བཅུ་གཅིག །རྒྱ་ནག་གི་ལོ་ཙཱ་བ་ཇི་བྱུང་དང་། དེ་དག་གིས་བསྒྱུར་བའི་བཀའ་བསྟན།

བཅུ་གཅིག །རྒྱ་ནག་གི་ལོ་ཙཱ་བ་ཇི་བྱུང་དང་། དེ་དག་གིས་བསྒྱུར་བའི་བཀའ་བསྟན།

 

ཀ༽ རྒྱ་ནག་གི་ལོ་ཙཱ་བ་ཇི་བྱུང་།

དེ་ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། དེ་ལ་ཧཱན་མིང་དྷཱིའི་ཡུང་ཕིང་ལོ་བཅུ་པ་ནས། ཐང་ཡིང་ཧུའང་གི་ཁའི་ཡུའན་ལོ་བཅོ་བརྒྱད་པའི་བར་ལོ་དྲུག་བརྒྱ་རེ་གསུམ་གྱི་རིང་ལ། སྒྲ་སྒྱུར་མཁན་པོ་ ༡༧༦ བྱུང་བའི་འགྱུར་ཆོས་བཀའ་བསྟན་ཁྱོན་བསྡོམས་གླེགས་བམ་ཆིག་སྟོང་ལྔ་བརྒྱ་རྩ་བདུན་བཞུགས་པར་སྣང་། དུས་དེ་ནས་ཐང་ཏེ་ཙུང་རྒྱལ་པོའི་ཊེན་ཡའན་ལོ་ལྔ་པའི་བར་ལོ་དྲུག་ཅུའི་རིང་ལ་མཁན་པོ་བརྒྱད་བྱུང་བའི་སྔ་ཕྱིར་འགྱུར་བ་གླེགས་བམ་ཉིས་བརྒྱ་བཞི་བཅུ་རྩ་གཉིས་བསྣན་ཏེ། བཀས་གཏད་ཀྱི་དཀར་ཆག་ཊེན་ཡུའན་ལཱུས་མཛད།

དེ་ནས་ལོ་བརྒྱ་དང་དགུ་བཅུ་རྩ་གསུམ་སོང་བའི་སུང་ཐའི་ཙུང་རྒྱལ་པོའི་ཐའིང་ཕིང་ཥིང་ཀཱ་ལོ་བདུན་པ་ནས། སུང་ཊེན་ཙུང་གི་དཱ་ཊུ་ད་ཥིའང་ཧྥ་ལོ་བཞི་པའི་བར་ལོ་ཉི་ཤུ་རྩ་དྲུག་ལ་མཁན་པོ་དྲུག་གི་གསར་འགྱུར་གླེགས་བམ་སུམ་བརྒྱ་གྱ་བཞི་བྱུང་བ་བསྣན་པའི་བཀས་གཏད་ཀྱི་དཀར་ཆག་ཥིའང་ཧྥུ་ལཱུས་མཛད། དེ་དུས་གདན་དྲངས་པའི་རྒྱ་དཔེ་འགའ་ཞིག་འཕྲོར་བཞག་པ་རྣམས། ཊིན་ཙུང་གི་སྲས་བཞིན་ཙུང་རྒྱལ་པོས་མུ་མཐུད་དུ་སྒྱུར་བཙལ་བྱས་ནས་རྒྱལ་པོ་དེ་ཉིད་ཀྱི་ཀིང་ཡིའུ་ལོ་བཞི་པའི་བར་རྫོགས་པར་འགྱུར་བའི་གླེགས་བམ་བརྒྱ་དང་བཞི་བཅུ་རྩ་བརྒྱད་བསྣན་པ་བཀས་གཏད་ཀྱི་དཀར་ཆག་ཀིང་ཡིའུ་ལཱུས་མཛད་དེ། དེ་དག་གི་བསྒྲིགས་ལུགས་ཇི་འདྲ་སླར་བལྟའོ།།

དུས་ཚིགས་དེ་ནས་ཆེན་པོ་ཧོར་གྱི་ཞི་ཙུ་སེ་ཆེན་རྒྱལ་པོའི་ཊི་ཡུའན་ལོ་ཉེར་གཉིས་པའི་བར་ལོ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་རིང་ལ་སྒྱུར་མཁན་བཞིའི་འགྱུར་ཆོས་གླེགས་བམ་བརྒྱ་དང་བཅོ་ལྔ་བྱུང་བ་རྣམས་བསྣན་པ་དང་། རྒྱ་ནག་དང་བོད་ཀྱི་བཀའ་འགྱུར་གཉིས་བསྡུར་ནས་མ་ཚང་བའི་ཧོལ་ཁོང་བསམ་དགོས་པར་གོང་མི་བཀའ་ཡིས་ཆེད་དུ་བསྐོས་པ་བཞིན། ཞེས་སོགས་གསལ་ལོ།།

གཞན་ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་དུ་གསལ་བ་[2]ལྟར་ན། རྒྱ་ནག་ཏུ་ཧན་ཤར་མའི་རྒྱལ་རབས་ཀྱི་གོང་མ་ཧན་མིང་དྷི་རྒྱལ་པོའི་ཡུང་ཕིང་ཁྲི་ལོ་བཅུ་པ་མེ་ཡོས་ (༦༧) ནས་ཐང་རྒྱལ་རབས་ཀྱི་གོང་མ་ཞོན་ཛུང་གི་ཁའི་ཡོན་ཁྲི་ལོ་བཅོ་བརྒྱད་པ་ལྕགས་རྟ་ (༧༣༠) ལོའི་བར་ལོ་ ༦༦༣ རིང་ལ་རྒྱ་ཡི་ལོ་ཙཱ་བ་མཁས་པ་ ༡༧༦ བྱུང་། དེ་ནས་ཐང་ཏེ་ཙུང་གི་ཀྲེན་ཡོན་ཁྲི་ལོ་ལྔ་པ་ས་འབྲུག་ (༧༨༨) ལོའི་བར་ལོ་ ༦༠ རིང་ལ་ལོ་ཙཱ་བ་ ༨ དང་། དེ་ནས་ལོ་ ༡༩༣ རིང་ལོ་ཙཱ་བ་གསར་པ་མེད་ཅིང་། དེ་རྗེས་སུང་རྒྱལ་རབས་ཀྱི་ཐའི་ཙུང་རྒྱལ་པོའི་ཐའེ་ཕིན་ཤིན་གོ་ཁྲི་ལོ་བདུན་པ་ཆུ་རྟ་ (༩༨༢) ལོ་ནས་སུང་ཀྲེན་ཙུང་གི་ཏཱ་ཀྲུང་ཤིང་ཧྥུ་ཁྲི་ལོ་བཞི་པ་ལྕགས་ཕག་ (༡༠༡༡) བར་ལོ་ ༢༩ རིང་ལོ་ཙཱ་བ་ ༦ དེ་ནས་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱི་ཀྲི་ཡུའན་ཁྲི་ལོ་ ༢༢ པ་ཤིང་བྱ་ (༡༢༨༥) ལོའི་བར་ལོ་ ༢༥༣ གྱི་རིང་ལ་ལོ་ཙཱ་བ་ ༤ བཅས་ཁྱོན་བསྡོམས་ལོ་ ༡༡༩༧ རིང་ལ་ལོ་ཙཱ་བ་ ༡༩༤ བྱུང་བའི་ངོ་གྲངས་ཙམ་མ་གཏོགས་དེ་དག་སུ་དང་སུ་ཡིན་བཀོད་མེད་པ་དང་། མིང་རྒྱལ་རབས་དང་། མན་ཆིང་རྒྱལ་རབས་ཀྱི་སྐབས་ལོ་ཙཱ་བ་ཇི་ཙམ་བྱུང་ཡོད་མེད་རྐང་གྲངས་ཙམ་ཡང་མི་སྣང་ལ། བོད་ཀྱི་ལོ་ཙཱ་བ་མི་ཉུང་བ་ཞིག་གི་ལོ་རྒྱུས་དང་། ཁོང་རྣམ་པས་བསྒྱུར་བ་གང་དང་གང་ཡོད་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ལོ་པཎ་ཆོས་འབྱུང་[3]། སྡེ་དགེ་བཀའ་འགྱུར་དཀར་ཆག[4] སྡེ་དགེ་བསྟན་འགྱུར་དཀར་ཆག་[5]བཅས་སུ་གསལ་བས་དེ་དག་ཏུ་གཟིགས་པར་ཞུ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༧༧

[2] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག ༡༧༨

[3] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༥༠༩

[4] སྡེ་དགེ་བཀའ་འགྱུར་དཀར་ཆག །ལྕགས་དཔར་མ། ཤོག་གྲངས་ ༣༡༩ ནས་ ༤༤༦ བར།

[5] སྡེ་དགེ་བསྟན་འགྱུར་དཀར་ཆག །ལྕགས་དཔར་མ། ཤོག་གྲངས་ ༦༠༥ ནས་ ༨༤༧ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤༥ ནས་ ༥༤༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *