༡༽ བྷང་ག་ལར་གནའ་ཤུལ་རྩ་ཆེན་གསར་རྙེད།

༡༽ བྷང་ག་ལར་གནའ་ཤུལ་རྩ་ཆེན་གསར་རྙེད།

 

དེ་ཡང་རྒྱ་ནག་དང་བྷང་ལ་དྷེ་ཤི་གཉིས་ཀྱི་གནའ་རྫས་དཔྱད་ཞིབ་པས་བྷང་ལ་དྷེ་ཤིའི་རྒྱལ་ས་དྷ་ཀ་ (Dhaka) ནང་གི་ས་ཁུལ་ཞིག་ཏུ་ལོ་ཤས་རིང་སྔོག་འདོན་བྱས་རྗེས་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་དང་ཤིན་ཏུ་འབྲེལ་བ་ཆེ་ཞིང་། ལོ་ངོ་ ༡༠༠༠ ལྷག་སོང་བའི་ནང་པའི་གྲོང་སྡེ་ཞིག་རྙེད་སོན་བྱུང་བ་ཡོངས་བསྒྲགས་གནང་ཞིང་།

ང་སྡེ་དེའི་ནང་སྔར་གྱི་དགོན་པའི་རྒྱལ་སྒོ་དང་། འདུ་ཁང་། འཆམ་ར། མཆོད་རྟེན། དངོས་རྫས་འཇོག་ཡུལ། དེ་བཞིན་ས་ཕག་རྙིང་པ་སོགས་གནའ་རྫས་དུ་མ་ཞིག་རྙེད་འདུག

༼བྷང་ག་ལར་གསར་དུ་རྙེད་པའི་ནང་པའི་རྡོ་རྗེ་ཐེག་པའི་གཙུག་ལག་ཁང་ཆེན་མོའི་ཤུལ་རྗེས།༽

ཕྱི་ལོ་ ༢༠༡༥ ལོར་བྷང་ག་ལ་དང་རྒྱ་ནག་མཉམ་འབྲེལ་གནའ་དཔྱད་རུ་ཁག་གིས་བྷང་ག་ལའི་བི་ཀྲ་མ་པུ་ར་ (Vikrampura) ཞེས་པའི་ནང་བསྟན་གྱི་གནའ་ཤུལ་སྔོག་འདོན་ལས་ཀར་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཅིང་། བཀའ་གདམས་པའི་ཤིང་རྟའི་སྲོལ་གཏོད་ཆེན་མོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་འཁྲུངས་ཡུལ་དུ་ངོས་འཛིན་པའི་ནཱ་ཐི་སི་ཝར་ (Nateswar) ཞེས་པའི་སྔོག་འདོན་ཁུལ་དུ་ཕྱི་ལོའི་དུས་རབས་ ༡༠-༡༣ བར་དུ་བཏབ་པའི་གསང་སྔགས་རྡོ་རྗེ་ཐེག་པའི་གཙུག་ལག་ཁང་ཆེན་མོ་མཚན་ཉིད་དང་ལྡན་པ་ཞིག་གི་དགོན་ཤུལ་རྙེད་སོན་བྱུང་ཞིང་། དེ་ཡང་གནའ་དཔྱད་ཞིབ་འཇུག་པའི་གྲུབ་དོན་ལྟར་ན། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དེ་ནི་གླིང་ཆེན་ཨེ་ཤ་ཡ་ལྷོ་མའི་སྐམ་ས་ཟུར་གསུམ་པའི་སྟེང་གི་ནང་ཆོས་ཀྱི་གདན་ས་ཆེན་མོའི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་གཙུག་ལག་ཁང་དེའི་བཀོད་པ་ཤིན་ཏུ་རྒྱ་ཆེ་ལ། སྤྱིའི་བཀོད་པ་ནི་རྡོ་རྗེ་རྒྱ་གྲམ་གྱི་གཟུགས་སུ་བཀྲམ་པ་སྟེ། ཕྱོགས་བཞིར་གླིང་ཆེན་པོ་ཟུར་བཞི་པ་རེ་ཆགས་ཡོད་ཅིང་། གླིང་རེ་རེའི་དཀྱུས་ཞེང་སྙོམས་ལྡན་དུ་རྨིད་ ༦༠ ཡན་ཡོད་ཅིང་། དབུས་ཀྱི་རྡོ་རྗེ་རྒྱ་གྲམ་བསྐོར་ཏེ་རྡོ་གཅལ་བཏིང་བའི་སྐོར་ལམ་ཆེན་པོ་ཞིག་ཀྱང་ཡོད་པས། བཟོ་བཀོད་འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་གཙུག་ལག་ཁང་བཞེངས་ལུགས་མཚན་ཉིད་དང་ལྡན་པ་ཞིག་ཡིན་འདུག

གཞན་ཡང་སའི་རྩེག་རིམ་གྱི་བརྟག་ཐབས་སོགས་ལ་བརྟེན་ནས་ཤེས་རྟོགས་བྱུང་བར། ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་བཏབ་པའི་ལོ་ཚིགས་ནི་ཧ་ལམ་ཕྱི་ལོ་ ༩༥༠ ནས་ ༡༢༢༣ ལོའི་བར་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པའི་གཙུག་ལག་ཁང་འདི་ལས་གཞན་གནའ་དཔྱད་པ་རྣམས་ཀྱིས་ད་དུང་ནང་པའི་དགོན་ཤུལ་གཞན་ཡང་རྙེད་སོན་བྱུང་བ་དང་། དེ་ཡང་ནང་པའི་ཆོས་སྡེ་དེ་དག་དུས་རིམ་གཉིས་སུ་བྱས་ཏེ་བཞེངས་པར་དགོངས་ཤིང་། དུས་རིམ་སྔོན་མ་སྟེ་ཕྱི་ལོ་ ༧༨༠ ནས་ ༩༥༠ ལོའི་བར་དུ་བཞེངས་པའི་དགོན་ཤུལ་དག་ནི་སྐབས་དེའི་བྷང་ག་ལའི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུའི་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པ་དང་། གནའ་ཤུལ་སྔོག་ཡུལ་དེ་ནི་ཕྱི་ལོའི་དུས་རབས་ ༩-༡༢ བར་གྱི་བྷང་ག་ལའི་རྒྱལ་རབས་དུ་མའི་རྒྱལ་ས་ཡིན་ལ། ཐེངས་འདིར་གསར་རྙེད་བྱུང་བའི་གནའ་ཤུལ་གྱི་ཚོམས་དེ་གཉིས་ཀྱི་བཟོ་བཀོད་ཀྱི་རྣམ་པ་ནི་བྷང་ག་ལ་ནས་རྙེད་པ་ཐོག་མ་ཡིན། ཐེངས་འདིའི་གནའ་དཔྱད་ནང་ད་དུང་ནང་པའི་མཆོད་རྟེན་འབོར་ཆེན་པོ་ཞིག་དང་། ཐལ་དོང་། དུས་སྐབས་སོ་སོའི་རྫ་ཆས་སོགས་གནའ་དཔྱད་རྗེས་ཤུལ་མི་ཉུང་བ་ཞིག་རྙེད་བྱུང་བ་དང་། དེ་དག་གི་ཁྲོད་ནས་མཆོད་རྟེན་ཞིག་གི་ལྟོ་བར་གཟུངས་གཞུག་གི་རྟེན་ཡང་རྙེད་སོན་བྱུང་བའི་གནས་ཚུལ་བྱུང་ཡོད།

གཞན་ཡང་དབྱིན་ཇིའི་གསང་ཉུལ་བ་ཙནྜི་ར་དྷ་སི་ཧང་སང་། ཙནྜི་ར་དྷ་སིས་ཕྱི་ལོ་ ༡༨༩༣ ལོར་བྷང་གྷལ་གྱི་སྐད་ཡིག་ནང་བརྩམས་པའི་གངས་རིའི་ལྗོངས་ན་རྒྱ་གར་གྱི་པཎྜི་ཏ་ཞིག་ཅེས་པ་དང་། ཕྱི་ལོ་ ༡༩༠༢ ལོར་ལྷ་ས་དང་བོད་དབུས་ལ་འགྲུལ་བཞུད་ཅེས་པའི་དེབ་གཉིས་སྔ་རྗེས་སུ་བརྩམས་པའི་བོད་དང་བྷང་ལ་དྷེ་ཤིའི་བར་གྱི་རིག་གནས་ཀྱི་འབྲེལ་བ་དང་། ཇོ་བོ་རྗེ་ལ་བོད་མི་རིགས་ཀྱིས་བཀུར་བསྟི་ཇི་ལྟར་བྱས་པའི་ཚུལ་ལ་ཞིབ་ཏུ་བྲིས་པ་ཡོད་འདུག་པས། དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣ ནས་ ༢༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *