༢༧༽ ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་རྣམ་ཐར།

༢༧༽ ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ།

 

ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་ཞབས་ནི། ལེགས་སྦྱར་གྱི་ཛེ་ཏཱ་རྒྱལ་བ་དང་། ཨ་རི་དགྲ་སྟེ་བོད་སྐད་དུ་དགྲ་ལས་རྣམ་རྒྱལ་ཞེས་སུ་གྲགས་ཤིང་། ཕྱི་ལོའི་དུས་རབས་བཅུ་པ་ཡས་མས་སུ་བྱོན་པའི་རྒྱ་གར་མཁས་པ་ཞིག་སྟེ། གྲུབ་ཆེན་དཔལ་སྡེའི་སྲས་དང་། ཇོ་བོ་རྗེའི་བླ་མ་ཡིན། འཇམ་དབྱངས་ལས་དབང་བསྐུར་བ་དངོས་སུ་ནོད་དེ་རིག་པའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་པདྨོ་ཁ་ཕྱེ་བར་བརྟེན། མདོ་སྔགས་ཀྱི་བསྟན་བཅོས་མང་དུ་མཛད།

རྣམ་རྫུན་དྲི་བཅས་པ་དང་མཐུན་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་གྱི་གྲས་སུ་བགྲངས་ཡོད།

དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/66) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[1]། ཕ་ཁོལ་གྱིས་ནཱ་ལེནྡྲ་ཉིད་དུ་མཁན་པོ་ཛེ་ཏཱ་རི་ (jetAri) དགྲ་ལས་རྣམ་རྒྱལ་དང་། སློབ་དཔོན་ནོར་བཟང་ལས་བསྙེན་པར་རྫོགས་ཞེས་གྲགས་པ་ལྟར་ན། ཛེ་ཏཱ་རི་སྔ་མ་ཞིག་བྱུང་བར་སྣང་ལ། དཀོན་མཆོག་འབངས་སུ་མཚན་བཏགས། དཔལ་གྱི་རིར་ཀླུ་སྒྲུབ་ཡབ་སྲས་ལ་མདོ་སྔགས་ཐམས་ཅད་གསན། ལན་གཅིག་པུས་འཁྱུད་བཅིངས་ཏེ་ཆོས་ཉན་པས་འཕགས་པས་དེ་ལྟ་བུ་མི་རུང་གསུངས་པ་ན་ང་འདྲ་བའི་ང་རྒྱལ་ལ་ཆོས་ཉན་ཡང་མི་ཤེས་པ་སྙམ་སྟེ་ཤིན་ཏུ་ངོ་ཚ་ཞིང་། ང་ཡང་འདི་འདྲ་ན་གཞན་ལྟ་ཅི་སྨོས་སྙམ་ནས་བླ་མ་ལྔ་བཅུ་པ་བརྩམས་པར་གྲགས། ཞེས་སློབ་དཔོན་རྟ་དབྱངས་དཔལ་ནཱ་ལེནྡྲར་མཁན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་དང་། སློབ་དཔོན་ནོར་བཟང་གི་དྲུང་ནས་བསྙེན་པར་རྫོགས་པར་གསལ་ལ། ཛེ་ཏཱ་རི་འདི་ནི་ཡོངས་གྲགས་དུས་རབས་བཅུ་པར་བྱོན་པའི་ཛེ་ཏཱ་རི་ (Jetari) དགྲ་ལས་རྣམ་རྒྱལ་མིན་པར་སློབ་དཔོན་རྟ་དབྱངས་དང་དུས་མཉམ་དུ་བྱོན་པ་ཞིག་ཡིན་འདུག་སྙམ་པས་དཔྱད་དགོས་སོ།།

ཡང་དེ་ཉིད་ལས[2]། འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་སློབ་དཔོན་སྒེག་པའི་རྡོ་རྗེའམ་དཔལ་སྣ་ཚོགས་གཟུགས་[3]ཞེས་བྱ་བས་ཀྱང་གསང་འདུས་ཀྱི་འགྲེལ་པ་ཉེ་བར་ལེན་པ་ལ་སོགས་པ་མཛད་ཅིང་། བི་ཤཱ་མོ་ཏྲས་ཀྱང་དེའི་རྗེས་སུ་འབྲངས་ཏེ་མཛད་དོ། །འདི་ནི་སྒེག་པའི་རྡོ་རྗེ་སྔ་མ་སྟེ་བོད་དུ་བསྟན་པ་བྱུང་བའི་སྔོན་དུ་བྱོན་པ་དམ་ཚིག་གསལ་བཀྲ་མཛད་པོ་ཡིན་ལ། ཕྱི་མ་ནི་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་འཇམ་དཔལ་ལས་དངོས་སུ་ཆོས་མཐའ་དག་གསན་པ་དེས་ལོ་བརྒྱ་ལོན་པ་ན་ཚེ་ཚད་ལོ་བཅུ་ལས་མེད་པས་ངའི་ཆོས་རྣམས་སྣོད་ལྡན་ལ་བྱིན་ཞིག་གསུངས་པ་ན་འཛམ་གླིང་ལ་ལན་གསུམ་གཟིགས་པས། མ་ག་དྷ་ན་མ་ཧེའི་རྫི་བོ་ལོ་བརྒྱད་ཅུ་ལོན་པ་ཞིག་སྣོད་ལྡན་དུ་གཟིགས་ནས་ལས་འདི་ཞོག་ལས་ཆོས་སྒོར་ཞུགས་ཤིག་གསུངས་པས། ཡི་གེ་ཡང་མི་ཤེས་འཚོ་བའང་མེད། རྒས་པས་ཚེ་ཕྱི་མ་ལ་རྗེས་སུ་འཛིན་པར་ཞུ་ཟེར་བ་ལ། འཇམ་དཔལ་དཀར་པོའི་སྒྲུབ་ཐབས་གནང་སྟེ་ཞག་བདུན་བསྒྲུབས་པས་འཇམ་དཔལ་ཞལ་གཟིགས། ཆོས་ཐམས་ཅད་རང་བྱུང་དུ་ཤེས་པའི་པཎྜི་ཏར་གྱུར་ཏེ་བློ་གྲོས་ཅན་ནམ་པཎྜི་ཏ་མ་ཏི་ཞེས་གྲགས། འཁྲུངས་སའི་མིང་གིས་ནོར་བུ་གླིང་པ་དང་། གསང་མཚན་སྒེག་པའི་རྡོ་རྗེར་གྲགས། ད་རྒས་པས་བཤད་པ་མི་ཁོམ་སྒྲུབ་པ་བྱེད་ཞུས་པས་ཁྱོད་རང་གི་ཚེ་ལྷག་ལོ་བཅུ་ཡོད་པ་དང་། ངའི་ཚེ་ལྷག་ལོ་བརྒྱད་ཡོད་པ་ཁྱོད་ལ་བྱིན་གྱིས་ལོ་བཅོ་བརྒྱད་འགྲོ་དོན་གྱིས། དེ་ནས་རྗེ་བཙུན་ལ་གསོལ་བ་ཐོབ་དང་། ཚེ་ཉི་ཟླ་དང་མཉམ་ཡང་སྲིད་གསུངས་ཏེ་སློབ་དཔོན་མཁའ་སྤྱོད་དུ་བྱོན་པར་འཇམ་དབྱངས་དཀར་པོའི་ལོ་རྒྱུས་ལས་བཤད་པའི་ཛེ་ཏཱ་རི་འདི་ནི། ན་རོ་པ་པཎྜི་ཏ་མཛད་ནས་བྱང་སྒོ་སྲུང་བའི་དུས་ཀྱི་སྒོ་སྲུང་ཞིག་ཡིན་ལ། སྒེག་པའི་རྡོ་རྗེའི་སློབ་མ་ཁ་ཆེ་པཎ་ཆེན་ཡིན་ནོ། །ཞེས་གསལ་ལོ།།

གཞན་ཡང་རྡོ་བྲག་རིག་འཛིན་ཆེན་པོ་པདྨ་འཕྲིན་ལས་ (1641-1717) མཆོག་གིས་མཛད་པའི་འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་དད་པའི་ཕྲེང་བ་ལས[4]། དེ་ནཱ་ལེནྡྲར་རབ་ཏུ་བྱུང་བའི་མཚན་མངོན་པར་བྱང་ཆུབ་པའི་སྐལ་བ་ཅན་ཞེས་བཏགས། ནོར་བུའི་གླིང་དུ་སྐུ་འཁྲུངས་པས་ནོར་བུ་གླིང་པ་ཞེས་ཀྱང་གྲགས། ཞེས་གསུངས་པ་ལྟར་རབ་ཏུ་བྱུང་ཡུལ་ནཱ་ལེནྡྲར་ཡིན་པར་གསུངས་སོ།།

ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་སྔ་ཕྱི་གཉིས་བྱོན་པ་ལས། སྔ་མས་དཔལ་ནཱ་ལེནྡྲའི་མཁན་པོའི་མཛད་ཁུར་བཞེས་སྐབས་ཕ་ཁོལ་རབ་ཏུ་བྱུང་བར་གསུངས་ལ། ཛེ་ཏཱ་རི་ཕྱི་མ་ནི་ནཱ་ལེནྡྲའི་མཁས་པ་སྒོ་དྲུག་གི་སྐུ་དུས་སུ་སྒོ་སྲུང་མཛད་པར་གསུངས་པས་གནས་བརྟན་བྱང་བཟང་དང་གཅིག་མིན་དཔྱད་དགོས་པ་ཞིག་དང་། མདོར། ན་ཛེ་ཏཱ་རི་སྔ་ཕྱི་གཉིས་ཀ་དཔལ་ནཱ་ལེནྡྲའི་མཁས་གྲུབ་ཡིན་པར་གསལ་ལ། སློབ་དཔོན་ཛེ་ཏཱ་རི་ནི་དུས་རབས་ ༡༠ པའི་དུས་དཀྱིལ་ཙམ་དུ་བྷངྒ་ལར་སྐུ་འཁྲུངས། ཁོང་གིས་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ་དང་། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་སོགས་མཛད་དོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༥༠

[2] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༧༦

[3] སློབ་དཔོན་སྒེག་པའི་རྡོ་རྗེའི་རྣམ་ཐར་གཤམ་དུ་ཟུར་དུ་བཀོད་ཡོད་པས་བསྡུར་ནས་གཟིགས་གལ་ཆེའོ།།

[4] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། པོད། ༼ཉོ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༤༦བ༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༡ ནས་ ༢༢༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *