལ་འཇུག་པ་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང༌། དབུ་མ་ཕུང་པོ་ལྔ་པ་དང༌། ཚིག་དོན་གསལ་བ་ལ་སོགས་པ་མཛད་དོ། །སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་དབུ་མ་རྟོག་གེ་འབར་བ་དང༌། ཤེས་རབ་སྒྲོན་མ་ལ་སོགས་པ་མཛད་དོ། །དེ་ལ་དབུ་མའི་རྩ་བ་ཤེས་རབ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང༌། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་ཚིག་དོན་གསལ་བ་དང༌། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་མཛད་པའི་ཤེས་རབ་སྒྲོན་མ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏས་མཛད་པའི་བུདྡྷ་པཱ་ལི་ཏ་དང༌། སློབ་དཔོན་བློ་བརྟན་གྱིས་མཛད་པ་དང་། སློབ་དཔོན་གུ་ཎ་མ་ཏི་དང༌། སློབ་དཔོན་གུ་ཎ་ཤྲཱི་དང༌། ཨཱ་ཙཱརྱ་གུ་ཎ་ད་ཏས་མཛད་པ་རྣམས་སོ། །དེ་ལ་ཤེས་རབ་སྒྲོན་མ་ལ་ཊཱི་ཀ་ཆེན་པོ་གཉིས་ཡོད་དེ། ཨཱ་ཙཱརྱ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང༌། ཨཱ་ཙཱརྱ་དེ་བ་ཤརྨས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། །ཞེས་གསུངས་པ་ལྟར་རོ།།
གཞན་ཡང་བསྟན་འགྱུར་དུ་མཛད་པ་པོའི་མཚན་མ་སྨོས་པའི་ལྷག་མཐོང་བསྐྱེད་པའི་ཐབས་ལས[14]། ག་ལས་འཇིགས་མེད་ལས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱིས། རིག་པ་སྔོན་དུ་བཏང་སྟེ། ཡོངས་སུ་རྟོག་པས་ནི། དེ་ཁོ་ན་རྟོགས་པར་འགྱུར་རོ་ཞེས་གསུངས་སོ། ། འོན་ཏེ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེ་ན། དེ་བྱིས་པ་ཀུན་གྱི་ཆོས་ཡིན་པས་རེ་ཞིག་གཞག་གོ །ཞེས་སོགས་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་གསུངས་སོ།།
3) བོད་ཀྱི་མཁས་པས་རང་འགྲེལ་དུ་བཞེད་པ།
དེ་བཞིན་ཆོས་རྗེ་ས་སྐྱ་པཎྜི་ཏས་ (1182-1251) མཛད་པའི་ཆོས་འབྱུང་ཆེན་མོ་ལས[15]། བར་པ་མཚན་ཉིད་མེད་པའི་འཁོར་ལོའི་ལྟ་བ་འགྲེལ་པ་དབུ་མ་རྩ་བ་ཤེས་རབ་དང་། མངོན་རྟོགས་རྒྱན་གཉིས་མི་འདྲ་བའི་རྒྱུ་མཚན་ནི་ཡུལ་དང་ཡུལ་ཅན་ནམ་དངོས་ཤུགས་ཀྱིས་བྱེད་པའོ། །ཞེས་འཆད་དོ། །འདི་ལྟར་མདོ་སྡེ་དངོས་སུ་བརྗོད་པ་སྟོང་ཉིད་གསལ་བར་བྱེད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་དང་། སྟོང་ཉིད་བདུན་ཅུ་དང་། རྩོད་བཟློག་དང་། ག་ལས་འཇིགས་མེད་དང་། ཞིབ་འཐག་དང་། ཐ་སྙད་གྲུབ་པ་སྟེ། རིགས་པའི་ཚོགས་དྲུག །ཅེས་གསལ་བ་ལྟར་ག་ལས་འཇིགས་མེད་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་དང་། རིགས་ཚོགས་དྲུག་གི་ཡ་གྱལ་ཡིན་པར་གསུངས་སོ།།
དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་[16]དང་། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ལས[17]། དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད་བམ་པོ་བདུན། ཞེས་གསུངས་པ་ལྟར་བོད་སྔ་རབས་པ་དག་གིས་ཀྱང་ག་ལས་འཇིགས་མེད་རྩ་ཤེའི་རང་འགྲེལ་དུ་འདོད་ལ། གཞན་ཡང་མཁས་པ་ལྡེའུས་ (དུས་རབས་ 13 པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས་[18]ཀྱང་། སྟོན་པ་འདས་ནས་ལོ་ནི་བཞི་བརྒྱ་ན་ཞེས་པ། སློབ་དཔོན་གཉིས་ཀྱིས་དབུ་མ་དང་སྔགས་དང༌། གསོ་བ་རིག་པའི་བསྟན་བཅོས་བརྩམས་ཚུལ་འཆད་དོ། །དེ་ཡང་སྟོན་པ་འདས་ནས་ལོ་བཞི་བརྒྱ་ཙམ་ན། བྲམ་ཟེ་ས་ར་ཧ་དང༌། འཕགས་པ་ཀླུ་སྒྲུབ་གཉིས་བྱོན་ཏེ། བྲམ་ཟེ་ཆེན་པོ་ས་ར་ཧ་པས། ཕྱག་རྒྱ་ཆེན་པོ་དོ་ཧ་ཆེ་འབྲིང་རྣམས་དང༌། སྔགས་དང་མཚན་ཉིད་ཀྱི་བསྟན་བཅོས་འགའ་བརྩམས། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚན་ཉིད་ཀྱི་བསྟན་བཅོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་དོན་འགྲེལ་དབུ་མའི་བསྟན་བཅོས་བརྩམས་ཏེ། སློབ་དཔོན་ཉིད་ཀྱིས་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་པར་འཐག་པ། རིན་པོ་ཆེའི་ཕྲེང་བ། ག་ལ་འཇིགས་མེད་ལ་སོགས་པ་མཛད། ཅེས་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱིས་མཛད་པར་ཤིན་ཏུ་གསལ་བར་གསུངས་སོ།།
4) བོད་ཀྱི་མཁས་པས་རང་འགྲེལ་ཡིན་མིན་ལ་དཔྱད་པ།
དེ་ལྟར་འཕགས་བོད་ཀྱི་མཁས་གྲུབ་ལོ་པཎ་རྣམས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་ཡིན་པར་ཞལ་གྱིས་བཞེས་པར་མ་ཟད་ག་ལས་འཇིགས་མེད་རང་འགྲེལ་མིན་ན། སྔོན་བྱོན་རྒྱ་གར་མཁས་པ་རྣམས་ཀྱིས་གཞི་གང་ལ་བརྟེན་ནས་དེ་རང་འགྲེལ་དུ་འཁྲུལ་བ་ཡིན་དཔྱོད་དགོས་ཤིང་། རྒྱ་གར་མཁས་པའི་ཁྲོད་འདི་རང་འགྲེལ་དུ་འདོད་མཁན་བྱུང་བ་མ་གཏོགས། རང་འགྲེལ་དུ་མི་འདོད་མཁན་གྱི་ཕྱོགས་མ་བྱུང་བ་འདི་ལའང་ཡ་མཚན་སྐྱེ་གཞི་ཆགས་ཡོད། འོན་ཀྱང་དུས་ཕྱིས་བོད་ཀྱི་མཁས་པའི་གཙུག་རྒྱན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་དྲང་ངེས་ལེགས་བཤད་སྙིང་པོར་[19]རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་།
ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །
དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །
ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས[20]་ (C.230-330) དང་། ལེགས་ལྡན་འབྱེད[21]་ (C.500-570) དང་། ཟླ་བ་གྲགས་པའི[22]་ (C.600-650) འགྲེལ་པར་ཡང་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་སོགས་གསུངས་ཏེ་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་ཁུངས་སྟོན་པ་ནི། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་སྟེ། གཞན་ལས་ལྷག་པའི་ཕུལ་བྱུང་གི་རྣམ་དཔྱོད་ཀྱི་རྩལ་ཞིག་མེད་ན། འདི་ལྟ་བུའི་བརྟག་དཔྱད་གཏིང་ཟབ་གནང་མི་ནུས་པའི་ཕྱིར་རོ། །ཁོང་ནི་བོད་ཀྱི་མཁས་པའི་ཁྲོད་མངོན་གསལ་དོད་པོས་ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་མི་བཞེས་མཁན་གྱི་ཐོག་མ་དེ་མིན་ནམ་སྙམ། གོང་གི་ལུང་འདིའི་ཁུངས་དེ་ལྟར་ཡིན་པའང་འགྲེལ་པ་ག་ལས་འཇིགས་མེད་དེ་ཉིད་ལས[23]། དེས་ན་འཇིག་རྟེན་མཐའ་མེད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་མཐའ་མེད་ཅེས་བྱ་བ་ཡང་འཐད་དོ། །བཙུན་པ་འཕགས་ལྷས་ཀྱང་།
ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །
དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །
ཞེས་བཤད་དོ། །ཞེས་གསུངས། འོན་ཀྱང་ཡ་མཚན་པ་ཞིག་ལ་རྗེ་ཙོང་ཁ་པ་སོགས་ཕྱིས་ཀྱི་མཁས་གྲུབ་ཚོས་ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་མི་བཞེས་ཀྱང་། རྩ་ཤེའི་འགྲེལ་པ་བརྒྱད་ཀྱི་གྲངས་འདྲེན་སྐབས་ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་བཞེས་མཁན་གྱི་སྔོན་བྱོན་མཁས་པའི་རྗེས་སུ་འབྲངས་ཏེ། ག་ལས་འཇིགས་མེད་འགྲེལ་པ་རྣམས་ཀྱི་ཐོག་མར་དྲངས་འདུག །དངོས་གནས་བྱས་ན་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་ཁུངས་སྐྱེལ་དགོས་ན། རྩ་ཤེའི་འགྲེལ་པ་བརྒྱད་ཀྱི་གྲངས་འདྲེན་གནང་སྐབས་ག་ལས་འཇིགས་མེད་འགྲེལ་པ་རྣམས་ཀྱི་ཐོག་མར་འདྲེན་པ་འདི་ཅུང་མི་མཛེས་པར་སྣང་ལ། ལར་ནས་བསྟན་བཅོས་འདི་སུ་ཞིག་གིས་བརྩམས་པ་དང་། དུས་ཇི་ཙམ་དུ་བརྩམས་པ་སོགས་ཀྱི་སྐོར་ལ་དཔྱད་པ་ཟབ་མོ་དགོས་ཀྱང་། དེ་ལྟར་གནང་མི་འདུག་པའི་ཚུལ་ལ་དཔགས་ན་འདིའི་སྐོར་ཡུལ་དུས་དཔྱད་གཞིའི་རྒྱུ་ཆ་སོགས་བསྐལ་པའི་དབང་ལས། ཡིད་བརྟན་འཕེར་བའི་གཏན་ཚིགས་ཁ་གསལ་ཞིག་འགོད་རྒྱུ་ཤིན་ཏུ་ནས་དཀའ་བར་སེམས།
དེ་བཞིན་དུ་མཁས་གྲུབ་ཐམས་ཅད་མཁྱེན་པས་ (1385-1438) སྟོང་ཐུན་སྐལ་བཟང་མིག་འབྱེད་དུ་[24]ག་ལས་འཇིགས་མེད་འཕགས་པས་མཛད་པའི་རང་འགྲེལ་ཡིན་ནོ་ཞེས་བོད་མང་པོ་སྨྲ་བ་ནི་རྣམ་པར་མ་བརྟགས་པ་སྟེ། ཞེས་པ་ནས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ་ཞེས་པའི་བར་དང་། འདི་ལ་ཁ་ཅིག་ན་རེ། དེ་མི་འཐད་དེ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་རང་འགྲེལ་དུ་བྱས་པའི་ཕྱིར་རོ། །ཞེས་ཟེར་རོ།།
རྗེ་ཐམས་ཅད་མཁྱེན་པས་འགྲེལ་བཤད་དེ་མ་གཟིགས་སོ་སྙམ་དུ་དོགས་པ་ནི་རང་ཉིད་ཤིན་ཏུ་གླེན་པ་གོ་བར་བྱེད་དོ། །དེ་ལས་དེ་ལྟར་དུ་བཤད་མོད་ཀྱི། འོན་ཀྱང་དེ་ཉིད་རང་འགྲེལ་ཡིན་ན་ནི་དྲངས་མ་ཐག་པའི་གནོད་བྱེད་དུ་མ་ཟད་ཀྱི། སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་དང་ལེགས་ལྡན་འབྱེད་གསུམ་ཀའི་འགྲེལ་པས་རྩ་ཤེའི་གཞུང་གི་ཆ་དུ་མ་ཞིག་སློབ་དཔོན་དང་མི་མཐུན་པའི་ལོག་པར་བཤད་པར་བྱ་དགོས་ཏེ། དཔེར་ན་འགྲེལ་པ་དེར་ནི་མཆོད་བརྗོད་ཀྱི་སྐབས་སུ་འགག་པ་མེད་དེ་སྐྱེ་བ་མེད་པའི་ཕྱིར་ཞེས་བཀོད་ནས། ཞེས་པ་ནས། འདི་ནི་འཕགས་པ་ལ་ཁ་གཡར་བའི་གཞུང་དང་འགྲེལ་པ་སོགས་སྔགས་ཀྱི་སྐོར་ལའང་ཤིན་ཏུ་མང་ཞིང་། དེ་འདྲ་འཕགས་པས་མཛད་པར་འདོད་པའི་རྒྱ་གར་བའི་འགྲེལ་བྱེད་ཀྱང་བྱུང་འདུག་པ་ལྟར་འདིའང་དེ་དག་དང་འདྲ་སྟེ། ཚིག་དོན་གང་ལའང་རྣམ་པར་མི་དཔྱོད་པར་འགྲེལ་བཤད་གང་ཡང་རུང་བ་རེའི་ཚིག་ཙམ་རེ་མཐོང་བས་ཡིད་རྟོན་པར་བྱེད་པ་ནི་དབང་པོ་ཤིན་ཏུ་རྟུལ་པོ་ལས་ཀྱང་རྟུལ་པོར་མཚོན་པ་ལས་གཞན་དུ་ཅི་ཞིག་ཡོད། ཅེས་སོགས་ལུང་རིགས་གཉིས་ལ་བརྟེན་ནས་ག་ལས་འཇིགས་མེད་རང་འགྲེལ་མིན་པ་རྒྱས་པར་བསྒྲུབས།
མཁས་གྲུབ་རྗེའི་ (1385-1438) རྒྱུད་སྡེ་སྤྱི་རྣམ་ལས[25]། རྩ་ཤེས་ལ་རྒྱ་གར་ན་འགྲེལ་པ་དེ་བ་ཤྲ་མ། གུ་ན་མ་ཏི། གུ་ཎ་ཤྲཱི། སྠི་ར་མ་ཏི། འོག་ནས་འབྱུང་བ་བཞི་དང་བརྒྱད་ཡོད་པར་གྲགས་ཤིང་བོད་དུ་བཞི་འགྱུར་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་བུདྡྷ་པཱ་ལི་ཏ་བམ་པོ་བདུན་དང་། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་ཚིག་གསལ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་ཤེས་རབ་སྒྲོན་མའི་འཕྲེང་བ་ནི། དེ་བ་ཤྲ་མས་མཛད་པའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་ཞེས་བྱ་བའི་རྗེས་སུ་འབྲངས་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད། ག་ལས་འཇིགས་མེད་དང་བཞི་སྟེ། ག་ལས་འཇིགས་མེད་རང་འགྲེལ་དུ་སྔོན་གྱི་དཀར་ཆག་རྣམས་དང་། དེའི་རྗེས་སུ་འབྲངས་པ་མང་པོས་འདོད་ཀྱང་མ་ཡིན་ཏེ། འཕགས་པའི་སློབ་མ་རྣམས་ཀྱིས་གཞུང་དུ་དེའི་ལུང་དྲངས་པ་གཅིག་ཀྱང་མ་བྱུང་བའི་ཕྱིར་དང་། རབ་བྱེད་ཉི་ཤུ་རྩ་བདུན་པའི་ཐད་ཀྱི་འགྲེལ་པར་བཙུན་པ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱང་། ཞེས་བཞི་བརྒྱ་པའི་ལུང་དྲངས་པའི་ཕྱིར་རོ། །རིགས་པ་དྲུག་ཅུ་པ་ལ་སློབ་དཔོན་ཟླ་བ་གྲགས་པའི་འགྲེལ་པ་ཡོད་ལ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག །ཞིབ་མོ་རྣམ་འཐག་གསུམ་ལ་རང་འགྲེལ་ཡོད་དོ། །འཕགས་པ་ལྷས་བཞི་བརྒྱ་པ་མཛད་དེ། རབ་བྱེད་བཅུ་དྲུག་གི་དང་པོ་བརྒྱད་ཀྱིས་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ལམ་གྱི་རིམ་པ་དང་། ཆེན་པོའི་བྱང་ཆུབ་སེམས་སྦྱོང་གི་རིམ་པ་ཡན་ཆད་སྟོན་ཅིང་། དགུ་པ་མན་གྱིས་བདག་མེད་གཉིས་རིགས་པས་རྒྱས་པར་གཏན་ལ་འབེབས་སོ། །ཞེས་ཀྱང་གསུངས་སོ།།
ཡང་ཏཱའི་སི་ཏུ་རྣམ་རྒྱལ་གྲགས་ (1395-1475) པས། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་སྔོན་ནས་རྩོད་པ་མེད་པ་ཡིན་པ་ལ། དེང་སང་རང་འགྲེལ་མ་ཡིན་པར་འདོད་པ་མང་བ་ཞིག་བྱུང་བ། རང་འགྲེལ་མ་ཡིན་ན་འདིའི་མཛད་པ་པོ་སུ་ཡིན་པ་དང་། རང་འགྲེལ་མ་ཡིན་པ་ལ་སྒྲུབ་བྱེད་ལྟར་སྣང་མིན་པ་བཀོད་པར་རིགས་སོ་ཞེས་དྲིས་པའི་ལན་དུ། ༸རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ (1391-1474) ཀྱིས་[26]རང་འགྲེལ་ཡིན་པར་སྔོན་ནས་རྩོད་པ་མེད་པར་གྲུབ་ན། འདི་རང་འགྲེལ་ཡིན་པར་རྩ་ཤེའི་དགོངས་པ་འགྲེལ་བའི་སྐྱེས་བུ་ཆེན་པོ་ཨཱརྱ་དེ་བ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་གྲགས། ཞི་བ་འཚོ། ཡེ་ཤེས་སྙིང་པོ་ (700-760) གང་གིས་འདི་རང་འགྲེལ་ཡིན་པར་སྨྲ་དགོས་སོ། །འདི་རང་འགྲེལ་མ་ཡིན་ཏེ། རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དོན་གྱི་འགྲེལ་མཛད་ཚད་ལྡན་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་གང་ཞིག །འགྲེལ་མཛད་རྣམས་ཀྱིས་འདི་ཁུངས་སུ་མ་དྲངས་པ་ཙམ་དུ་མ་ཟད། རབ་བྱེད་དང་པོའི་གཞུང་འདི་རྣམས་ལ་ག་ལས་འཇིགས་མེད་དང་འགྲེལ་པ་གཞན་རྣམས་འཆད་ཚུལ་དང་འཆད་པའི་གོ་རིམ་ཡང་ཤིན་ཏུ་མི་མཐུན་པའི་ཕྱིར།
གཞན་ཡང་འདི་རང་འགྲེལ་མ་ཡིན་ཏེ། འགྲེལ་པ་བུདྡྷ་པཱ་ལི་ཏ་ནི་སངས་རྒྱས་བསྐྱངས་ཀྱིས་མཛད་པར། ལེགས་ལྡན་དང་ཟླ་གྲགས་གཉིས་ཀས་མཐུན་པར་བཞེད་ལ། རབ་བྱེད་ཐ་མ་བཞིའི་འགྲེལ་པ་ག་ལས་འཇིགས་མེད་ལས། བམ་གྲངས་མིང་མི་མཐུན་པ་ཙམ་ལས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པའི་ཚིག་རིས་ཇི་ལྟ་བ་བཞིན་བྲིས་པ་མ་གཏོགས་ནུས་པ་ལྷག་པོ་ཏིལ་ཙམ་ཡང་མི་འདུག་པའི་ཕྱིར་རོ། །འདི་རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དང་དོན་འགྲེལ་མཛད་པ་པོ་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་ཡིན་ཏེ། དཔལ་ལྡན་ཟླ་བས། བཞི་བརྒྱ་པ་དང་། བུདྡྷ་པཱ་ལི་ཏ་དང་། ལེགས་ལྡན་གྱིས་ལེགས་པར་བཤད་པའི་ཆ་དང་། རྩོད་བཟློག་གི་རང་འགྲེལ་སོགས་ནས་ལུང་དྲངས་པའི་ཕྱིར་རོ།།
འཆད་ཚུལ་དང་འཆད་པའི་གོ་རིམ་ཡང་མི་མཐུན་ཏེ། མཆོད་བརྗོད་ཀྱི་སྐབས་སུ། སྐྱེ་བ་མེད་པ་འགག་མེད་པ། །ཞེས་སྨོས་རིགས་པ་ལ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྨོས་པ་ཅི་ཡིན་ཞེས་པའི་ལན་དུ་སངས་རྒྱས་བསྐྱངས་དང་། ལེགས་ལྡན་དང་། ཟླ་བས། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་འཆད་པར་འགྱུར་བ་བཞིན་དུ། འཁོར་བ་སྤྱི་ཙམ་གྱི་སྐྱེ་འཆི་ལ་གོ་རིམ་མཐའ་གཅིག་ཏུ་མ་ངེས་པར་བསྟན་པའི་ཕྱིར་དུ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྨོས་པའི་ལན་མཛད་ལ། ག་ལས་འཇིགས་མེད་ཀྱིས་སྐྱེ་བ་སྔར་སྨོས་པར་རིགས་མོད། སྡེབ་སྦྱོར་གྱི་དབང་གིས་འགག་པ་མེད་པ་སྔར་སྨོས་ཞེས་ལན་བཏབ་པའི་ཕྱིར་དང་། གཞན་ཡང་འགག་པ་མེད་པ་ཞེས་པའི་བཤད་པའི་རྣམ་གྲངས་འགྲེལ་པ་གཞན་དང་མི་མཐུན་པ་མང་པོ་མཛད་པར་སྣང་།
བཤད་པའི་གོ་རིམ་ཡང་མི་མཐུན་ཏེ། ག་ལས་འཇིགས་མེད་ལས། འགག་པ་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་དེ། འགག་པ་མེད་པའི་ཕྱིར་རོ། །སྐྱེ་བ་མེད་པའི་རྒྱུ་མཚན། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །དེའི་རྟགས་སྒྲུབ་པ་ལ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཞེས་པས་བདག་སྐྱེ་མེད་པར་སྒྲུབ་ལ། བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པར་ག་ལ་འགྱུར། །ཞེས་པས་གཞན་སྐྱེ་མེད་པར་སྒྲུབ་ཅིང་། བདག་གཞན་རེ་རེ་ལས་སྐྱེ་བ་མེད་པས། གཉིས་ཀ་ལས་སྐྱེ་བ་མེད་པར་གྲུབ་ལ། རྒྱུ་མེད་ལས་སྐྱེ་བ་ནི་ཐ་ཆད་པས། མཐའ་བཞིའི་སྐྱེ་བ་མེད་པར་བསྟན་པ་ལ། རྐྱེན་རྣམས་བཞི་སྟེ། ཞེས་སོགས་ཀྱི་རྩོད་པ་བཀོད་ནས། དེའི་ལན་དུ། བྱ་བ་རྐྱེན་དང་ལྡན་མ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །ཅེས་པས་རྐྱེན་བཞིས་རྣམ་ཤེས་སྐྱེས་པའི་བྱ་བ་ལ་རྐྱེན་དང་ལྡན་མི་ལྡན་བཀག །བྱ་བ་མི་ལྡན་རྐྱེན་མ་ཡིན། །བྱ་བ་ལྡན་ཡོད་འོན་ཏེ་ན། །ཞེས་པས་རྐྱེན་ལ་ཡང་བྱ་བ་ལྡན་མི་ལྡན་དང་། གཉིས་ཀ་དང་གཉིས་ཀ་མིན་པ་བཀག་ཅེས་སོགས་འཆད་པར་བྱེད་དོ། །དེས་ན་འགྲེལ་པ་འདི་ནི་སློབ་དཔོན་ལ་ཁ་གཡར་བྱས་པ་ཡིན་ནོ།།
འོ་ན་འདིའི་མཛད་པ་པོ་གང་ཞེ་ན། ཁ་ཅིག་ན་རེ་ག་ལས་འཇིགས་མེད་འགྲེལ་པ་བྱེད་པ་པོའི་མིང་ཡིན་ཏེ། བུདྡྷ་པཱ་ལི་ཏ་བཞིན་ཞེས་ཟེར་རོ། །ཁ་ཅིག་ན་རེ། ག་ལས་འཇིགས་མེད་རང་འགྲེལ་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པ་ན། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར། ཞེས་གསུངས་པ་ལ། ལེགས་ལྡན་གྱིས། འདི་ལ་གཞན་ནི་དངོས་པོ་རྣམས། བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་འདོད་པ་བཀོད་ནས། དེ་འགོག་པའི་སྐབས་སུ། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ (C.-700) ལས[27]། འདི་ལ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་འདི་ལའོ། །གཞན་ནི་ཞེས་བྱ་བའི་སྒྲ་ནི། བསྟན་བཅོས་འདིའི་འགྲེལ་པ་བྱེད་པ་མང་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་དང་། གནས་བརྟན་བུདྡྷ་པཱ་ལི་ཏ་དང་། ཙནྡྲ་ཀཱིརྟི་དང་། དེ་བ་ཤྲརྨ་དང་། གུ་ན་ཤྲཱི་དང་། གུ་ན་མ་ཏི་དང་། སྠི་ར་མ་ཏི་དང་། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ལ་ཐུག་པའི་བར་དག་ཡོད་པ་ལས། དེ་དག་ཕལ་ལས་གཞན་པས་ཏེ་གནས་བརྟན་བུདྡྷ་པཱ་ལི་ཏ་དང་སྦྱར་རོ[28]། །ཞེས་བཤད་ལ། ག་ལས་འཇིགས་མེད་མ་གཏོགས་པ་སློབ་དཔོན་གྱིས་མཛད་པའི་རྩ་ཤེའི་འགྲེལ་པ་མེད་པའི་ཕྱིར་ཞེས་ཟེར་རོ། །སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས་དེ་སྐད་དུ་བཤད་མོད། འདི་ནི་མི་ཤེས་པ་ཞིག་གིས་འགྲེལ་པ་དེར་བཅུག་པར་སྣང་ངོ་། །ཞེས་སོགས་ལུང་རིགས་གཉིས་ཀྱི་སྒོ་ནས་ག་ལས་འཇིགས་མེད་རང་འགྲེལ་མིན་པར་རྒྱས་པར་བསྒྲུབས།
གཞན་ཡང་ག་ལས་འཇིགས་མེད་ལས[29]། ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་པ་མཛད་པ། སློབ་དཔོན་ཀླུ་སྒྲུབ་དང་། གནས་བརྟན་བུདྡྷ་པཱ་ལི་ཏ་དང་། ཙནྡྲ་ཀཱིརྟི་དང་། དེ་བ་ཤར་མ་དང་། གུ་ན་ཤྲཱི་དང་། གུ་ན་མ་ཏི་དང་། སྠི་ར་མ་ཏི་དང་། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང་། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤླཽ་ཀ་ནི་ཉིས་སྟོང་ཆིག་བརྒྱ་ཡོད། བམ་པོ་ནི་བདུན་དུ་བྱས་སོ། །ཞེས་བྱུང་བ་སྒྲ་སྒྱུར་གྱི་ལོ་ཙཱ་བས་གནའ་མཆན་ལྟར་བཀོད་པ་ཞིག་ལས། ག་ལས་འཇིགས་མེད་ཀྱི་གཞུང་ཚིག་མིན་འདྲ་ཡང་། འདི་ལ་བསམ་གཞིག་བྱ་རྒྱུ་ཞིག་ཡོད་པར་མ་ཟད། ག་ལས་འཇིགས་མེད་རང་འགྲེལ་མིན་དབང་དུ་བཏང་ཡང་། འགྲེལ་པ་བརྒྱད་ཀྱི་ཐོག་མ་ཡིན་པ་ནི་ཕལ་མོ་ཆེས་བཞེད་དགོངས་མཐུན་པར་སྣང་ངོ་།།
དེ་ལྟར་དོན་དངོས་རྩ་ཤེའི་འགྲེལ་ཆེན་བརྒྱད་ཀྱི་གྲངས་འདྲེན་གནང་སྐབས་ག་ལས་འཇིགས་མེད་འགྲེལ་པ་ཀུན་གྱི་ཐོག་མར་འདྲེན་པ་དང་། ཡང་རབ་བྱེད་ཐ་མ་བཞིའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལས་བཤུས་པར་ངོས་འཛིན་པ་གཉིས་ཅུང་མི་བདེ་ལ། དེ་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[30]། རྒྱ་ནག་རང་དུ་ཡང་ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་ཆོས་ཚན་སུམ་ཅུར་ཉེ་བ་ཙམ་དང་། དེའི་ཁྲོད་ན་འབུམ་གྱི་མང་ཉུང་ཙམ་པའི་གླེགས་བམ་ཆེན་པོ་གཅིག་ཀྱང་ཡོད་ཟེར། འོན་ཀྱང་རང་འགྲེལ་ག་ལས་འཇིགས་མེད་དུ་གྲགས་པ་ནི་བོད་དུ་བསྒྱུར་བ་འདི་ཁོ་ན་ལས་མེད་པར་འདུག །འགྲེལ་པ་དེ་ཡང་རབ་བྱེད་ཉེར་བདུན་པར་འཕགས་པ་ལྷའི་ལུང་དྲངས་པའི་ཕྱིར་རང་འགྲེལ་མིན་ཞེས་རྗེ་བདག་ཉིད་ཆེན་པོས་གསུངས། བླ་མ་བྱམས་པ་རིན་པོ་ཆེའི་སྣར་ཐང་བསྟན་འགྱུར་གྱི་དཀར་ཆག་ཏུ་རང་འགྲེལ་ག་ལས་འཇིགས་མེད་ཅེས་བགྲང་བ་ལ་རྗེའི་གསུང་དང་འགལ་ཞེས་མཁས་པ་རྣམས་གསུངས་ཀྱང་། སྣར་ཐང་གི་དཀར་ཆག་དེ་ནི་བུ་སྟོན་གྱི་དཀར་ཆག་ལ་དཔེ་ཞུས་ཏེ་མཐའ་ན་བར་སྐབས་ཀྱི་ཚིགས་བཅད་སོགས་ཀྱང་དེ་ཀར་བཞག་ཡོད་པ་བཀླགས་པས་ཤེས། དོགས་པ་ཤིན་ཏུ་ཆེ་བ་ནི་ག་ལས་འཇིགས་མེད་ཀྱི་ལེའུ་ཐ་མ་ལྔ་ཀ་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་དེ་ཀ་རང་དུ་འདུག་ཅིང་། དེའི་རྒྱུ་མཚན་གྱིས་སངས་རྒྱས་བསྐྱངས་ཀྱི་ལེའུ་ཉེར་བདུན་པར་འཕགས་པ་ལྷའི་ལུང་དྲངས་པ་ཡང་འཇིགས་མེད་དུ་སླེབས་པར་འདུག །འོན་ཀྱང་འགྱུར་ཅུང་ཟད་མི་འདྲ་བ་རེ་འདུག་པས་གཞུང་དེ་གཉིས་བོད་རང་ནས་བསྲེས་པ་ནི་མིན་པར་འདུག །བོད་དུ་དབུ་མ་པའི་ལུང་པ་ན་མཁས་པ་བུས་དོགས་སློང་ཙམ་ཡང་ད་ལྟའི་བར་མེད་པ་ནི་ཤིན་ཏུ་ངོ་མཚར་སྙམ། ཞེས་གསུངས་པ་ལྟར། གལ་ཏེ་བུདྡྷ་པཱ་ལི་ཏ་ལས་བཤུས་པ་ཡིན་ན། བུདྡྷ་པཱ་ལི་ཏའི་རྗེས་སུ་བརྩམས་པ་ཡིན་དགོས་ལ། དེ་ལྟར་ན་འགྲེལ་པ་བརྒྱད་ཀྱི་ཐོག་མར་འདྲེན་མི་རུང་ལ། བུདྡྷ་པཱ་ལི་ཏའི་རྗེས་སུ་བརྩམས་པར་ཆ་བཞག་ཀྱང་མ་མཐར་ཡང་སུས་བརྩམས་མིན་དང་། དུས་རབས་གང་དུ་བརྩམས་པ་སོགས་ཀྱི་ཁ་ཕྱོགས་ཙམ་ཞིག་ངོས་འཛིན་མ་ཐུབ་ན་ཁུངས་སྐྱེལ་དཀའ་བར་སེམས། མ་ཟད་ཕྱོགས་སྔ་མ་འདིས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པ་རྣམས་ག་ལས་འཇིགས་མེད་ལས་བཤུས་པ་རེད་ཅེས་བརྗོད་ཚེ་ཇི་ལྟར་འགྱུར་གྲང་། དུས་མཚུངས་སུ་ག་ལས་འཇིགས་མེད་དུ། ཉན་པ་པོ་དང་མཉན་བྱ་ལ། །ཞེས་སོགས་འདུག་མོད་ཀྱང་། དེ་ནི་མི་ཤེས་པ་ཞིག་གིས་འགྲེལ་པ་དེར་བཅུག་པར་སྣང་ངོ་། །ཞེས་བཤད་ན་ལན་ཇི་ལྟར་འདེབས།
ག་ལས་འཇིགས་མེད་དང་། བུདྡྷ་པཱ་ལི་ཏ་གཉིས་ཀྱི་རབ་བྱེད་ཉི་ཤུ་རྩ་གསུམ་པའི་དབུ་ནས། འདིར་སྨྲས་པ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་། །འདི་ལ་འདོད་ཆགས་དང་ཞེས་སོགས་རབ་བྱེད་ཉེར་གསུམ་དང་། རབ་བྱེད་ཉེར་བཞི། རབ་བྱེད་ཉེར་ལྔ། རབ་བྱེད་ཉེར་དྲུག །རབ་བྱེད་ཉེར་བདུན་གྱི་མཇུག་བར་རབ་བྱེད་ལྔ་པོ་རྣམས་ཕལ་ཆེར་བརྒྱ་ཆ་གོ་དགུ་ལྷག་མཚུངས་ཤིང་། ག་ལས་འཇིགས་མེད་ནང་། རབ་བྱེད་རེ་རེའི་མཇུག་མཐར། སྤྲུལ་པ་བཞིན་ནམ་སོར་ཕྲེང་བཞིན་ནོ། །ཞེས་པའི་དཔེ་མཚོན་རྣམས་བུདྡྷ་པཱ་ལི་ཏར་མི་སྣང་བ་ལས། དེ་མིན་གཅིག་གིས་གཅིག་ཤོས་ནས་ལེབ་བཤུས་གནང་བ་ལྟ་བུར་སྣང་བས། འདི་ཡང་དཔྱད་གཞི་ཆེན་པོ་ཞིག་གོ།
མཛད་བྱང་ཡང་སློབ་དཔོན་བཙུན་པ་སངས་རྒྱས་བསྐྱངས་འཕགས་པ་འཇམ་དཔལ་གྱི་བཀའ་གྲུབ་པ་བསྟན་བཅོས་དུ་མའི་རྣམ་པར་བཤད་པ་མཛད་པ། ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པས་མཛད་པ་རྫོགས་སོ། །ཞེས་པ་ལས་གཞན་རྣམས་ཕལ་ཆེར་མཚུངས་ཤིང་། འགྱུར་བྱང་ཡང་ག་ལས་འཇིགས་མེད་དང་བུདྡྷ་པཱ་ལི་ཏ་གཉིས་ཀ་རྒྱ་གར་གྱི་མཁན་པོ་ནི་ཛྙཱ་ན་གརྦྷ་ཡིན་པ་མཚུངས་ལ། ག་ལས་འཇིགས་མེད་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་དང་། བུདྡྷ་པཱ་ལི་ཏ་ནི་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་ཡིན་པས། ག་ལས་འཇིགས་མེད་དང་བུདྡྷ་པཱ་ལི་ཏ་གཉིས་ཀ་དུས་རབས་བརྒྱད་པར་བྱོན་པའི་ཀ་ཅོག་ཞང་གསུམ་གྱི་སྐུ་དུས་སུ་སྒྲ་སྒྱུར་མཛད་པ་ཡང་མཚུངས་སོ།།
དེ་བཞིན་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ (1427-1514) ཀྱིས་མཛད་པའི་དྲང་ངེས་དཀའ་འགྲེལ་ཆེན་མོ་ལས[31]། དོན་ནི། རྩ་ཤེས་ལ་ག་ལས་འཇིགས་མེད་སོགས་འགྲེལ་པ་བརྒྱད་ཡོད་པའི་ནང་ནས། ལེགས་ལྡན་ནི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བ་ཡིན་གྱི། ག་ལས་འཇིགས་མེད་ཀྱི་རྗེས་སུ་འབྲང་བ་མ་ཡིན་ཅིང་། དེ་ལ་རང་འགྲེལ་ཡང་མ་ཡིན་ཏེ། དེར་འཕགས་པ་ལྷའི་ལུང་དྲངས་ཤིང་། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར་ག་ལས་འཇིགས་མེད་དེའི་བཤད་པ་ཟུར་ཙམ་ཡང་མ་བྱུང་བའི་ཕྱིར་དང་། ག་ལས་འཇིགས་མེད་དུ་རབ་བྱེད་དྲུག་པའི་འགྲེལ་པར། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །ཞེས་སོགས་ཚིག་རྐང་དྲུག་རྩ་ཚིག་ཏུ་བཀོད་ནས། དེ་ལ་འབྲུ་གནོན་མཛད་ཅིང་། དེ་རྩ་བར་སྒྲས་ཟིན་ལ་ཡོད་ན། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་འདི་མཚུངས། །ཞེས་སྨོས་མི་དགོས་པའི་ཕྱིར་དང་། རྩ་ཤེས་ལ་ཤོ་ལོ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུར་བཤད་པ་དང་འགལ་བའི་ཕྱིར། །ཞེས་བྱུང་ངོ་།།
དེ་བཞིན་དུ་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་གྱི་གཙོ་བོ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་ (1429-1489) དབུ་མ་ངེས་དོན་རབ་གསལ་[32]དུ། ག་ལས་འཇིགས་མེད་རང་འགྲེལ་དུ་རྒྱ་གར་བ་ཁ་ཅིག་དང་། བོད་སྔ་རབས་རྣམས་ལ་གྲགས་ལ། ཕྱི་མ་དག་རབ་བྱེད་ཉེར་བདུན་པའི་འགྲེལ་པ་ལས། བཙུན་པ་འཕགས་པ་ལྷས་ཀྱང་།
ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །
དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །
ཤེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས་པ་ནི་མད་པར་སྣང་སྟེ། དེ་རང་འགྲེལ་ཡིན་ན་འགྲེལ་བྱེད་གཞན་རྣམས་ཀྱིས་འགྲེལ་པ་བྱེད་མི་རིགས་པའམ། ཡང་ན་འགྲེལ་བཤད་མཛད་པར་རིགས་པའི་ཕྱིར་དང་། རྟེན་འབྲེལ་བཤད་པའི་སྐབས་སུ་འགྲེལ་པ་གཞན་རྣམས་དང་མི་མཐུན་པར་སྣང་བས། འགྲེལ་པ་གཞན་རྣམས་ཀླུ་སྒྲུབ་ཉིད་ལ་རྒོལ་བར་ཐལ་བའི་ཕྱིར་རོ། །ཞེས་པ་ནས། ཀླུ་སྒྲུབ་མྱ་ངན་ལས་འདས་པའི་རྗེས་སུ་དཔལ་ལྡན་ཆོས་སྐྱོང་ (530-561) གིས་ཆེད་དུ་མཛད་པའི་བཞི་བརྒྱ་པའི་ལུང་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །ཞེས་སོགས་རྒྱས་པར་བསྒྲུབས་ཏེ་རྗེ་ཙོང་ཁ་པ་ལྟར་རང་འགྲེལ་དུ་ཞལ་གྱིས་མི་བཞེས་པའི་ཕྱོགས་སོ།།
གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་ལས[33]། འགྲེལ་པའི་དབང་དུ་མཛད་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །རྩོད་ཟློག །རིན་ཆེན་འཕྲེང་བ་སྟེ་རིགས་པའི་ཚོགས་དྲུག་མཛད། དེ་རྣམས་ཀྱི་ནང་ནས་རྩ་བའམ་གཞི་མ་ལྟ་བུ་ནི་རྩ་བ་ཤེས་རབ་ཡིན་ལ། དེ་ལ་འགྲེལ་པ་ག་ལས་འཇིགས་མེད། བུདྷཱ་པཱ་ལི་ཏ། ཤེས་རབ་སྒྲོན་མ། ཚིག་གསལ་ཏེ་བཞི་ཡོད་ལ། ག་ལས་འཇིགས་མེད་རང་འགྲེལ་དུ་སྤྱན་རས་གཟིགས་བརྟུལ་ཞུགས་ (C.-700) ཀྱིས་བཤད་ཅིང་། བོད་སྔ་རབས་པ་ཁ་ཅིག་དེ་ལྟར་འདོད་ཀྱང་། རང་ལུགས་ལ་མི་འཐད་དེ། སློབ་དཔོན་སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་གསུམ་གྱི་འགྲེལ་པར་འདིའི་བཤད་པ་ཟུར་ཙམ་ཡང་མ་དྲངས་པའི་ཕྱིར་དང་། རབ་བྱེད་ཉེར་བདུན་པའི་འགྲེལ་པ་དེ་ཉིད་ལས།
ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །
དེ་ཕྱིར་མདོར་ན་འཁོར་བ་འདི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །
ཞེས་བཞི་བརྒྱ་པའི་ལུངས་དྲངས་ནས་བཤད་པའི་ཕྱིར། །དེས་ན་པཎྜི་ཏ་ག་ལས་འཇིགས་མེད་ཅེས་པ་ཞིག་གིས་བརྩམས་པར་འདོད་དེ། དཔེར་ན། བུདྡྷ་པཱ་ལི་ཏས་བརྩམས་པའི་འགྲེལ་པ་ལ་བུདྡྷ་པཱ་ལི་ཏ་ཞེས་བརྗོད་པ་བཞིན་ནོ། །ཞེས་བྱུང་ངོ་།།
ད་དུང་འཇམ་དབྱངས་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་ (1532-1592) གྱིས་མཛད་པའི་ཐལ་བཟློག་གི་དཀའ་གནད་གཏན་ལ་འབེབས་པའི་[34]ནང་། ཁོ་ན་རེ། མགོན་པོ་ཀླུ་སྒྲུབ་ཀྱི་གཞན་ཕྱོགས་འགོག་པའི་རྩ་བའི་གཞུང་རེ་རེས་ཀྱང་བརྗོད་བྱ་མང་པོ་དོན་གྱིས་བསྟན་པ་ཡིན་ཀྱང་། དེ་ལྟར་གཞུང་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བའི་གཞུང་ཡིན་ལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བདག་སྐྱེ་འགོག་པའི་ངག་རྣམས་ནི་དེ་དག་དང་མི་འདྲ་སྟེ། སངས་རྒྱས་བསྐྱངས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་གཞུང་དེ་རྣམས་ལ་འགྲེལ་པ་མཛད་པ་པོ་ཡིན་པ་གང་ཞིག །གཞན་ཕྱོགས་འགོག་པའི་དཔེ་རྟགས་ལ་སོགས་པའི་རྣམ་གཞག་རྒྱས་པར་བརྗོད་དགོས་པ་དེ་ནི་འགྲེལ་པ་མཛད་པ་པོ་རྣམས་ཀྱི་ལུགས་ཡིན་པའི་ཕྱིར། ཞེས་ཟེར། དེ་ལ་ཡང་ངེས་པ་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རང་གི་རྩ་བའི་གཞུང་རྩོད་པ་བཟློག་པའི་འགྲེལ་པ་མཛད་པ་ན། སྦྱོར་བའི་ངག་རྒྱས་པར་མ་གསུངས་པའི་ཕྱིར། འདིས་ནི་རྒྱ་བོད་མང་པོས་ག་ལས་འཇིགས་མེད་རང་འགྲེལ་ཡིན་ཟེར་བ་ཡང་ཁེགས་པ་ཡིན་ཏེ། དེ་རང་འགྲེལ་ཡིན་ན་འདིར་ཟུར་ཙམ་ཞིག་འབྱུང་དགོས་པ་ལས་མ་བྱུང་བའི་ཕྱིར་རོ། །ཞེས་སོགས་གསུངས།
དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1899) ཤེས་བྱ་ཀུན་ཁྱབ་ལས[35]། དེའང་རྩ་ཤེས་ལ་རྒྱ་འགྲེལ་བརྒྱད་ཡོད་པར་གྲགས་ཤིང་། བོད་དུ་བཞི་འགྱུར་བ་ནི་ག་ལས་འཇིགས་མེད། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ། ཟླ་བ་གྲགས་པའི་ཚིག་གསལ། ལེགས་ལྡན་བྱེད་ཀྱི་ཤེས་རབ་སྒྲོན་མའི་ཕྲེང་བ་བཅས་ཡོད་པ་ལས། ག་ལས་འཇིགས་མེད་ནི་སྔོན་གྱི་དཀར་ཆག་རྣམས་དང་། ཇོ་ནང་ཀུན་མཁྱེན་སོགས་རང་འགྲེལ་དུ་བཞེད། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། འཕགས་པའི་སློབ་མ་རྣམས་ཀྱིས་གཞུང་དུ་དེའི་ལུང་དྲངས་པ་གཅིག་ཀྱང་མ་བྱུང་བའི་ཕྱིར་དང༌། རབ་བྱེད་ཉི་ཤུ་རྩ་བདུན་པའི་ཐད་ཀྱི་འགྲེལ་པར་བཙུན་པ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱང༌། ཞེས་བཞི་བརྒྱ་པའི་ལུང་དྲངས་པའི་ཕྱིར་རང་འགྲེལ་མ་ཡིན་པར་གསུངས། ཞེས་རང་འགྲེལ་མིན་པར་གསལ་ལོ།།
དེ་བཞིན་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་ངེས་འཇུག་ངོགས་ལས[36]། དང་པོ་ནི། སློབ་དཔོན་གྱི། ཞེས་སོགས་བྱུང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་གསོ་བ་རིག་པ། ལུགས་ཀྱི་བསྟན་བཅོས། རྟེན་འབྲེལ་གྱི་རྩིས། སྤོས་སྦྱོར། གསེར་འགྱུར་གྱི་གདམས་པ་སོགས་ཐུན་མོང་གི་རིག་པ་དང༌། ནང་རིག་པ་ལའང་ས་ལུ་ལྗང་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་ཀྱི་མདོ་འགྲེལ་དང༌། རང་རྐང་དུ་བརྩམས་པའང་མང་དུ་སྣང་ཞིང༌། ཁྱད་པར་དུ་དབུ་མའི་གཞུང་ལ་ཟབ་དོན་ལུང་གིས་སྒྲུབ་པ་མདོ་བཏུས་དང༌། རིགས་པས་སྒྲུབ་པ་རིགས་ཚོགས་དྲུག་སོགས་མཛད་པ་ལས་གཙོ་བོ་ནི་རྩ་ཤེས་ཡིན་ལ། དེ་ལ་སྤྱན་རས་གཟིགས་བརྟུལ་ཞུགས་ལས། བསྟན་བཅོས་འདིའི་འགྲེལ་བ་བྱེད་པ་མང་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་དང་། ཙནྡྲ་ཀིརྟི་དང༌། དེ་བ་ཤརྨ་དང༌། གུ་ཎ་ཤྲཱི་དང༌། གུ་ཎ་མ་ཏི་དང༌། སྠི་ར་མ་ཏི་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ལ་ཐུག་པའི་བར་དག་ཡོད། ཅེས་པ་ལྟར་རྒྱ་འགྲེལ་གྲགས་ཆེན་བརྒྱད་ལས། ག་ལས་འཇིགས་མེད་ནི་རང་གི་མཇུག་ཏུ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། ཞེས་བྱུང་བ་ལྟར་ཀླུ་སྒྲུབ་ཀྱི་ཁྱད་ཆོས་སུ་བྱེད་ལ། དེ་བ་ཤར་མ་ནི་ལྷའི་དགེ་སྦྱོང་ངམ་དགེ་བའི་ལྷ། གུ་ཎ་མ་ཏི་ནི་ཡོན་ཏན་བློ་གྲོས། གུ་ཎ་ཤྲཱི་ནི་ཡོན་ཏན་དཔལ། སྠི་ར་མ་ཏི་ནི་བློ་གྲོས་བརྟན་པའོ།།
བོད་དུ་ག་ལས་འཇིགས་མེད་བུདྡྷ་པཱ་ལི་ཏ་ཤེས་རབ་སྒྲོན་མེ་ཚིག་གསལ་བཞི་དང༌། འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ལས་མ་འགྱུར་རོ། །འགྲེལ་བཤད་ལས། སློབ་དཔོན་དེ་བ་ཤར་མས་རང་གི་འགྲེལ་བ་དཀར་པོ་འཆར་བ་ཉིད་ཀྱི་སྐབས་སུ། ནས། སློབ་དཔོན་དེ་བ་ཤར་མའི་རྣམ་པར་བཤད་པ་དེ་ནི་འགྲེལ་བ་བྱེད་པ་ཉིད་ཀྱང་འདོད་དོ། །ཞེས་གསུངས་པ་ལྟར་ལེགས་ལྡན་ནི་འགྲེལ་བ་དཀར་པོ་རྣམ་འཆར་གྱི་རྗེས་སུ་འབྲང་ཞིང༌། དེ་ཉིད་ལས། རང་གི་འགྲེལ་པ་ག་ལས་འཇིགས་མེད། ཅེས་དང༌། ལམ་སྒྲོན་རང་འགྲེལ་ལས། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད། ཅེས་པ་ལྟར་བོད་སྔ་རབས་དག་གིས་ཀྱང་ག་ལས་འཇིགས་མེད་རང་འགྲེལ་དུ་བཤད་ཀྱང༌། ཁ་གཡར་ལས་རང་འགྲེལ་མིན་ཏེ། བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པ་དང༌། དེ་རང་འགྲེལ་ཡིན་ན་སངས་རྒྱས་བསྐྱངས་ལེགས་ལྡན་ཟླ་བ་གསུམ་གས་རྩ་ཤེའི་གཞུང་དོན་དུ་མ་སློབ་དཔོན་དང་མི་མཐུན་པར་བཤད་པར་ཐལ་བ་དང༌། རིགས་པ་ཕྲ་ལ་རྟོགས་དཀའ་བ་དུ་མ་ཚིགས་བཅད་ལྷུག་པར་བཏང་ཙམ་ལས་མི་སྣང་བ་དང༌། སངས་རྒྱས་བསྐྱངས་སོགས་ཀྱིས་ཀྱང་རང་འགྲེལ་དུ་མི་བཞེད་པར་སྣང་བ་དང༌། རྩ་ཤེའི་གཞུང་མིན་པ་ཞིག་ཡིན་པར་བྱས་ནས་བཤད་པ་བྱས་པའི་ཕྱིར།
དང་པོ་གྲུབ་སྟེ། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ལས། བཙུན་པ་འཕགས་པ་ལྷས་ཀྱང༌། ཉན་པ་པོ་དང་མཉན་བྱ་དང༌། །ནས། མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། དེར་མཆོད་བརྗོད་སྐབས་འགག་པ་མེད་དེ། སྐྱེ་བ་མེད་པའི་ཕྱིར། ཞེས་བཀོད་ནས་རྟགས་སྒྲུབ་པ་ལ། བདག་ལས་མ་ཡིན་ཞེས་སོགས་དང༌། དེའི་རྟགས་སྒྲུབ་པ་ལ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །སོགས་ཀྱིས་བདག་སྐྱེ་དང༌། བདག་གི་དངོས་པོ་ཡོད་མིན་ན། །སོགས་ཀྱིས་གཞན་སྐྱེ་མེད་པར་སྒྲུབ་ཅིང༌། དེས་གཉིས་སྐྱེའང་མེད་པར་གྲུབ་པར་བཤད་ནས། དེའི་རྩོད་སྤོང་གི་རྩོད་པ། རྐྱེན་རྣམས་བཞི་སྟེ་སོགས་རྐང་པ་བཞི་དང༌། ལན་དུ། བྱ་བ་རྐྱེན་དང་ལྡན་པ་མེད། །སོགས་སྦྱར་བ་ལྟ་བུ་གཞུང་གོང་འོག་གི་འབྲེལ་གོ་རིམ་འཆད་ཚུལ་རྣམས་དེ་དག་དང་ཕྱོགས་ཙམ་ཡང་མི་འདྲ་བར་སྣང་བའི་ཕྱིར། གསུམ་པ་གྲུབ་སྟེ། རབ་བྱེད་གཉིས་པའི། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །ཞེས་སོགས་ཀྱི་ཐད་ཚིགས་བཅད་ཚིག་ལྷུག་ཏུ་བཏང་བ་ཙམ་ལས་མེད་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། འདི་རང་འགྲེལ་ཡིན་ན་དེ་དག་གི་འགྲེལ་བར་འདིའི་ཟུར་ཙམ་ཡང་མ་བྱུང་ཞིང་ཟླ་བས་ལེགས་ལྡན་གྱི་ལེགས་ཆ་ཚུན་བླངས་ཤིང་འཕགས་པའི་གཞུང་རྩོད་བཟློག་གི་རང་འགྲེལ་སོགས་ཀྱང་དྲངས་པས་འདི་ཡང་འདྲེན་རིགས་པ་ལ་མ་དྲངས་པའི་ཕྱིར།
ལྔ་པ་གྲུབ་སྟེ། འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པའི་རྐང་པ་གཉིས་རྩ་ཚིག་ཏུ་བྱས་ནས་དེ་ལ་བཤད་པ་བྱས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་རྩ་བར་ཤླཽ་ཀ་བཞི་བརྒྱ་ཞེ་དགུར་རྩ་ཤེས་རང་ལས་བྱུང་བ་དང་འགལ་ཞིང༌། དེའི་གོང་དུ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་འདོད་ཆགས་ལ་ཆགས་པ་ཡོད་མེད་བརྟགས་ནས་བཀག་པ་དེ་ཆགས་པ་ལ་འདོད་ཆགས་ཡོད་མེད་ལའང་སྦྱོར་ཅིག་ཅེས་དངོས་སུ་གསུངས་པ་མ་ངེས་པར་སྣང་བའི་ཕྱིར་རོ། །ཉན་པ་པོ་དང་མཉན་བྱ་དང༌། །ཞེས་སོགས་ཀྱི་དོན་ནི་དེ་ཁོ་ན་ཉིད་ཉན་པ་པོའི་རྟེན་གྱི་གང་ཟག་དང༌། མཉན་བྱ་དེ་ཁོ་ན་ཉིད་སྟོན་པའི་གསུང་རབ་དང༌། དེ་སྟོན་པའི་བཤེས་གཉེན་ཚད་ལྡན་རྣམས་འཇིག་རྟེན་དུ་འབྱུང་བ་རྙེད་དཀའ་བས་ན་གསུམ་པོ་དེ་མ་ཚང་བ་ལ་ལྟོས་ཏེ་འཁོར་བ་ལས་འདི་ཙམ་ན་ཐར་ཞེས་ངེས་མི་ནུས་ཤིང༌། ཚང་བ་ལ་ལྟོས་ཏེ་དེ་ལྟར་ངེས་ནུས་ཞེས་པའོ། །དར་ཊཱིཀ་ལས། དོན་དམ་པའི་གནས་ལུགས་ལ་ལྟོས་ནས་ཀྱང་མཐའ་ཡོད་མེད་གཉིས་ཀ་དོན་དམ་པར་གྲུབ་པ་ལུང་བསྟན་དུ་མེད་པའོ། །ཞེས་པ་ལྟར་བཀྲལ་ཀྱང་རུང་ངོ་། །ཞེས་རྒྱུ་མཚན་ལྔ་ཡི་ཐོག་ནས་ག་ལས་འཇིགས་མེད་རང་འགྲེལ་མིན་པར་གསུངས་སོ།།
ག་ལས་འཇིགས་མེད་རང་འགྲེལ་དུ་ཞལ་གྱིས་མི་བཞེས་མཁན་ཕྱི་ནང་མི་རིགས་ཀྱི་དེང་དུས་མཁས་པའི་ཁྲོད་དུ། ཕྱི་ལོའི་དུས་རབས་གསུམ་པའི་ནང་ག་ལས་འཇིགས་མེད་ཅེས་པའི་རྒྱ་གར་ནང་པའི་སློབ་དཔོན་ཞིག་བྱོན་ནས་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་དེས་བྱས་པར་འདོད་མཁན་ཡང་བྱུང་བ་དཔེར་ན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་རྒྱ་གར་ཆོས་འབྱུང་[37]དུ། ད་ནི་གོང་གསལ་ཁག་གི་གྲུབ་དོན་སྙིང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ (c.150-250) དང་། འཕགས་པ་ལྷ་ (C.170-270) དང་། དགྲ་གཅན་འཛིན་བཟང་པོ་ (c.200-300) དང་། འཕགས་པ་ཐོགས་མེད་ (c.395-470) དང་། དབྱིག་གཉེན་ (c.400-480) དང་། ཕྱོགས་གླང་ (c.480-540) བཅས་ཀྱི་དུས་རབས་ནི་མཁས་པ་གོང་མ་དག་གིས་གཏན་འབེབས་མཛད་པ་ལྟར་དོན་ལ་གནས་པར་སེམས་ཀྱང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དུས་རབས་ཅུང་ཟད་ཕྱིས་འགྱངས་སུ་གྱུར་པའི་ཞན་ཆ་ཡོད་པར་སེམས་ཏེ། ཁོ་བོ་ནི་སངས་རྒྱས་བསྐྱངས་ (c.230-330) དང་། ག་ལས་འཇིགས་མེད་མཁན་པོ་ (c.260-360) གཉིས་གུག་ཤད་ནང་དོན་ལྟར་ཚོད་དཔག་བྱས་ཤིང་། འོན་ཀྱང་དཔྱད་པ་རྫོགས་པའི་གྲུབ་དོན་རྙེད་པ་ཞིག་མིན་པས་ད་དུང་མཁས་པ་རྣམ་པས་དཔྱད་ལ་མཛོད་ཅིག །ཅེས་དཔྱད་གཞིའི་ཡུལ་དུ་བཞག་གོ།
ག་ལས་འཇིགས་མེད་དུ་རྩ་ཤེའི་གཞུང་ཚིག་དང་བཞི་བརྒྱ་པའི་ལུང་ཕུད་དེ་མིན་གྱི་ལུང་ཕལ་མོ་ཆེ་མདོ་ལུང་དུ་དྲངས་པས། འདི་རང་འགྲེལ་ཡིན་པར་འདོད་པ་ལ་གློ་བ་དགའ་བ་ཡང་། རང་ཉིད་བསམ་ཚུལ་ངོ་མ་ནི། རྩ་ཤེའི་འགྲེལ་བྱེད་ཀྱི་གཙོ་བོ་སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་ཀྱི་འགྲེལ་པར་ག་ལས་འཇིགས་མེད་ཀྱི་ཟུར་ཙམ་ཡང་མ་བྱུང་བར་མ་ཟད། ལྷག་དོན་སློབ་དཔོན་ཟླ་བ་གྲགས་པས་རྩ་ཤེའི་འགྲེལ་པ་ཚིག་གསལ་གྱི་མཛད་བྱང་[38]དུ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་འགྲེལ་པ་ཚིག་གསལ་རྩོམ་སྐབས་གཞི་བཅོལ་སའི་བསྟན་བཅོས་གལ་ཆེ་ཚང་མའི་མཚན་དང་བརྒྱུད་པ་སོགས་དྲངས་པའི་ནང་ག་ལས་འཇིགས་མེད་ཀྱི་མིང་ཙམ་ཡང་མེད་པ་འདིས་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དཔྱོད་པ་ལ་གནད་འགག་ཆེ་ཤོས་དང་། ཁུངས་བཙན་ཤོས་ཀྱི་གནས་བབ་བཟུང་ཡོད།
གོང་གི་རྒྱུ་མཚན་འདི་དག་ལ་གཞིགས་ན་སློབ་དཔོན་ཟླ་བ་གྲགས་པའི་དུས་རབས་ཀྱི་ཕྱི་མ་སྤྱན་རས་གཟིགས་བརྟུལ་ཞུགས་ (C.-700) ཀྱི་དུས་རབས་ཏེ། དུས་རབས་བརྒྱད་པའི་ནང་གཞན་ཞིག་གིས་བརྩམས་ཏེ་འཕྲིན་ལས་རྒྱས་པའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གཡར་བ་མིན་ནམ་སྙམ། རྒྱུ་མཚན་ནི། ལྡོག་ཕྱོགས་ནས་བསམ་བློ་བཏང་ཚེ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་དུ་ག་ལས་འཇིགས་མེད་རང་འགྲེལ་དུ་བཤད་པ་དང་། རྩ་ཤེས་ལ་འགྲེལ་པ་བརྒྱད་ཡོད་ཅེས་འགྲེལ་པ་བརྒྱད་དྲངས་ཏེ། དེ་རྣམས་ཀྱི་ཐོག་མར་ག་ལས་འཇིགས་མེད་དྲངས་པ་སོགས་འདི་ཀུན་གྱི་ཐོག་མའི་བྱེད་པོ་སྤྱན་རས་གཟིགས་བརྟུལ་ཞུགས་ཉིད་ཡིན་བཟོ་ཆེ་བས། ག་ལས་འཇིགས་མེད་འདི་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་དུས་རབས་སུ་གཞན་ཞིག་གིས་བརྩམས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གཡར་བ་ལ་དོགས་པ་ཡོད་ཅིང་། དེའི་ནང་ནས་ཀྱང་སྤྱན་རས་གཟིགས་བརྟུལ་ཞུགས་རང་ཉིད་ཀྱིས་བྱས་པ་ལ་དོགས་པ་ཆེ་ཤོས་ཆགས་ཡོད། ག་ལས་འཇིགས་མེད་རྩོམ་མཁན་གྱིས་འཕྱུག་ས་གཙོ་བོ་དང་བསམ་བློ་མ་འཁོར་སའི་གནད་འགག་གཙོ་བོ་ནི། རབ་བྱེད་ཉེར་བདུན་པའི་འགྲེལ་པའི་ཐད་དུ་འཕགས་པ་ལྷའི་ལུང་དྲངས་པ་དང་། མཛད་བྱང་དུ་ཀླུ་སྒྲུབ་ཀྱི་མཚན་གཡར་བ་གཉིས་འཚམ་པོ་ཡོད་མིན་ལ་རྟོག་ཞིབ་ཟབ་མོ་མ་བྱུང་བའི་རྐྱེན་གྱིས་ཛོར་རྟགས་འདི་གློད་པར་སེམས། དེ་ལྟར་ཕྱོགས་ཡོངས་ནས་དཔྱད་མཐའི་གྲུབ་དོན་ནི། ག་ལས་འཇིགས་མེད་འདི་དུས་རབས་བརྒྱད་པའི་ནང་ལེགས་ལྡན་གྱི་རྗེས་འབྲང་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བྱས་པར་ཆ་བཞག་ཚེ་དོན་དངོས་དང་ཐག་ཉེ་ཤོས་ཡིན་ཡང་། དཔྱད་པ་རྫོགས་པའི་གྲུབ་དོན་ད་དུང་ཡང་མ་རྙེད་པར་བརྟེན། རྣམ་དཔྱོད་འགྲན་ཟླ་བྲལ་བའི་མཁས་དབང་རྣམ་པས་དཔྱད་པ་མུ་མཐུད་མཛད་པར་ཞུ། གང་ལྟར་གོང་དུ་ཞུས་པ་རྣམས་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཙམ་ལས་ཡིད་བརྟན་འཕེར་བའི་ངེས་ཚིག་ཞུ་རྒྱུ་མེད་ལགས་ན། མཁས་དབང་རྣམ་པས་དཔྱད་གཞིའི་ཡུལ་དུ་འཇོག་རོགས་ཞུ་རྒྱུ་དང་། དཔྱད་གཞིའི་རྐྱེན་དུ་ཐུགས་ཕན་ཅུང་ཟད་གསོ་ཐུབ་པའི་རེ་བ་ཞུ་[39]ཞེས་གསལ་བ་ལྟར་རོ།།
5) ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱིས་མཛད་པར་སྒྲུབ་པ།
དེའང་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་འདི། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་པར་སྒྲུབ་པ་ལ། རང་འགྲེལ་ཡིན་པར་སྒྲུབ་པའི་རྒྱུ་མཚན་རྣམ་དག་བསྟན་པ་དང་། རང་འགྲེལ་མིན་པའི་སྒྲུབ་བྱེད་དུ་བཀོད་པ་རྣམས་ལྟར་སྣང་དུ་བསྟན་པ་གཉིས་ལས། དང་པོ་ནི། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཆོས་ཅན། སློབ་དཔོན་ཀླུ་སྒྲུབ་རང་གིས་མཛད་པ་ཡིན་པར་ཁས་ལེན་དགོས་ཏེ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་རང་དུ། དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་འགའ་ཞིག་ལ། འགྲེལ་པ་མཛད་པོ་རང་གི་ཚིག་ཏུ་བྱས་ནས་བཤད་པ་ལས། དབུ་མ་རྩ་ཤེས་ཀྱི་ཚིག་གཅིག་ལའང་གཞན་ཚིག་ཏུ་བྱས་ནས་བཤད་པ་གཏན་ནས་མེད་པའི་ཕྱིར། གྲུབ་སྟེ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བདུན་པ་ལས[40]།
ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་བསྟན་པ་ཉིད་ཡིན་ནོ། །
ཞེས་གསུངས་པ་ལ། ག་ལས་འཇིགས་མེད་ཀྱི་དེའི་ཐད་དུ། ཁོ་བོས་གོང་དུ།[41]
རེ་ཞིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ནོ། །
ཞེས་བསྟན་པ་ཉིད་ཡིན་ནོ། །ཡང་ན། ཡོད་པ་དང་། མེད་པ་དང་། ཡོད་མེད་དག །ཇི་ལྟར་སྐྱེ་བར་རིགས་པ་མ་ཡིན་པ་དེ་ལྟར། ཁོ་བོས་གོང་དུ།[42]
གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་སྒྲུབ་པ། །
ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །
ཞེས་བསྟན་པ་ཉིད་ཡིན་ནོ། །ཞེས་སོགས་གནས་སྐབས་གང་དུ། དབུ་མ་རྩ་བ་ཤེས་ཀྱི་མཛད་པ་པོར་སྙེགས་པ་ན། ཁོ་བོས་ཞེས་རང་ཚིག་ཏུ་མཚོན་ནས་གསུངས་པ་ཁོ་ན་ལས། སློབ་དཔོན་གྱིས་ཞེས་སོགས་གཞན་ཚིག་ཏུ་མཚོན་ནས་གསུངས་པ་གཅིག་ཀྱང་མེད་པའི་ཕྱིར་རོ། །རྩ་བར་ཁྱབ་སྟེ། གལ་ཏེ་ག་ལས་འཇིགས་མེད་འདི་སློབ་དཔོན་གཞན་ཞིག་གིས་བྱས་པ་ཡིན་ན། དབུ་མ་རྩ་ཤེས་ཀྱི་ཚིག་འགའ་ལ། སློབ་དཔོན་གྱིས་ཞེས་པ་ལྟ་བུའི་གཞན་ཚིག་ཏུ་མཚོན་པའི་སྒྲ་འབྱུང་དགོས་པའི་ཕྱིར་ཏེ། དཔེར་ན། ཕྱིས་ཀྱི་སློབ་དཔོན་དག་གི་དབུ་མ་རྩ་ཤེས་ཀྱི་འགྲེལ་པ་བཞིན་ནོ།།
གཞན་ཡང་། དེ་ལྟར་ཁས་ལེན་དགོས་ཏེ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་རང་གི་མཛད་བྱང་[43]དུའང་། དབུ་མ་རྩ་ཤེས་ཀྱི་མཛད་བྱང་དང་ཤིན་ཏུ་མཐུན་པར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་པོར་བྱུང་བ་ལ། དེ་ཕྱིས་གསར་བསྣན་ཡིན་པའི་རྒྱུ་མཚན་སྣ་གཅིག་ཀྱང་མེད་པའི་ཕྱིར་དང་། དེས་ན་སྒྲ་སྒྱུར་གྱི་ལོ་པཎ་ཚད་ལྡན་དེ་དག་དང་། ཕྱིས་ཀྱི་འགྱུར་བཅོས་གཏན་ལ་ཕབ་པའི་ལོ་པཎ་དག་གིས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་དངོས་ཡིན་པར་བྱས་ནས་བསྒྱུར་པ་ལ་རྒྱུ་མཚན་ངེས་ཅན་ཡོད་དགོས་པའི་ཕྱིར་དང་། གཞན་ཡང་བོད་ཀྱི་སྔ་རབས་མཁས་པ་ལོ་རྒྱུས་སྨྲ་བ་ཆེན་པོ་བུ་དོལ་རྣམ་གཉིས་སོགས་ཀྱང་། དབུ་མ་རྩ་བ་ཤེས་རབ་ཀྱི་རང་འགྲེལ་དུ་བཞེད་པ་ལ། རྒྱུ་མཚན་ངེས་ཅན་ཡོད་དགོས་པའི་ཕྱིར་རོ།།
གཞན་ཡང་། དེ་ལྟར་ཁས་ལེན་དགོས་ཏེ། རྒྱ་གར་གྱི་མཁས་པ་ཆེན་པོ་དབུ་མ་པ་དག་གི་ཁྲོད་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་ཡིན་པར་བཞེད་མཁན་ལས། མིན་པར་བཞེད་མཁན་གཅིག་ཀྱང་མེད་པའི་ཕྱིར། གྲུབ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་དབུར།[44] སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་ཚིག་ལེའུར་བྱས་པ་དག་ཁོ་ནས། རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་གསལ་བ་དང༌། དེ་ཁོ་ན་དག་བསྟན་པ་དང༌། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་མོད་ཀྱི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཁ་ཅིག་གིས་མི་རྟོགས་པས། དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲེལ་པ་ཇི་བཞིན་འབྲི་ན། བཤད་ཟིན་འཆད་མི་དགོས་པ་ལ། མ་བཤད་པ་འཆད་མི་ནུས་པས། འགྲེལ་བཤད་འབྲི་བ་ལ་དགོས་པ་མེད་པའི་དོགས་པ་བསླངས་ནས། རང་འགྲེལ་དུ་འཆད་ཟིན་ཀྱང་། ཁ་ཅིག་གིས་དེ་མི་རྟོགས་པས། དེའི་ཕྱིར་འགྲེལ་པ་བྲིས་པར་གསུངས་པ་དང་། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། དབུ་མ་ཤེས་རབ་སྒྲོན་མ་རྒྱ་ཆེར་བཤད་པའི་དབུར།[45] གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མཚན་ཉིད་གང་ཁོ་ན་བསྟན་པའི་མཚན་ཉིད་དེ་ཁོ་ན་སྟོན་ན་ནི། དེའི་ཕྱིར་དེ་དང་པོ་ཉིད་དུ་རྣམ་པར་བཤད་ཟིན་པས། བཏགས་པ་ལ་འཐག་པ་དང་འདྲ་བས་རྣམ་པར་བཤད་པ་བརྩམས་པ་འདི་མི་དགོས་སོ། །འོན་ཏེ་དེར་མ་བཤད་པ་འདིར་འཆད་ན་ནི། དེ་ལྟར་ན་ཡང་མདོ་ལས་ལྷག་པ་རང་གི་བློས་རྣམ་པར་བཤད་པ་མི་རིགས་སོ། །ཞེས་ཕྱིར་ཟློག་པར་བྱེད་པས། ཞེས་ག་ལས་འཇིགས་མེད་རང་འགྲེལ་དུ་བྱས་ནས། སློབ་དཔོན་ཀླུ་སྒྲུབ་ཀྱི་རང་འགྲེལ་ག་ལས་འཇིགས་མེད་ཡོད་བཞིན་དུ། འགྲེལ་བྱེད་དབུ་མ་ཤེས་རབ་སྒྲོན་མ་རྩོམ་མི་རིགས་པའི་སྐྱོན་སྤངས་ཏེ། ལེགས་ལྡན་འབྱེད་རང་གིས་བྱས་པ་ཡིན་པར་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པས། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་གྱི་བདག་སྐྱེ་འགོག་པའི་ཐལ་བཟློག་སྐབས་སུ།[46] སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བ་སློབ་དཔོན་སངས་རྒྱས་བསྐྱངས་ལ་གླགས་དང་བཅས་པའི་ཚིག་གསུང་པ་ཉིད་ག་ལ་ཡོད། ཅེས་པའི་སྐབས། གང་གི་རྗེས་སུ་འབྲང་སའི་ཀླུ་སྒྲུབ་ཀྱི་ལུགས་ནི། ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གཅིག་པ་ལས[47]། དེ་ལ་རེ་ཞིག་དངོས་པོ་ནི་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་ཀྱིས་ཡོད་ལ། ཡང་སྐྱེ་བར་བརྟག་པ་དོན་མེད་དུ་འགྱུར་བའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་པ་དེ་ལས་གཞན་སྟོན་རྒྱུ་མེད་པ་དང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་[48]དུ དེ་ལ་དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང༌། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་ཚིག་དོན་གསལ་བ་དང༌། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་མཛད་པའི་ཤེས་རབ་སྒྲོན་མ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏས་མཛད་པའི་བུདྡྷ་པཱ་ལི་ཏ་དང༌། སློབ་དཔོན་བློ་བརྟན་གྱིས་མཛད་པ་དང་། སློབ་དཔོན་གུ་ཎ་མ་ཏི་དང༌། སློབ་དཔོན་གུ་ཎ་ཤྲཱི་དང༌། ཨཱ་ཙཱརྱ་གུ་ཎ་ད་ཏས་མཛད་པ་རྣམས་སོ། །ཞེས་ག་ལས་འཇིགས་མེད་རང་འགྲེལ་དུ་གསུངས་པའི་ཕྱིར་རོ།།
གཉིས་པ། རང་འགྲེལ་མིན་པའི་སྒྲུབ་བྱེད་དུ་བཀོད་པ་རྣམས་ལྟར་སྣང་དུ་བསྟན་པ་ལ། ཁ་ཅིག་སྔ་མས་བཀོད་པའི་རྒྱུ་མཚན་རྣམས་ལྟར་སྣང་དུ་བསྟན་པ་དང་། ཁ་ཅིག་བར་མས་བཀོད་པའི་རྒྱུ་མཚན་རྣམས་ལྟར་སྣང་དུ་བསྟན་པ་དང་། ཁ་ཅིག་རྗེས་མས་བཀོད་པའི་རྒྱུ་མཚན་རྣམས་ལྟར་སྣང་དུ་བསྟན་པ་གསུམ་ལས། དང་པོ་ལ། ཁ་ཅིག་སྔ་མས་རང་འགྲེལ་མིན་པའི་རྒྱུ་མཚན་ལྔ་བཀོད་ཚུལ་དང་། རྒྱུ་མཚན་དེ་ལྔ་རེ་རེ་ནས་ལྟར་སྣང་དུ་བསྟན་པ་གཉིས་ལས། དང་པོ་ནི། དེའང་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་འདི་ཉིད། ག་ལས་འཇིགས་མེད་སྐོར་གླེང་བའི་རྒྱ་གར་གྱི་མཁས་པ་ཆེན་པོ་རྣམས་དང་། བོད་སྔ་མའི་མཁས་པ་ཆེན་པོ་རྣམས་ལ། རང་འགྲེལ་མིན་པར་སྨྲ་བ་གཅིག་ཀྱང་མེད་ལ། ཕྱིས་སུ་བོད་ཀྱི་མཁས་པ་འགའ་ཞིག་གིས། རྒྱུ་མཚན་ལྟར་སྣང་འགའ་ལ་བརྟེན་ནས། དེ་རང་འགྲེལ་མིན་པར་བཤད་ལ། དེ་རྣམས་ཀྱང་འོག་ནས་བཤད་པའི་ཁ་ཅིག་གསུམ་པོ་གཙོ་བོ་ཡིན་པར་སྣང་བས། དེ་གསུམ་རིམ་པར་བཀག་པ་ན། ཁ་ཅིག །རང་གིས་རྒྱུ་མཚན་གང་ཡང་མ་རྙེད་པར་གཞན་ཟེར་རྗེས་བརྗོད་འབའ་ཞིག་ལ་དགའ་བ་དག་ཀྱང་དེའི་ཤུགས་ཀྱིས་འགོག་པར་འགྱུར་བས་ཟུར་དུ་མི་སྨྲའོ།།
དེ་ཁ་ཅིག་དང་པོ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས། བདེན་གཉིས་གནད་ཀྱི་ཟླ་ཟེར་ལས[49]། རྩ་ཤེས་འགྲེལ་པ་ག་ལས་འཇིགས་མེད། ཅེས་བྱ་བ། རང་འགྲེལ་དུ། བོད་དང་རྒྱ་གར་བ་ཁ་ཅིག་ལ་གྲགས་ཀྱང་དེ་ནི་རྣམ་པར་མ་བརྟགས་པ་སྟེ། ཅི་སྟེ་དེ་ཉིད་རང་འགྲེལ་ཡིན་ན། ༡ སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་ལ་སོགས་པས་དེ་ཉིད་ཀྱི་འགྲེལ་བཤད་བྱེད་པར་རིགས་ཀྱི། འགྲེལ་པ་ལོགས་སུ་བརྩམས་པར་མི་རིགས་པའི་ཕྱིར་དང་། ༢ སློབ་དཔོན་དེ་དག་འཕགས་པའི་དགོངས་པ་རང་རྒྱུད་དང་། ཐལ་འགྱུར་གང་ཡིན་ལ་རྩོད་པ་བྱེད་པར་ཡང་མི་རིགས་ཏེ་འགྲེལ་པ་དེས། བདག་ལས་མ་ཡིན། ཞེས་སོགས་ཀྱི་འགྲེལ་པར་སངས་རྒྱས་བསྐྱངས་དང་ཚིག་མཐུན་པར་ཐལ་འགྱུར་ལུགས་སུ་བཀྲལ་འདུག་པའི་ཕྱིར་དང་། ༣ སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་ལ་སོགས་པ་སློབ་དཔོན་གྱི་དངོས་སློབ་རྣམས་ཀྱིས་མ་གཟིགས་པར་འགྱུར་ཏེ་དེ་དག་གིས་དེ་དང་མི་མཐུན་པའི་བཤད་པ་དུ་མ་མཛད་འདུག་པའི་ཕྱིར་རོ།།
༤ དཔལ་ལྡན་ཟླ་བ་གྲགས་པས་ཀྱང་མ་གཟིགས་པར་འགྱུར་ཏེ། ཚིག་གསལ་གྱི་མཇུག་ཏུ། སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་དང་ནི་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་དེ་དང་། །ཞེས་དེ་གཉིས་ཀྱི་འགྲེལ་པ་ཙམ་ཞིག་སྨོས་ཀྱི་སློབ་དཔོན་གྱི་འགྲེལ་པ་མ་སྨོས་པའི་ཕྱིར་དང་། ༥ མཆོད་བརྗོད་ཀྱི་བཤད་པ་ཡང་དེ་དང་རྣམ་པ་ཐམས་ཅད་དུ་མི་མཐུན་ཞིང་། གཞན་ཡང་གཞུང་ཕལ་ཆེ་བའི་མཚམས་སྦྱོར་དང་། བཤད་པ་ཀུན་དེ་དང་མི་མཐུན་པ་ཁོ་ན་མཛད་པའི་ཕྱིར་རོ། །ཞེས་རྒྱུ་མཚན་ལྔ་ཙམ་གསུངས་སོ།།
གཉིས་པ། རང་འགྲེལ་མིན་པའི་རྒྱུ་མཚན་ལྔ་པོ་རེ་རེ་ནས་ལྟར་སྣང་དུ་བསྟན་པ་ནི། དང་པོ། གལ་ཏེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན། ཕྱིས་ཀྱི་འགྲེལ་བྱེད་དག་གིས་དེ་ལ་ཡང་འགྲེལ་མཛད་པར་རིགས་ཀྱི། རྩ་འགྲེལ་ལོགས་སུ་བརྩམས་མི་རིགས། ཞེས་པའང་མི་འཐད་པར་ཐལ། དེ་ལྟར་ན་ཁྱོད་ཀྱིས། ཚད་མ་རྣམ་འགྲེལ་རང་དོན་ལེའུའི་རང་འགྲེལ་གྱི་ཡང་འགྲེལ་ལས། རང་དོན་ལེའུའི་རྩ་བའི་རྣམ་བཤད་རིགས་པའི་འདོད་འཇོ་བརྩམས་མི་རིགས་པར་འགྱུར་བའི་ཕྱིར་དང་། དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་ཡང་འགྲེལ་ལས། འཇུག་པའི་རྩ་བའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ་བརྩམས་མི་རིགས་པར་འགྱུར་བའི་ཕྱིར་དང་། དེ་བཞིན་དུ་བོད་ཀྱི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བྱེད་དག་ཀྱང་། ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་གྱི་ཡང་འགྲེལ་ལས། རྩ་འགྲེལ་བྱེད་མི་རིགས་པར་འགྱུར་བའི་ཕྱིར་དང་། བོད་ཀྱི་འཇུག་པའི་འགྲེལ་བྱེད་དག་ཀྱང་། འཇུག་པའི་རང་འགྲེལ་གྱི་ཡང་འགྲེལ་ལས། རྩ་འགྲེལ་བྱེད་མི་རིགས་པར་འགྱུར་བའི་ཕྱིར་དང་། རྒྱ་བོད་ཀྱི་མངོན་པ་མཛོད་འགྲེལ་བྱེད་དག་ཀྱང་། མངོན་མཛོད་རང་འགྲེལ་གྱི་ཡང་འགྲེལ་ལས། རྩ་འགྲེལ་བྱེད་མི་རིགས་པར་འགྱུར་བ་སོགས་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།།
གཉིས་པ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན། དེས་ཐལ་འགྱུར་གྱི་ལུགས་སུ་བཀྲལ་བས། ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་རང་གང་ཡིན་ལ་རྩོད་པ་བྱེད་པར་ཡང་མི་རིགས། ཞེས་པའང་མི་འཐད་པར་ཐལ། དེ་ལྟར་ན་རྩ་ཤེས་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ན། དེ་ཐལ་འགྱུར་གྱི་ལུགས་སུ་གསུངས་པས། རྩ་ཤེས་ཀྱི་དགོངས་པ་ཐལ་རང་གང་ཡིན་ལ་ཕྱིས་ཀྱི་མཁས་པས་རྩོད་པ་བྱེད་པར་ཡང་མི་རིགས་པར་ཐལ་བའི་ཕྱིར་དང་། གལ་ཏེ་རྩ་ཤེས་ཐལ་འགྱུར་ལྟར་དུ་གསུངས་པ་མིན་ན། ཟླ་གྲགས་སོགས་ཀྱིས་རྩ་ཤེས་ཐལ་འགྱུར་ལྟར་དུ་འགྲེལ་བའང་ཕྱིན་ཅིག་ལོག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།།
གསུམ་པ། གལ་ཏེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་སོགས་ཀླུ་སྒྲུབ་ཀྱི་དངོས་སློབ་རྣམས་ཀྱིས་མ་གཟིགས་པར་ཐལ། དེ་དང་མི་མཐུན་པའི་བཤད་པ་དུ་མ་མཛད་འདུག་པའི་ཕྱིར། ཞེས་པའང་མི་འཐད་པར་ཐལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ནི། དེ་དང་མི་མཐུན་པའི་བཤད་པ་མེད་པར་མ་ཟད། ཚིག་གི་གོ་རིམ་དང་། བཀའ་ཡི་ལུང་འདྲེན་སྟངས། བཀའ་གཞན་ལ་ཞལ་འཕེན་ཚུལ་ཚུན་ཆད་སོགས་བརྒྱ་ཆའི་མང་ཕྱོགས་ལ་དེ་གཉིས་གཞུང་གཅིག་ལྟར་དུ་སྣང་བའི་ཕྱིར་དང་། ལེགས་ལྡན་འབྱེད་ཀྱིས་དེ་དང་མི་མཐུན་པའི་བཤད་པ་བྱས་པས། དེས་དེ་མ་གཟིགས་པར་འགྱུར་ན། དེས་དབུ་རྩ་ཤེས་དང་མི་མཐུན་པའི་བཤད་པ་མཛད་པས་ཀྱང་། དེས་རྩ་ཤེས་ཀྱང་མ་གཟིགས་པར་ཡང་ཐལ་བར་འགྱུར་བའི་ཕྱིར་དང་། ཤཱ་རིའི་བུ་སོགས་སངས་རྒྱས་ཀྱི་དངོས་སློབ་རྣམས་ཀྱིས་ཀྱང་། ཡུམ་རྒྱས་འབྲིང་གི་ཚིག་དངོས་སུ་གོ་བཞིན་དོན་གཞན་དུ་བཟུང་བས། ཡུམ་རྒྱས་འབྲིང་དངོས་སུ་མ་གསན་པར་ཡང་ཐལ་བར་འགྱུར་བའི་ཕྱིར་རོ།།
བཞི་པ། གལ་ཏེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན། ཟླ་བས་ཀྱང་མ་གཟིགས་པར་འགྱུར་ཏེ། ཚིག་གསལ་དུ་རྩ་ཤེས་ཀྱི་འགྲེལ་པ་སྨོས་པའི་ཁྲོད་མ་སྨོས་པའི་ཕྱིར། ཞེས་པའང་མི་འཐད་པར་ཐལ། དེ་ལྟར་ན་རྩ་ཤེས་ཀྱི་དོན་འགྲེལ་དབུ་མ་ལ་འཇུག་པའང་། ཟླ་བས་མ་གཟིགས་པར་ཐལ། ཚིག་གསལ་དུ་རྩ་ཤེས་ཀྱི་འགྲེལ་པ་སྨོས་པའི་ཁྲོད་དུ་དེ་མ་སྨོས་པའི་ཕྱིར་དང་། བློ་བརྟན་གྱི་རྩ་ཤེས་ཀྱི་འགྲེལ་པའང་ཟླ་བས་མ་གཟིགས་པར་ཐལ། ཚིག་གསལ་དུ་རྩ་ཤེས་ཀྱི་འགྲེལ་པ་སྨོས་པའི་ཁྲོད་དུ་མ་སྨོས་པའི་ཕྱིར་རོ།།
ལྔ་པ། ཚིག་གསལ་དུ་མཆོད་བརྗོད་ཀྱི་བཤད་པ་སོགས་གཞུང་ཕལ་ཆེ་བའི་མཚམས་སྦྱོར་དང་། བཤད་པ་ཀུན་དེ་དང་མི་མཐུན་པ་ཁོ་ན་མཛད་པས་ག་ལས་འཇིགས་མེད་རང་འགྲེལ་མིན་དགོས། ཞེས་པའང་མི་འཐད་པར་ཐལ། དེ་དང་མི་མཐུན་ཞེས་པ་གལ་ཏེ་མཆོད་བརྗོད་སོགས་ཀྱི་བཤད་པ་རྒྱས་བསྡུས་དང་། མཚན་གཞི་ངོས་འཛིན། ཚིག་གི་སྡེབ་སྦྱོར་སོགས་དེ་དང་མི་འདྲ་བ་ཙམ་གྱི་དོན་ལ་ཟེར་ན་ནི། ཁྱབ་པ་མ་གྲུབ་པ་སྟེ། གཞན་དུ་ན་རང་འགྲེལ་ཅན་གྱི་གཞུང་དེའི་འགྲེལ་པ་གཞན་ལ་རང་འགྲེལ་དང་རྒྱས་བསྡུས་ཙམ་ཡང་ཡོད་པ་མི་འཐད་པར་འགྱུར་བས། དེ་ལྟར་ན་འགྲེལ་པ་གཞན་རྩོམ་པ་དགོས་མེད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། གལ་ཏེ་ནང་དོན་འགལ་བ་ཅན་དུ་བཤད་པ་ལ་ཟེར་ན་ནི། རྟགས་མ་གྲུབ་པ་སྟེ། ཚིག་གསལ་ན། བཤད་པ་ཀུན་ཕར་ཞོག །དེ་དང་དོན་འགལ་གྱི་བཤད་པ་གཅིག་ཀྱང་མ་དམིགས་པའི་ཕྱིར་རོ།།
གཉིས་པ། ཁ་ཅིག་བར་མས་བཀོད་པའི་རྒྱུ་མཚན་རྣམས་ལྟར་སྣང་དུ་བསྟན་པ་ལ། ཁ་ཅིག་བར་མས་རང་འགྲེལ་མིན་པའི་རྒྱུ་མཚན་བདུན་བཀོད་ཚུལ་དང་། དེ་བདུན་རེ་རེ་ནས་རྒྱུ་མཚན་ལྟར་སྣང་དུ་བསྟན་པ་གཉིས་ལས། དང་པོ་ནི། ཁ་ཅིག་གཉིས་པ། རྗེ་བློ་བཟང་གྲགས་པས། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོའི་འདོད་ཆགས་དང་ཆགས་པ་བརྟག་པ་སྟེ་རབ་བྱེད་དྲུག་པ་ལས[50]། ༡ དེས་ན་འགྱུར་རྙིང་ལས། རྐང་པ་དྲུག་པོ་དེ་དང་དེའི་མཇུག་ཏུ།
འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །
ཞེས་རྐང་པ་བརྒྱད་གཞུང་གི་ཁྲོད་དུ་བྲིས་པ་ནི་མི་ལེགས་ཏེ། འགྱུར་རྙིང་ཉིད་ལས་རྩ་ཤེས་ལ་ཚིགས་བཅད་བཞི་བརྒྱ་ཞེ་དགུ་ཡོད་པར་བཤད་པ་དང་འགལ་བས། གཞན་ཞིག་གིས་བསྲེ་བསླད་བྱས་པར་མངོན་ནོ། །ཞེས་དང་། དེ་ཉིད་ལས། ༢ དེས་ན་བུདྡྷ་པཱ་ལི་ཏ་རུ་ཡང་འདི་གཉིས་བྲིས་མོད་ཀྱང་། འགྲེལ་པ་དེར་དེ་ལ་བཤད་པ་ཡང་མེད་ལ། ཞེས་དང་། དེ་ཉིད་ལས། ༣ ཤེས་རབ་སྒྲོན་མ་དང་དེའི་འགྲེལ་བཤད་གཉིས་སུ་ཡང་དེ་གཉིས་བཙུད་སྣང་མོད་ཀྱང་འགྲེལ་པ་འགྲེལ་བཤད་གཉིས་ཀས་དེ་ལ་བཤད་པ་བྱས་པ་མེད་ལ། ཞེས་དང་། དེ་ཉིད་ལས། ༤ ཚིག་གསལ་དུ་ནི། དེ་གཉིས་མེད་དོ། །ཞེས་དང་། དེ་ཉིད་ལས། ༥ ག་ལས་འཇིགས་མེད་དུ། དེ་གཉིས་རྩ་བར་བྱས་ནས། དེ་ལ་བཤད་པ་ཡང་བྱས་སྣང་བས་ནི། རྩོམ་མཁན་དེ་ཡི་རང་རྟགས་ཆེན་པོ་བསྟན་སྣང་ལ། ཞེས་དང་། དེ་ཉིད་ལས། ༦ བཙུན་པ་འཕགས་པ་ལྷས་ཀྱང་། །ཞེས་བརྒྱ་པའི་ལུང་ཡང་ཤེས་བྱེད་དུ་དྲངས་པས་ཀླུ་སྒྲུབ་ཀྱི་ཡིན་པར་སྨྲ་བ་ནི་མི་རིགས་པའི་གཏམ་མོ། །ཞེས་རྒྱུན་མཚན་དྲུག་གསུངས་ཤིང་། རྗེ་བློ་བཟང་གྲགས་པས། དྲང་ངེས་ལེགས་བཤད་སྙིང་པོ་ལས[51]། བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས། རང་འགྲེལ་གྱི་དོན་མེད་དོ། ། ༧ སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་རྒྱུ་མཚན་གཉིས་གསུངས་ཀྱང་། འདིའི་དང་པོ་དང་། གོང་གི་དྲུག་པ་གཉིས་གཅིག་ཡིན་པས། སྔ་ཕྱི་གཉིས་བསྡོམས་ན། རྒྱུ་མཚན་མི་འདྲ་བ་བདུན་བཀོད་འདུག་གོ།
གཉིས་པ། རང་འགྲེལ་མིན་པའི་རྒྱུ་མཚན་བདུན་པོ་རེ་རེ་ནས་ལྟར་སྣང་དུ་བསྟན་པ་ནི། དང་པོ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་པའི་ཚིག་རྐང་གཉིས། ག་ལས་འཇིགས་མེད་དུ་འགྲེལ་བཤད་མཛད་པ། འགྱུར་རྙིང་ཉིད་ལས། རྩ་ཤེས་ལ་ཚིགས་བཅད་བཞི་བརྒྱ་ཞེ་དགུ་ཡོད་པར་བཤད་པ་དང་འགལ། ཞེས་པའང་མི་འཐད་པར་ཐལ། ཚིག་རྐང་འདི་གཉིས་དང་བཅས་ན། ད་གཟོད་ཚིགས་སུ་བཅད་པ་བཞི་བརྒྱ་ཞེ་དགུར་ལོངས་ཀྱི། གཞན་དུ་ན་ཚིགས་སུ་བཅད་པ་བཞི་བརྒྱ་དང་ཕྱེད་ཞེ་དགུ་ལས་མི་ལོངས་པའི་ཕྱིར། དེར་ཐལ། མཆོད་བརྗོད་ལ་ཚིགས་བཅད་གཉིས་དང་། གཞུང་དངོས་ལ་ཚིགས་བཅད་བཞི་བརྒྱ་ཞེ་དྲུག་དང་། བཀའ་དྲིན་རྗེས་དྲན་གྱི་ཕྱག་མཆོད་ལ་ཚིགས་བཅད་གཅིག་བཅས། ཚིགས་བཅད་བཞི་བརྒྱ་ཞེ་དགུ་ཏག་ཏག་ཡོད་པའི་ཕྱིར་རོ།།
གཉིས་པ། འགྲེལ་བྱེད་བུདྡྷ་པཱ་ལི་ཏ་ལས། ཚིག་རྐང་འདི་གཉིས་ལ་བཤད་པ་བྱས་མེད། ཅེས་པ་དེའང་མི་འཐད་པར་ཐལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་[52]དེའི་ཐད་དུ། སྨྲས་པ། རེ་ཞིག་ཆགས་པ་ནི་ཡོད་དེ། དེ་ཡང་འདོད་ཆགས་མེད་ན་མི་འབྱུང་བས་འདོད་ཆགས་ཀྱང་རབ་ཏུ་གྲུབ་པ་ཉིད་དོ། །བཤད་པ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཆགས་པ་ཡོད་པར་ཡོངས་བརྟགས་ན། །འདོད་ཆགས་ཡོད་དམ་མེད་ཀྱང་རུང་སྟེ་ཆགས་པ་ལ་ཡང་འདོད་ཆགས་མི་འཐད་པ་དེ་ཉིད་དང་རིམ་པ་མཚུངས་སོ། །ཞེས་ཚིག་རྐང་དེ་གཉིས་གསལ་པོར་བཀྲལ་བའི་ཕྱིར་རོ།།
གསུམ་པ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དེའི་འགྲེལ་བཤད་གཉིས་སུ་ཡང་། དེ་གཉིས་ལ་བཤད་པ་བྱས་མེད། ཅེས་པའང་། མི་འཐད་པར་ཐལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་[53]དེའི་ཐད་དུ། ཅི་སྟེ་ཆགས་པའི་སྔོན་རོལ་ན་འདོད་ཆགས་ཡོད་པར་འདོད་ན་དེ་ལྟ་ན་ཡང༌། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དང་མེད་ཀྱང་རིམ་པར་མཚུངས། །དགག་པའི་ཐབས་འོག་ནས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཚིག་རྐང་དེ་གཉིས་འགྲེལ་བར་མཛད་ཅིང་། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། དབུ་མ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་[54]གྱི་དེའི་ཐད་དུའང་། ད་ནི་ཆགས་པ་བརྟག་པའི་མུ་གསུམ་ལས། འདོད་ཆགས་ཆགས་པའི་སྔ་རོལ་ན་ཡོད་པ་ལ་བརྟེན་ནས་ཆགས་པ་ཡོད་པར་འདོད་པ་ཞེས་བྱ་བ་མུ་དང་པོ་མི་འཐད་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར། ཅི་སྟེ་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་པར་འདོད་ན་དེ་ལྟ་ན་ཡང༌། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་བྱ་བ་སྨྲས་ཏེ་ཆགས་པ་ཡོད་པར་ཡོངས་སུ་བརྟག་ན་འདོད་ཆགས་ཡོད་དམ་མེད་ཀྱང་རུང་སྟེ། ཆགས་པ་ལ་ཡང་འདོད་ཆགས་མི་འཐད་པ་དེ་ཉིད་དང་རིམ་པ་མཚུངས་སོ། །དེ་ཉིད་བསྟན་པའི་ཕྱིར་དགག་པའི་ཐབས་འོག་ནས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །ཞེས་ཚིག་རྐང་དེ་གཉིས་གསལ་པོར་བཀྲལ་བའི་ཕྱིར་རོ།།
བཞི་པ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དུ་ནི། ཚིག་རྐང་དེ་གཉིས་མེད། ཅེས་པའང་། མི་འཐད་པར་ཐལ། སློབ་དཔོན་ཟླ་བ་གྲགས་པས། དབུ་མ་རྩ་བའི་འགྲེལ་པ་ཚིག་རབ་ཏུ་གསལ་བའི་[55]དེའི་ཐད་དུ། འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་འདོད་ཆགས་བཀག་མོད་ཀྱི། དེ་ལྟ་ན་ཡང་ཆགས་པ་ནི་ཡོད་པ་ཡིན་ཏེ། མ་བཀག་པའི་ཕྱིར་རོ། །ཆགས་པ་ཡང་འདོད་ཆགས་མེད་པར་ནི་མི་རིགས་ཏེ་དེའི་ཕྱིར་འདི་ཡང་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་ཆགས་པ་ཡོད་ན་འདོད་ཆགས་ཡོད་པར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་ཆགས་པ་འདི་འདོད་པ་ན། འདོད་ཆགས་ཡོད་པའམ་མེད་པ་ན་རྟོག་གྲང་ན། གཉི་ག་ལྟར་ཡང་འཐད་པ་མ་ཡིན་ནོ་ཞེས་བཤད་པ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །དེ་ལ་གལ་ཏེ་འདོད་ཆགས་ཡོད་པ་ན་ཆགས་པ་ཡོད་པར་རྟོག་པར་བྱེད་ན་ནི། དེ་ལྟ་ན་ཡང༌། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །ཞེས་བྱ་བ་ལ་སོགས་པས་ཆགས་པ་ལ་ཡང་བཤད་མ་ཐག་པ་འདོད་ཆགས་མི་འཐད་པའི་རིམ་པ་འདི་ཉིད་མཚུངས་སོ། །ཞེས་ཚིག་རྐང་དེ་གཉིས་ཡོད་པའི་ཕྱིར་རོ།།
དེས་ན་གཞུང་དེ་དག་ཏུ་ཡོད་པ་བལྟས་ཀྱིན་མ་མཐོང་བ། ཅེ་རེ་ལོང་དུ་སོང་བ་ལྟ་བུའི་གཏམ་འདི་འདྲ་སྨྲས་པ་ལ། ཡིད་རྟོན་དུ་རུང་བ་གཅིག་ཀྱང་མེད་པས། དབུ་མ་རྩ་བའི་རྣམ་བཤད་དེ་ཉིད། འཇམ་པའི་དབྱངས་ཀྱི་མཚན་འཛིན་རྗེ་ཙོང་ཁ་པ་ཆེན་པོའི་གསུང་ཡིན་མིན་ལའང་དོགས་པ་སྐྱེ་དགོས་པར་འགྱུར་རོ།།
ལྔ་པ། ག་ལས་འཇིགས་མེད་དུ། ཚིག་རྐང་དེ་གཉིས་རྩ་བར་བྱས་ནས། དེ་ལ་བཤད་པ་ཡང་བྱས་སྣང་བས་ནི། རྩོམ་མཁན་དེ་ཡི་རང་རྟགས་ཆེན་པོ་བསྟན་སྣང་ལ། ཞེས་པའང་། མི་འཐད་པར་ཐལ། དེ་ལྟར་ན་དེ་ལས་གཞན་པའི་འགྲེལ་བཤད་བཞི་པོ་རྩོམ་མཁན་དེ་དག་ཀྱང་། རང་གི་རང་རྟགས་ཆེན་པོ་བསྟན་པར་ཐལ་བའི་ཕྱིར་ཏེ། དེ་དག་གིས་ཀྱང་། ཚིག་རྐང་དེ་གཉིས་རྩ་བར་བྱས་ནས། དེ་ལ་འགྲེལ་བཤད་བྱས་པའི་ཕྱིར། ཁྱབ་པ་ཁས་བླངས་ལ། རྟགས་གོང་དུ་བསྒྲུབས་ཟིན་མ་ཐག་པ་ཡིན་ནོ།།
དྲུག་པ། བཙུན་པ་འཕགས་པ་ལྷས་ཀྱང་། ཞེས་བཞི་བརྒྱ་པའི་ལུང་ཡང་ཤེས་བྱེད་དུ་དྲངས་པས། ཀླུ་སྒྲུབ་ཀྱི་ཡིན་པར་སྨྲ་བ་ནི། མི་རིགས་པའི་གཏམ་མོ། །ཞེས་པའང་། མི་འཐད་པར་ཐལ། གལ་ཏེ་དེ་ལྟར་བླ་མས་སློབ་མའི་ལུང་དྲངས་པ་མི་འཐད་ན། བཅོམ་ལྡན་འདས་ཀྱིས་ཀྱང་། ཞུ་བ་པོས་སྨྲས་ཟིན་པ་ལ། དེ་དེ་བཞིན་ནོ། །དེ་དེ་བཞིན་དེ། ཇི་སྐད་ཁྱོད་ཀྱིས་བཤད་པ་དེ་བཞིན་ནོ། །ཞེས་རང་གི་སློབ་མར་ལེགས་སོ་བྱིན་ནས། དེས་བཤད་པ་དེ་ཉིད། སྐབས་དོན་ཤེས་བྱེད་དུ་དྲངས་ནས། གདུལ་བྱ་གཞན་ལ་དེ་ལྟར་ཤེས་པར་བྱ་བ་ཉིད་དུ་གསུང་རྣམས་གཅིག་ཀྱང་མི་འཐད་པར་འགྱུར་བའི་ཕྱིར་དང་། དེ་བཞིན་དུ་སློབ་དཔོན་དཀོན་མཆོག་འབངས་ཀྱིས། རང་སློབ་ཕྱོགས་གླང་གིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པ་ལ་འགྲེལ་པ་མཛད་པའང་མི་རིགས་པར་འགྱུར་བའམ། སློབ་དཔོན་ཕྱོགས་གླང་གིས་རང་སློབ་དཀོན་མཆོག་འབངས་ཀྱིས་མཛད་པ་ཡོན་ཏན་མཐས་ཡས་པར་བསྟོད་པ་ལ་འགྲེལ་པ་གཉིས་མཛད་པ་དེའང་མི་རིགས་པར་འགྱུར་བའི་ཕྱིར་དང་། སློབ་དཔོན་འདུན་བཟང་གིས་རང་སློབ་དབྱིག་གཉེན་གྱི་མངོན་མཛོད་ལ་འགྲེལ་པ་མཛད་པའང་མི་རིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ།།
གཞན་ཡང་། དེ་མི་འཐད་པར་ཐལ། གལ་ཏེ་དེ་ལྟར་ན། ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་ཡིན་པར་བཞེད་པའི་རྒྱ་བོད་ཀྱི་མཁས་ཆེན་དག་གིས། གཞུང་དེར་འཕགས་པ་ལྷའི་ཚིག་ཤེས་བྱེད་དུ་དྲངས་པ་ཙམ་ཡང་མ་མཐོང་བའམ། མཐོང་ཡང་རིགས་པ་དེས་དེ་ཀླུ་སྒྲུབ་ཀྱི་མིན་པ་ཙམ་ཡང་སྒྲུབ་མ་ཤེས། ཞེས་ཁས་བླང་དགོས་པར་འགྱུར་ན། མཁས་པ་དེ་དག་ནི། དོན་ཕྲན་བུ་འདི་ཙམ་ལ་རྨོངས་དགོས་དོན་ཡང་མ་དམིགས་པའི་ཕྱིར་རོ།།
གཞན་ཡང་། དེ་མི་འཐད་པར་ཐལ། འཕགས་པའི་ལུང་ཤེས་བྱེད་དུ་དྲངས་ཚེ། བཙུན་པ་ཞེས་པ་ལས། སློབ་དཔོན་ཞེས་མ་བརྗོད་པས་ཀྱང་། འཕགས་པ་ལྷའི་སློབ་བརྒྱུད་ཀྱིས་མཛད་པ་མིན་ཞིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་མཛད་བྱང་ལས་གསལ་བ་ལྟར་གྲུབ་པའི་ཕྱིར། གྲུབ་སྟེ། སྐབས་དེ་སྐོར་གྱི་གཞུང་འགྲེལ་དག་ལས་དགག་བཞག་བྱེད་པ་ན། སློབ་དཔོན་ནི་གོང་བཀུར་གྱི་ཚིག་དང་། བཙུན་པ་ནི་དམན་པའམ་འདྲ་མཉམ་གྱི་ཚིག་ཏུ་བཀོལ་བ་ཡིན་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་རང་གི་སློབ་མ་ལ་བཙུན་པ་ཞེས་འབོད་པ་ཁོ་ན་སྐབས་དེར་ཤིན་ཏུ་རིགས་ཤིང་འཐད་པ་ཡིན་པའི་ཕྱིར་རོ།།
བདུན་པ། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས། ཞེས་པའང་མི་འཐད་པར་ཐལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་དབུར།[56] སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་ཚིག་ལེའུར་བྱས་པ་དག་ཁོ་ནས། རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་གསལ་བ་དང༌། དེ་ཁོ་ན་དག་བསྟན་པ་དང༌། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་མོད་ཀྱི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཁ་ཅིག་གིས་མི་རྟོགས་པས། དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས། ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ། །ཞེས་པས། སློབ་དཔོན་ཀླུ་སྒྲུབ་ཀྱི་མཛད་པའི་འགྲེལ་པ་ཇི་བཞིན་འབྲི་ན། བཤད་ཟིན་འཆད་མི་དགོས་པས་མི་འཐད་ལ། དེར་མ་བཤད་པ་ནི། ཁྱོད་ཀྱིས་འཆད་མི་ནུས་པས་མ་འཐད། ཅེས་དོགས་པ་བསླངས་ནས། དེའི་ལན་དུ་རང་འགྲེལ་ན་བཤད་ཟིན་མོད། ཁ་ཅིག་གིས་དེ་མི་རྟོགས་པས་དེ་དག་གི་ཕྱིར་དུ་འགྲེལ་པ་བྲིས་པར་གསུངས་པ་ཡིན་པའི་ཕྱིར་ཏེ། གོང་དུ། ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་གྱི་ལུང་དང་བཅས་བཤད་ཟིན་ལྟར་ཡིན་པའི་ཕྱིར་རོ།།
གསུམ་པ། ཁ་ཅིག་རྗེས་མས་བཀོད་པའི་རང་འགྲེལ་མིན་པའི་རྒྱུ་མཚན་རྣམས་ལྟར་སྣང་དུ་བསྟན་པ་ལའང་། ཁ་ཅིག་རྗེས་མས་རང་འགྲེལ་མིན་པའི་རྒྱུ་མཚན་དྲུག་བཀོད་ཚུལ་དང་། དེ་དྲུག་རེ་རེ་ནས་རྒྱུ་མཚན་ལྟར་སྣང་དུ་བསྟན་པ་གཉིས་ལས། དང་པོ་ནི། ཁ་ཅིག་རྗེས་མ། གོ་རམས་པ་བསོད་ནམས་སེངྒེས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ལས[57]། ག་ལས་འཇིགས་མེད། རང་འགྲེལ་དུ། རྒྱ་གར་བ་ཁ་ཅིག་དང་། བོད་སྔ་རབས་པ་རྣམས་ལ་གྲགས་པ་ལ། ༡ ཕྱི་མ་དག་རབ་བྱེད་ཉེར་བདུན་པའི་འགྲེལ་པ་ལས། བཙུན་པ་འཕགས་པ་ལྷས་ཀྱང་།
ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་ཤིན་ཏུ་འབྱུང་བ་དཀོན། །
དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །
ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས། རང་འགྲེལ་གྱི་དོན་མེད་དོ། །༢ སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས་པ་ནི། མད་པར་སྣང་སྟེ། ༣ དེ་རང་འགྲེལ་ཡིན་ན་འགྲེལ་བྱེད་གཞན་རྣམས་ཀྱིས་འགྲེལ་པ་བྱེད་མི་རིགས་པའམ། ཡང་ན་འགྲེལ་བཤད་མཛད་པར་རིགས་པའི་ཕྱིར་དང་། ༤ རྟེན་འབྲེལ་གྱི་བཤད་པའི་སྐབས་སུ་འགྲེལ་པ་གཞན་རྣམས་དང་མི་མཐུན་པར་སྣང་བས། འགྲེལ་བྱེད་གཞན་རྣམས་ཀླུ་སྒྲུབ་ཉིད་ལ་རྒོལ་བར་ཐལ་བའི་ཕྱིར་རོ།།
༥ སློབ་དཔོན་ཟླ་བས། རང་རྒྱུད་པ་དག་གིས། རང་རྒྱུད་ཀྱི་ངག་སྦྱོར་བ་འགྲེལ་པའི་ལུགས་ཡིན། ཞེས་པའི་ལན་དུ། སློབ་དཔོན་གྱིས། རྩོད་པ་ཟློག་པའི་འགྲེལ་པ་མཛད་པ་ན་ཡང་། རང་རྒྱུད་ཀྱི་ངག་མ་གསུངས་པའི་ཕྱིར། ཞེས་གསུངས་པས་ཀྱང་ཤེས་ཏེ། གཞན་དུ་ན་རང་འགྲེལ་ལས་ཀྱང་མ་གསུངས་པའི་ཕྱིར་རོ། །ཞེས་གསུང་རིགས་པའི་ཕྱིར་རོ། །ཞེས་དང་། ༦ དེ་ཉིད་ལས། རིགས་ཚོགས་གཞན་གསུམ་ལ་རང་འགྲེལ་ཡོད་པས། སློབ་དཔོན་ཟླ་བས་འགྲེལ་པ་མ་མཛད་ཅིང་། རྩ་ཤེས་དང་རིགས་པ་དྲུག་ཅུ་པ་གཉིས་ལ་འགྲེལ་པ་མཛད་པ་འདིས་ཀྱང་ཤེས་པར་གྱིས་ཤིག །ཅེས་རྒྱུ་མཚན་ལྔ་གསུངས་སོ།།
གཉིས་པ། རང་འགྲེལ་མིན་པའི་རྒྱུ་མཚན་དྲུག་པོ་རེ་རེ་ནས་ལྟར་སྣང་དུ་བསྟན་པ་ནི། དང་པོ། འཕགས་པ་ལྷའི་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པ་དང་། གཉིས་པ། སློབ་དཔོན་གསུམ་གྱི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་ཞེས་པ་གཉིས་ནི། གོང་གི་ཁ་ཅིག་གཉིས་པའི་འདོད་པའི་རྗེས་བརྗོད་ཙམ་སྟེ། དེར་བཀག་ཟིན་པས་འདིར་ཟུར་དུ་འགོག་བྱེད་མི་སྨྲ་ལ། གསུམ་པ། དེ་རང་འགྲེལ་ཡིན་ན། འགྲེལ་བྱེད་གཞན་རྣམས་ཀྱིས། འགྲེལ་པ་བྱེད་མི་རིགས་པའམ། ཡང་ན། འགྲེལ་པའི་འགྲེལ་བཤད་མཛད་པར་རིགས། ཞེས་པའང་མི་འཐད་པར་ཐལ། འདི་ཁ་ཅིག་སྔ་མའི་རིགས་པ་དང་པོའི་རྗེས་བརྗོད་ཡིན་པས། དེ་ལྟར་ན་ཁྱེད་རང་གིས་ཀྱང་། ཚད་མ་རྣམ་འགྲེལ་རང་དོན་ལེའུའི་རང་འགྲེལ་གྱི་ཡང་འགྲེལ་ལས། རང་དོན་ལེའུའི་རྩ་བའི་རྣམ་བཤད་ཀུན་ཏུ་བཟང་པོའི་ཉི་མ་བརྩམས་མི་རིགས་པ་སོགས་ཧ་ཅང་ཐལ་བར་འགྱུར་བ། སྔར་ཁ་ཅིག་སྔ་མ་འགོག་པའི་སྐབས་བཞིན་ཡིན་པའི་ཕྱིར་རོ།།
བཞི་པ། རྟེན་འབྲེལ་གྱི་བཤད་པའི་སྐབས་སུ། འགྲེལ་བྱེད་གཞན་རྣམས་དང་མི་མཐུན་པར་སྣང་བས། འགྲེལ་བྱེད་གཞན་རྣམས་ཀླུ་སྒྲུབ་ལ་རྒོལ་བར་ཐལ། ཞེས་པའང་། མི་འཐད་པར་ཐལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་བརྟག་པའི་རབ་བྱེད་ཉེར་དྲུག་པ་འགྲེལ་པ་ན། བུདྡྷ་པཱ་ལི་ཏ་ལས་[58]ནི། ག་ལས་འཇིགས་མེད་དང་ཚིག་བརྒྱ་ཆའི་དགུ་བཅུ་གོ་དགུ་གཅིག་མཚུངས་སུ་འབྱུང་བའི་ཕྱིར་དང་། འགྲེལ་བྱེད་དེ་གཉིས་ཀའི་རབ་བྱེད་དེའི་མཇུག་ཏུ། སྲིད་པའི་ཡན་ལག་བཅུ་གཉིས་པོ་དེ་དག་ལ་འཇུག་པ་རྒྱ་ཆེར་མདོ་སྡེ་དང་ཆོས་མངོན་པ་དག་ལས་ཁོང་དུ་ཆུད་པར་བྱའོ། །[59]ཞེས་གཅིག་མཚུངས་སུ་འབྱུང་བ་ལ། ཟླ་བས་ཚིག་གསལ་[60]དུ་ནི། གཞན་ཀུན་སྔ་མ་གཉིས་ལས་ཅུང་ཟད་རྒྱས་པར་བཀྲལ་ནས། མཇུག་ཏུ་ཚིག་འདིའི་ཐད་ན། སཱ་ལུ་ལྗང་པའི་མདོ་ལས་བྱུང་བ། ནང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་སྐོར་ཆ་ཚང་བ་ལུང་དུ་དྲངས་ཏེ། སྔ་མ་གཉིས་ཀའི་གསལ་བྱེད་ཀྱི་ཡང་འགྲེལ་ལྟ་བུར་བྱས་སྣང་བའི་ཕྱིར་རོ།།
ལྔ་པ། ཟླ་བས་ཚིག་གསལ་ལས། རྩོད་པ་ཟློག་པའི་རང་འགྲེལ་མཛད་པ་ནའང་། རང་རྒྱུད་ཀྱི་ངག་མ་གསུངས་པའི་ཕྱིར། ཞེས་ལན་བཏབ་ཀྱི། རྩ་ཤེས་ཀྱི་རང་འགྲེལ་མཛད་པ་ནའང་། རང་རྒྱུད་པའི་ངག་མ་གསུངས་པའི་ཕྱིར། ཞེས་ལན་མ་བཏབ་པའི་ཕྱིར། ཞེས་པའང་མི་འཐད་པར་ཐལ། ཟླ་བས། ལན་དེ་གཉིས་གང་ལྟར་གང་བཏབ་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་རང་འགྲེལ་མཛད་པ་ནའང་། རང་རྒྱུད་ཀྱི་ངག་མ་གསུངས་པར་སྟོན་པར་ནུས་པ་མཚུངས་པའི་ཕྱིར་དང་། ག་ལས་འཇིགས་མེད་རང་འགྲེལ་ཡིན་ན། ཟླ་བས་ངེས་པར་དུ་དེ་ལ་སྦྱར་ནས་ལན་བཏབ་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དེར་ཐལ། ཕ་རོལ་པོས། སྐྱེ་བ་འགོག་པ་ལ་རང་རྒྱུད་ཀྱི་ངག་སྦྱོར་བ། དེའི་འགྲེལ་པ་བྱེད་པའི་ལུགས་ཡིན་ཞེས་རྒོལ་བ་ལས། རང་རྒྱུད་ཀྱི་ངག་སྦྱོར་བ། རྩ་ཤེས་ཀྱི་འགྲེལ་པ་བྱེད་པའི་ལུགས་ཡིན་ཞེས་རྒོལ་བ་མ་ཡིན་པའི་ཕྱིར་རོ།།
གཞན་ཡང་། དེ་མི་འཐད་པར་ཐལ། སློབ་དཔོན་ཟླ་བ་གྲགས་པས། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་[61]གྱི་བདག་སྐྱེ་འགོག་པའི་ཐལ་བཟློག་སྐབས་སུ། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བ། སློབ་དཔོན་སངས་རྒྱས་བསྐྱངས་ལ། གླགས་དང་བཅས་པའི་ཚིག་གསུངས་པ་ཉིད་ག་ལ་ཡོད། ཅེས་པའི་སྐབས། གང་གི་རྗེས་སུ་འབྲང་སའི་ཀླུ་སྒྲུབ་ཀྱི་འགྲེལ་ལུགས་ནི། ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གཅིག་པ་ལས[62]། གལ་རེ་ཞིག་དངོས་པོ་ནི། བདག་ལས་སྐྱེ་བ་མེད་དེ་རང་གི་བདག་ཉིད་ཀྱིས་ཡོད་ལ། ཡང་སྐྱེ་བར་བརྟག་པ་དོན་མེད་དུ་འགྱུར་བའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་པ་དེ་ལས་གཞན་སྟོན་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་ཁོ་ན་རེ། རྟགས་མ་གྲུབ་སྟེ། གང་གི་རྗེས་སུ་འབྲང་སའི་ཀླུ་སྒྲུབ་ཀྱི་ལུགས་ནི། ཚིག་གསལ་རང་དུ། རྩ་ཤེས་ཀྱི་ཚིགས་སུ་བཅད་པ་གསུམ་དྲངས་པ་དེ་དག་ཡིན་པའི་ཕྱིར་རོ་ཟེར་ན། དེའང་མི་འཐད་པར་ཐལ། དེར་དྲངས་པའི་རྩ་ཤེས་ཀྱི་ཚིགས་བཅད་དེ་དག་ནི། ཐལ་བ་སྒྲུབ་པ་དེ། ཕ་རོལ་པོའི་དམ་བཅའ་འགོག་བྱེད་ཙམ་ཡིན་པས། བཟློག་པའི་དོན་དུ་མི་འགྱུར་ཚུལ་སྟོན་པ་ལ་མཚན་གཞིར་སྨོས་པ་ཡིན་པའི་ཕྱིར། དེར་ཐལ། ཚིག་གསལ་ལས། ཐལ་བ་སྒྲུབ་པ་ནི། ཕ་རོལ་པོའི་དམ་བཅའ་ལ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར། ཐལ་བ་ལས་ཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་། སློབ་དཔོན་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ཞེས་པ་ལ་སོགས་གསུངས་པའི་ཕྱིར་རོ།།
དྲུག་པ། རིགས་ཚོགས་གཞན་གསུམ་ལ་རང་འགྲེལ་ཡོད་པས། ཟླ་བས་འགྲེལ་པ་མ་མཛད་ཅིང་། རྩ་ཤེས་དང་རིགས་པ་དྲུག་ཅུ་པ་གཉིས་ལ་རང་འགྲེལ་མེད་པས་འགྲེལ་པ་མཛད། ཅེས་པའང་། མི་འཐད་པར་ཐལ། འདི་ནི་བརྗོད་ཚུལ་ཙམ་ལས། གོང་གི་སྒྲུབ་བྱེད་གསུམ་པ་དང་མཚུངས་པས། འགོག་བྱེད་ཀྱང་དེ་དང་མཚུངས་པའི་ཕྱིར་ན། འདིར་ཟུར་དུ་འགོག་བྱེད་མི་སྨྲའོ།།
གཞན་ཡང་། ཁ་ཅིག་གསུམ་པོ་སུའི་ལུགས་ལྟར་ཡང་། རྒྱ་གར་གྱི་མཁས་པའི་ཁྲོད་ན། ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་ཞེད་མཁན་མང་ཡང་། མིན་པར་བཞེད་མཁན་གཅིག་ཀྱང་མེད་པ་འདི་ལ་ལོ་རྒྱུས་ཀྱི་ངོས་ནས་བསམ་གཞིག་ནན་མོ་གཏོང་དགོས་པར་མངོན་ལ[63]། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་མཁྱེན་བརྩེའི་ཆོས་འབྱུང་ལས[64]། རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་པ་ཀླུ་སྒྲུབ་ཕྱི་མའི་ཡིན་ཏེ། རྒྱུ་མཚན་ཟླ་གྲགས་ཀྱི་ཚིག་གསལ་དུ་ལུང་མ་དྲངས་པས་སོ། །ཞེས་ཀླུ་སྒྲུབ་ཀྱི་གསུང་ཡིན་ནའང་། ཀླུ་སྒྲུབ་ལ་སྔ་ཕྱི་གཉིས་སུ་ཕྱེ་སྟེ་ཕྱི་མའི་ཡིན་པར་གསུངས་པས་དཔྱད་གཞིར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀླུ་སྒྲུབ་ཀྱི་འཁྲུངས་འདས། ཕྱི་ལོ་ ༡༥༠-༢༥༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས་ ༣༣ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ དཔར།
[2] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༣༥
[3] རྗེ་ཙོང་ཁ་པའི་གསུང་འབུམ། པོད། ༼ཕ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༤༡༩
[4] ཁྲི་སྲོང་ལྡེའུ་བཙན་གྱི་འཁྲུངས་འདས། ཕྱི་ལོ་ ༧༤༢-༧༩༧ ཆ་རིས་སྐལ་བཟང་ཐོགས་མེད་ཀྱི་བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་མཐའ་དཔྱོད་གཅེས་བསྡུས། ཤོག་གྲངས་ ༩༢-༩༣ མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༠ ཟླ་ ༤ དཔར།
[5] མཁན་ཆེན་ཞི་བ་འཚོའི་འཁྲུངས་འདས། ཕྱི་ལོ་ ༧༢༥-༧༩༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས་ ༣༨༠ གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ དཔར།
[6] བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་ལོ་དང་གྲུབ་ལོ། ཕྱི་ལོ་ ༧༦༢-༧༦༦ རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཤོག་གྲངས་ ༡༡༩ མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦ ཟླ་ ༡ དཔར།
[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༢༥༥
[8] དྲང་ངེས་ལེགས་བཤད་སྙིང་པོ་བརྩམས་ལོ། ཕྱི་ལོ་ ༡༤༠༧ བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། ཤོག་གྲངས་ ༣༢༤༤ པ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦ ཟླ་ ༥ དཔར།
[9] འཕགས་པ་ལྷའི་འཁྲུངས་འདས། ཕྱི་ལོ་ ༡༧༠-༢༧༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས་ ༣༥ གངས་ལྗོངས་ནང་རིགས་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ དཔར།
[10] སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་འཁྲུངས་འདས། ཕྱི་ལོ་ ༧༠༠ ནང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས་ ༣༧༧ གངས་ལྗོངས་ནང་རིགས་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ དཔར།
[11] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཝ༽ དེབ་ཨང་ ༥༨ པ། ༡༩༩༤ ལོ། ཤོག་ ༨༦༨
[12] ཇོ་བོ་རྗེའི་འཁྲུངས་འདས། ཕྱི་ལོ་ ༩༨༢-༡༠༥༤ དུང་དཀར་ཚིག་མཛོད་ཆེན་མོ། ཤོག་གྲངས་ ༨༧༧-༨༧༨ པ། བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢ ལོར་དཔར།
[13] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༡༧༤༥
[14] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ༡༩༩༤ ལོ། ཤོག་གྲངས་ ༡༤༥༢
[15] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་གྲངས་ ༩༦
[16] སངས་རྒྱས་འདས་ནས་ལོ་ ༣༤༥༥ སོང་བ། བུ་སྟོན་རང་ཉིད་དགུང་ལོ་ ༣༣ ལ་སླེབས་པ་རབ་བྱུང་ལྔ་པའི་ཆུ་ཁྱི་ ༡༣༢༢ ལོར་བརྩམས་པར་བཤད། དུང་དཀར་ཚིག་མཛོད་ཆེན་མོ། ཤོག་ ༡༣༩༤ པ། བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༠ ལོར་དཔར།
[17] བསྟན་འགྱུར་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༤༠༣
[18] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༥
[19] རྗེ་ཙོང་ཁ་པའི་གསུང་འབུམ། པོད། ༼ཕ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༤༢༠
[20] སངས་རྒྱས་བསྐྱངས་ཀྱི་འཁྲུངས་འདས། ཕྱི་ལོ་ ༢༣༠-༣༣༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས་ ༣༦༨ པ། གངས་ལྗོངས་ནང་རིགས་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ དཔར།
[21] ལེགས་ལྡན་འབྱེད་ཀྱི་འཁྲུངས་འདས། ཕྱི་ལོ་ ༥༠༠-༥༧༠ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས་ ༣༦༨ པ། གངས་ལྗོངས་ནང་རིགས་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ དཔར།
[22] ཟླ་བ་གྲགས་པའི་འཁྲུངས་འདས། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་དེབ་སྔོན་གསར་མ། སྨད་ཆ། ཤོག་གྲངས་ ༣༦༨ གངས་ལྗོངས་ནང་རིགས་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ དཔར།
[23] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༢༥༣
[24] སྟོང་ཐུན་སྐལ་བཟང་མིག་འབྱེད། ༼༦༽ དགའ་བྱང་དཔེ་མཛོད། ཐེ་ཝན་དཔར་མ། ༢༠༠༦ ལོ། ཤོག་ ༡༤༡
[25] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༢
[26] ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼༩༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ༢༠༡༡ ལོ། ཤོག་ ༣༧༥
[27] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཝ༽ དེབ་ཨང་ ༥༨ པ། ༡༩༩༤ ལོ། ཤོག་གྲངས་ ༡༠༤༢
[28] ༸རྒྱལ་དབང་གི་གསུང་འབུམ་དུ་འཁོད་པ་དང་། བསྟན་འགྱུར་ནང་གསལ་བ་གཉིས་ཀྱི་ཚིག་རིས་ཅུང་ཟད་མི་མཐུན་པས་བསྟན་འགྱུར་ལྟར་བཀོད་པའོ།།
[29] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༥༦
[30] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༡༧
[31] གཉལ་སྟོན་དཀའ་འགྲེལ། སེར་བྱེས་དཔེ་མཛོད། ༢༠༠༩ ལོ། ཤོག་གྲངས་ ༡༡༩
[32] ས་སྐྱའི་གྲགས་ཆེན་བཅོ་བརྒྱད། ༼༡༤༽ བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༢
[33] བཅུ་ཕྲག་རིག་མཛོད་ཆེན་མོ། དབུ་མ། ༼༢༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༣༧༤
[34] ཐལ་བཟློག་གི་དཀའ་གནད་གཏན་འབེབས། སེར་བྱེས་དཔེ་མཛོད། ༢༠༠༩ ལོ། ཤོག་གྲངས་ ༧༤
[35] ཤེས་བྱ་ཀུན་ཁྱབ། པོད་དང་པོ། ༼ཨེ༽ དཔེ་རིང་། ཤོག་གྲངས་ ༡༤༩ན༤
[36] དྲང་ངེས་ལེགས་བཤད་སྙིང་པོའི་འཇུག་ངོགས། ༼པ༽ སྨད་ཆ། དཔེ་རིང་། ཤོག་གྲངས་ ༣༡བ༥
[37] དེབ་ཐེར་སྔོན་པོ་གསར་མ། ཉི་ཧོང་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༩༢
[38] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༤༨༡
[39] སེར་བྱེས་གཙང་པ་དགེ་བཤེས་ལྷུན་གྲུབ་ཆོས་ལྡན་གྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༥ བརྩམས་ཤིང་། བོད་རིག་པ་ཞིབ་འཇུག ༢༠༡༣ འདོན་ཐེངས་དང་པོའི་ཤོག་གྲངས་ ༡༤༩-༡༥༥ གསལ་བ་ལ་ཁ་སྣོན་དང་བཅས་ཏེ་བཀོད་པའོ།།
[40] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༡༢
[41] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༡༢༩
[42] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༡༣༠
[43] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༢༥༥
[44] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༩༠༥
[45] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཝ༽ དེབ་ཨང་ ༥༨ པ། ༡༩༩༤ ལོ། ཤོག་གྲངས་ ༨༦༨
[46] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༡༧
[47] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༢༠༧
[48] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༡༧༤༥
[49] བདེན་གཉིས་གནད་ཀྱི་ཟླ་ཟེར། ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ། ༢༠༠༥ ལོ། ཤོག་གྲངས་ ༢༨༩
[50] རྗེ་ཙོང་ཁ་པའི་གསུང་འབུམ། པོད། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༢༣
[51] རྗེ་ཙོང་ཁ་པའི་གསུང་འབུམ། པོད། ༼ཕ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༤༢༠
[52] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༥༠༤
[53] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༡༠༣༩
[54] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཞ༽ དེབ་ཨང་ ༥༩ པ། ༢༠༠༠ ལོ། ཤོག་གྲངས་ ༢༤༢
[55] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༠ ལོ། ཤོག་གྲངས་ ༡༡༢
[56] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༩༠༥
[57] ས་སྐྱའི་གྲགས་ཆེན་བཅོ་བརྒྱད། ༼༡༤༽ བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༢
[58] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༧༣༢
[59] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༧༣༥
[60] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༠ ལོ། ཤོག་གྲངས་ ༤༤༨
[61] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༡༧
[62] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༢༠༧
[63] རྩོམ་པ་པོ། དགེ་འདུན་རབ་རྒྱས། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༣༠ ཉིན་རྫོགས་པར་བྲིས་པ་ལས་བཏུས་ཤིང་ལུང་ཁུངས་སོགས་ཞིབ་ཏུ་བཀོད་པའོ།།
[64] མཁྱེན་བརྩེའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༡༦༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༢ ནས་ ༣༧༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།