༢༠༽ ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ།

༢༠༽ ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ།

 

ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ་ནི། ཕྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ལེགས་པར་མཛད་ཅིང་། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་དེ་བསྟན་བཅོས་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།[1] ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་ལ།

བསྟན་འགྱུར་ལས། དཔལ་གདན་བཞི་པའི་ཆུའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་བྷ་བའི་མན་ངག་དང་། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག །སྔགས་ཀྱི་རྒྱན་གྱི་སྒྲུབ་ཐབས། རབ་གནས་ཀྱི་རྒྱན་རྣམས་དགེ་སློང་ནཱ་གཱ་རྫུ་ནས་མཛད་པ། གཏོར་མའི་རྒྱན་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ། དམ་ཚིག་གི་རྒྱན།  འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ། དེའི་འགྲེལ་པ་སྔགས་ཀྱི་རྒྱན་གྱི་འགྲེལ་པ་དང༌། དམ་ཚིག་གི་རྒྱན་གྱི་རྣམ་པར་བཤད་པ་སློབ་དཔོན་མཆོག་རབ་ཀྱིས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་གསང་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་པྲ་ཛྙཱ་གུ་རུས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ། མཚན་བརྗོད་ཀྱི་སྒྲུབ་ཐབས་རྡོ་རྗེ་ལས་སྒྲུབ་ཀྱིས་མཛད་པ། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་ཟླ་བཟང་གྲགས་པས་མཛད་པ་བཅས་བཞུགས་སོ།།[2]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག ༢༨༡

[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༧༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༡ ནས་ ༣༦༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *