༢༠༽ སློབ་དཔོན་བྷ་ཝ་བྷ་དྲའི་རྣམ་ཐར།

༢༠༽ སློབ་དཔོན་བྷ་ཝ་བྷ་དྲ།

 

སློབ་དཔོན་བྷ་ཝ་བྷ་དྲ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེ་ཡང་སྤྱིར་ཆོས་ཐམས་ཅད་ལ་མཁས་པ། ཁྱད་པར་རྣམ་རིག་གི་གྲུབ་མཐའ་ལ་བྱང་ཞིང༌། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་པ་གཅིག་ཡིན་ལ། མནལ་ལམ་དུ་འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས། སྒྲོལ་མ་ཞལ་གཟིགས་ཤིང༌། རིལ་བུའི་དངོས་གྲུབ་བསྒྲུབས་པས་དངོས་གྲུབ་མཐའ་མར་གྲུབ།

བཅུད་ལེན་ལ་སོགས་པ་མང་པོ་བསྒྲུབས་པས་གྲུབ་སྟེ། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་དོ། །ཞེས་བྱུང་བ་ལས་རྣམ་ཐར་རྒྱས་པ་ནི་མ་རྙེད་དོ།།

སློབ་དཔོན་བྷཱ་ཝ་བྷ་དྲའི་སྐུ་ཡི་ཆ་ལུགས་ནི། པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་བྷཱ་ཝ་བྷ་དྲ་བཞེངས་ཚུལ་ལས[2]། བྷཱ་ཝ་བྷ་དྲ་ནི་སྐུ་མདོག་སྨུག་ནག་གཅེར་བུ་སྐྲ་སྤྱི་བོར་བཅིངས་པ་རས་ཀྱི་ཨངྐ་རཀ་གྱོན་པ། ཕྱག་གཡས་ཌཱ་མ་རུ་དང་། གཡོན་ཐོད་ཐོགས་པ་མཆན་ཁུང་ན་ཁ་ཊཱཾ་འཛིན་པ། སྟེང་གི་གཡས་ཕྱོགས་སུ་དཔལ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། གཡོན་ཕྱོགས་སུ་བླ་མ་ཌོཾ་བྷི་བ་སྟག་ལ་ཆིབས་པ་ཕྱག་ན་སྦྲུལ་གྱི་ཞགས་པ་ཐོགས་པ་སྡིགས་མཛུབ་མཛད་པ་འདི། འོག་གི་ཕྱོགས་སུ་ཆོས་སྐྱོང་དཔལ་མགོན་ཕྱག་བཞི་པ་རྣམས་འདྲི། དེའི་བསྟོད་པ་ནི། བདེ་ཆེན་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ནི། །གཉིས་སྤངས་དབུས་སུ་སྟོང་ཉིད་སྙིང་རྗེའི་ཆབ། །ལན་བརྒྱར་བྲན་པས་ཡོངས་སུ་སྨིན་པ་ཡིས། །ཟུང་འཇུག་རང་བཞིན་བཟང་པོར་གསོལ་བ་འདེབས། །ཞེས་བྱུང་ངོ་།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས [3]། ༡༽ རྒྱུད་ཚ་པ་ལ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ། སློབ་དཔོན་མཁས་པ་ཆེན་པོ་བྷ་ཝ་བྷ་དྲའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱི་འགྱུར་ལ་སོགས་པ་བཞུགས་ལ། བྱོན་པའི་དུས་ནི་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང༌ཙམ་མོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༡

[2] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ང༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢བ༦

[3] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༥༩

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༩༦ ནས་ ༡༩༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *