༡༢༽ གྲུབ་ཆེན་རཱ་ཧུ་ལ་བཛྲ།
དེ་ཡང་རཱ་ཧུ་ལ་བཛྲ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[1]། མི་ཐུབ་ཟླ་བའི་སློབ་མ་སྟེ། དེ་ནི་ཆུང་ངུ་ནས་ཡི་དམ་ཞལ་གཟིགས། རིགས་རྒྱལ་རིགས། བི་ཀྲ་མ་ཤཱི་ལའི་དགེ་སློང་པཎྜི་ཏ་ཡིན། དེར་གསང་སྔགས་སྒོམ་ཞིང༌། བླ་མས་ཀུན་སྤངས་གྱིས་ཤིག་གསུངས།
འོན་ཀྱང་ང་རྒྱལ་གྱི་དབང་ལས་བཀའ་བཅག་སྟེ་རེ་ཞིག་ཀུན་སྤངས་མ་མཛད། ཕྱིས་དེའི་སྡིག་པ་སྦྱོང་བ་ལ་རྩེ་གཅིག་ཏུ་བསྒྲུབས་ཀྱང་ཅང་མ་འགྲུབ། བླ་མ་གུ་ཎ་ཨུ་ཀ་ར་ན་ན་རེ། ལྕེ་དང་ཡན་ལག་ཆོད་གསུངས། ལྗགས་དང་ཡན་ལག་བཞི་བཅད་པས། སྤྱན་རས་གཟིགས་དང༌། རྡོ་རྗེ་རྣལ་འབྱོར་མ། ནག་པོ་ཆེན་པོ། སྒྲོལ་མ་སྟེ་བཞིས་དངོས་སུ་ཞལ་བསྟན། བྱིན་གྱིས་བརླབས། དེ་ནས་བླ་མ་ཛྙཱ་ན་ས་ག་ར་ན་རེ། ཁྱོད་ཆུ་འདིར་ཞག་བདུན་ལུས་སྤྱིངས་ལ་སྡོད་གསུངས། དེ་ལྟར་བྱས་པས། ལུས་ཀྱི་ཁྲག་སྲིན་བུ་པད་པ་མང་པོས་འཇིབས་ནས་འཆི་ལ་ཁད་པར་སོང༌། དེ་གཉིས་ཀྱིས་བླ་མའི་བཀའ་བཅག་པའི་སྒྲིབ་པ་དག་སྐད། དེ་ནས་ལྷོ་ཕྱོགས་སུ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཤིང་གི་རི་ཟེར་བ་རི་ནག་པོའི་ཁོང་སེང་ན་བཞུགས་སྐད། ཤིང་གི་རི་ཞེས་པ་མོན་མཚམས་ཀྱི་འདི་མིན་ལྷོ་ཕྱོགས་ན་ཡོད་དོ། །དེ་ལ་དཱ་ན་ཤྲཱིས་ཞུས་པས་ན་གོང་བཞིན་ཡིན་མོད། འདི་དགྱེས་རྡོར་གྱི་གཏུམ་མོ་ཁོ་ན་ཡིན་ཡང་གསུངས། ར་ཏ་བཛྲ་ནི་ནཱ་ལེནྡྲའི་པཎྜི་ཏ་ཞིག་ཡིན་སྣང་ཡང༌། རྣམ་ཐར་རྒྱས་པར་མི་གསུངས། ཡང་ཙརྱ་པ་ཁ་ཅིག །བི་རུ་པ་ཆུང་བ། ནག་པོ་སྤྱོད་པ། ཌོམྦི་ཧེ་རུ་ཀ །མི་ཐུབ་ཟླ་བ། ཀུ་ས་ལི་བྷ་དྲ་ཞེས་བརྒྱུད་པར་འདོད་པའང་ཡོད་མོད་ཀྱི། དེ་ནི་མ་དག་གསུངས་སོ། །དུས་རབས་ནི་བརྒྱ་ཕྲག་དགུ་པའི་ནང་ཙམ་མོ། ཞེས་གསལ་བ་ལྟར་ར་ཧུ་ལ་བཛྲ་ཡང་ནཱ་ལེནྡྲའི་པཎྜི་ཏ་ཞིག་ཡིན་འདུག་གོ།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༩༨
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༦ ནས་ ༣༩༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།