༢༤༽ ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ།

༢༤༽ ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ།

 

དེ་ཡང་སྤྱན་སྔ་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་ (1453-1524) མཛད་པའི་ རྗེ་བཙུན་ལོ་ཙཱ་བ་ཆེན་པོ་བསོད་ནམས་རྒྱ་མཚོའི་སྡེ་ལ་བསྟོད་པ་བྱིན་རླབས་ཀྱི་དགའ་སྟོན་ལས[1]།

ཕུལ་བྱུང་བསོད་ནམས་ཡེ་ཤེས་ཟག་མེད་ཀྱིས། །

མངོན་པར་བསྐྲུན་ལས་སྙིང་རྗེའི་རྒྱ་མཚོ་ནི། །

གཞན་ངོར་སྤྲུལ་པའི་སྣང་བརྙན་ཅིར་ཡང་འཆར། །

བཟོ་དང་སྐྱེ་དང་བྱང་ཆུབ་ཆེན་པོར་སྟོན། །

ཞེས་བསྟོད་པ་མཛད་པ་ལྟར། ལོ་ཆེན་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེའམ། མཚན་གཞན་ལ་ལོ་ཙཱ་བ་ཁྲིམས་ཁང་པ་བསོད་ནམས་རྒྱ་མཚོ་དང་། ཁྲུས་ཁང་ལོ་ཙཱ་བ་ཞེས་ཀྱང་ཞུ། འོན་ཀྱང་ལོ་ཙཱ་བ་རྒྱ་མཚོའི་སྡེ་ནི་འདི་དང་ཐ་དད་དོ། །ལོ་ཙཱ་བ་འདི་ཉིད་ཕྱི་ལོ་ ༡༤༢༤ ལོར་ཡར་ལུང་བཙན་ཐང་གི་ཁྲིམས་ཁང་གསར་དུ་ཡབ་བསོད་ནམས་འོད་ཟེར་དང༌། ཡུམ་དཔལ་ལྡན་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ནི་རོག་ཡིན། ཐོག་མའི་མཚན་ལ་དཔལ་འབྱོར་རྒྱ་མཚོ་ཞེས་གསོལ། དགུང་ལོ་བདུན་པར་རོང་སྟོན་སྨྲ་བའི་སེང་གེས་མཁན་པོ་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་སློབ་དཔོན། དཀའ་བཞི་བ་ཤེས་རབ་དཔལ་ལྡན་གྱིས་དུས་གོ་བ་མཛད་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཤཱཀྱ་རིན་ཆེན་ཞེས་གསོལ། སློབ་དཔོན་ངག་དབང་ལས་རྣམ་འགྲེལ་དང་ཕར་ཕྱིན་གསན། དགུང་ལོ་བཅུ་གསུམ་པར་རྩེད་ཐང་གི་ཆོས་གྲྭར་ཕར་ཕྱིན་དང་ཚད་མའི་བཤད་པ་གསར་པའི་དགའ་སྟོན་སྤེལ་བས་འདུས་པ་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད། ཚུལ་དེས་ཝང་གྲགས་པ་འབྱུང་གནས་ཀྱི་ཐུགས་འཕྲོག་སྟེ་སློབ་གཉེར་གྱི་མཐུན་རྐྱེན་སྦྱར། དགུང་ལོ་ཉེར་གཅིག་པར་རྩེད་ཐང་གི་ཚོགས་སུ་བྱམས་ཆོས་སྡེ་ལྔ་དང༌། དབུ་མ་རིགས་ཚོགས། རིན་ཆེན་ཕྲེང་བ། བཤེས་སྤྲིང༌། སྤྱོད་འཇུག །དབུ་མ་རྩ་འཇུག །མངོན་པ་གོང་འོག །ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཚད་མ་སྡེ་བདུན་རྣམས་གསུངས་པས་མཁས་པ་ཐམས་ཅད་མགུ་བ་བསྐྱེད། དེ་ནས་མཚུར་ཕུར་ཕེབས་ཏེ་འཇམ་དབྱངས་དོན་གྲུབ་འོད་ཟེར་ལས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་དང་། འགོས་ལོ་གཞོན་ནུ་དཔལ་ལས་ཕར་ཕྱིན་དང་བཀའ་གདམས་གཞུང་དྲུག །སྒྲ་ས་རིས། དུས་འཁོར་བཅས་གསན། དེ་ནས་རྩེད་ཐང་དང་། བསམ་གཏན་གླིང་། ཕོ་བྲང་ཡུམ་བུ་བླ་མཁར། རྒྱལ་བཟང༌། བསམ་ཡས་མཆིམས་ཕུ། ཁྲིམས་ཁང་གླིང་། བྲག་ལྷ་ཀླུ་སྒུག་སོགས་ལ་ཕེབས་ནས་སྐུ་མཚམས་བཞུགས་ཤིང་སྒྲུབ་པ་མཛད། བསྟན་འགྲོའི་དོན་ཆེན་ལེགས་པར་བསྒྲུབས་ནས་དགུང་ལོ་ལྔ་བཅུ་ང་དགུར་ཕེབས་པ་ཕྱི་ལོ་ ༡༤༨༢ ལོར་སྐུ་གཤེགས་པ་བཅས་སོ།།

སྤྱན་སྔ་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་ (1453-1524) མཛད་པའི་ རྗེ་བཙུན་ལོ་ཙཱ་བ་ཆེན་པོ་བསོད་ནམས་རྒྱ་མཚོའི་སྡེ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ལས[2]།

སྡེ་སྣོད་གསུམ་གྱི་དྲང་ངེས་ཐུགས་སུ་ཆུད། །

གྲུབ་པའི་དབང་ཕྱུག་རྣམས་ཀྱི་རྒྱལ་ཚབ་མཆོག །

རྨད་བྱུང་མངོན་པར་རྟོགས་པའི་ཡོན་ཏན་ལྡན། །

སྐད་གཉིས་སྨྲ་བའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་ལ་བསྟན་འགྱུར་ལས། གོ་བར་བྱེད་པ་སྙིང་པོ་བརྒྱ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བ་དང་། བདག་གི་རྣལ་འབྱོར་ཞེས་བྱ་བ་ཏོག་རྩེ་པའི་ཞབས་ཀྱིས་མཛད་པ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་གསེར་འོད་དམ་པ་ལས་གསུངས་པའི་སྨོན་ལམ། རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ། ལག་བཟང་གིས་ཞུས་པའི་མདོ་ལས་བྱུང་བའི་སྨོན་ལམ། སྦྱིན་པའི་རབས་ཀྱི་སྨོན་ལམ། རིན་ཆེན་ཕྲེང་བ་ནས་བྱུང་བའི་སྨོན་ལམ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་རྡོ་རྗེའི་སྨོན་ལམ་བཅས་སྨོན་ལམ་དགུ་པོ་འདི་ནི་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་བསྒྱུར་པ། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་ཞེས་བྱ་བ། དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལས་གསུངས་པའི་སྨོན་ལམ་རྣམས་བསྒྱུར་བ་དང་། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། འདི་ནི་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་བསྒྱུར་བ་བཅས་བཞུགས་སོ།།[3]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་གྲགས་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ང༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༩༧

[2] ཆོས་གྲགས་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ང༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༩༧

[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༣༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༦ ནས་ ༣༦༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *