ཁ༽ རྒྱའི་སྐད་ནས་བོད་སྐད་དུ་བཀའ་འགྱུར་ཇི་ཙམ་བསྒྱུར་བ།
དེ་ཡང་རྒྱ་སྐད་ནས་བོད་འགྱུར་ལ་བཀའ་བསྟན་ཇི་ཙམ་བསྒྱུར་ཡོད་ཅེ་ན།[1] དཀར་ཆག་ལྡན་དཀར་མ་[2]ལྟར་ན། རྒྱ་ནག་གི་བཀའ་འགྱུར་ནས་བོད་བསྒྱུར་བྱས་པ་མདོ་ཉེར་གསུམ་གྱི་མཚན་བཞུགས་ཡོད་པ་རྣམས་ནི། ༡༽ ཡོངས་སུ་མྱ་ངན་ལས་འདས་པའི་མདོ། ༢༽ མདོ་མཛངས་བླུན། ༣༽ འཕགས་པ་གསེར་འོད་དམ་པའི་མདོ། ༤༽ འཕགས་པ་ལངྐར་གཤེགས་པ་རིན་པོ་ཆེའི་ལེའུ། ༥༽ འཕགས་པ་ཐབས་མཁས་པ་ཆེན་པོ་དྲིན་ལ་བླན་པའི་ཆོས་ཀྱི་མདོ།
༦༽ འཕགས་པ་རྡོ་རྗེ་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེའི་མདོ། ༧༽ འཕགས་པ་སངས་རྒྱས་མཛོད། ༨༽ འཕགས་པ་གསེར་འོད་དམ་པའི་མདོ་སྡེའི་དབང་པོ། ༩༽ འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ། ༡༠༽ འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ། ༡༡༽ འཕགས་པ་བྱང་ཆུབ་སེམས་དཔའི་སོ་སོ་ཐར་པའི་ཆོས་གཞི་བསྒྲུབ་པ། ༡༢༽ འཕགས་པ་གཙུག་ཏོར་ཆེན་པོ་ལས་བདུད་ཀྱི་ལེའུ་བསྟན་པ། ༡༣༽ ཚངས་པའི་དྲ་བའི་མདོ། ༡༤༽ ཡོངས་སུ་བསྔོ་བ་འཁོར་ལོའི་མདོ། ༡༥༽ ཕ་མའི་དྲིན་ལན་བསྟན་པའི་མདོ། ༡༦༽ རྒྱལ་པོ་དོན་གྲུབ་ཀྱི་མདོ། ༡༧༽ སེམས་ཅན་གྱི་སྐྱེ་ཤིའི་རྩ་བ་བསྟན་པའི་མདོ། ༡༨༽ འཕགས་པ་བྱམས་པ་ལུང་བསྟན་གྱི་མདོ། ༡༩༽ དགེ་བ་བཅུ་དང་དུ་བླང་བའི་མདོ། ༢༠༽ ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་སྣང་བ་བསྟན་པའི་མདོ། ༢༡༽ ཡང་དག་པའི་ལེགས་པའི་ཡོན་ཏན་བཤད་པའི་མདོ། ༢༢༽ རྒྱལ་པོ་ཀུན་ཏུ་དགེ་བའི་མདོ། ༢༣༽ འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ་བཅས་གསལ། ༢༤༽ མདོ་སྡེ་དགོངས་འགྲེལ་ཡང་ཡིན་ནོ།།
བཅོམ་ལྡན་རིག་རལ་གྱི་དཀར་ཆག་ཏུ་རྒྱ་འགྱུར་གསལ་བ་རྣམས་ཕལ་ཆེ་བ་གོང་འཁོད་དང་མཐུན་པར་སྣང་ཡང་མི་མཐུན་པ་འགའ་ཞིག་ཡོད་པ་རྣམས་ནི། ༡༽ ཡང་དག་པར་སྤྱོད་པའི་ནམ་མཁའི་མདོག་གི་འདུལ་བའི་བཟོད་པ། ༢༽ ཆོས་ཀྱི་རྒྱ་མོ། ༣༽ དོན་རྒྱས་པ། ༤༽ སྣང་བརྒྱད་བཞི། ༥༽ སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་འཁོར་ལོས་སྒྱུར་བའི་གཟུངས་ཧོམ་བྱ་ཐབས་དང་བཅས་པ། ༦༽ ཁྱད་པར་གྱི་གཟུངས་བདུན་ཅུ་རྩ་ལྔ་པ་བཅས་ཡིན་ནོ།།
དེ་བཞིན། ༡༽ འཕགས་པ་ལངྐར་གཤེགས་པ་རིན་པོ་ཆེའི་མདོ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་བམ་པོ་བརྒྱད་པ། རྒྱའི་སློབ་དཔོན་ཝེན་ཧྥི་ཡིས་མཛད་པའི་འགྲེལ་པ་དང་སྦྱར་ནས་ (རྒྱ་དཔེ་ལས་བསྒྱུར། སྡེ་དགེའི་བཀའ་འགྱུར་དཀར་ཆག་བཀའ་འགྱུར་ཨང་ ༡༠༨ པར་གསལ། དཀོན་བརྩེགས་ལས།) ལོ་ཙཱ་བ་འགོས་ཆོས་སྒྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། ༢༽ འཕགས་པ་བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླངས་པའི་མདོ། ལོ་ཙཱ་བ་བནྡེ་པ་བ་སྟོང་དང་། བནྡེ་ཤེས་རབ་སེངྒེས་རྒྱའི་དཔེ་ལས་བསྒྱུར་བ། ༣༽ འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། (སྡེ་དགེའི་བཀའ་འགྱུར་དཀར་ཆག །བཀའ་འགྱུར་མདོ་མང་སྐོར་ཨང་ ༣༥༤ པར་གསལ།) ལོ་ཙཱ་བ་བནྡེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། ༤༽ འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་དང་ལེའུ་སོ་གཅིག་པ། (རྒྱའི་ལོ་ཙཱ་བ་ཆེན་པོ་ཡུས་ཅེན་ (༦༣༥-༧༡༣) གྱིས་ལེགས་སྦྱར་སྐད་ནས་བསྒྱུར། སྡེ་དགེའི་བཀའ་འགྱུར་དཀར་ཆག །བཀའ་འགྱུར་ཨང་ ༥༥༥ པར་གསལ། མདོ་མང་སྐོར།) ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། ༥༽ འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས། ཆོ་ག་དང་བཅས་པ་བམ་པོ་གསུམ་པ། ལོ་ཙཱ་བ་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། (སྡེ་དགེ་བཀའ་འགྱུར་དཀར་ཆག་ཨང་ ༦༩༡ པར་གསལ།)
༦ འཕགས་པ་ཞལ་བཅུ་གཅིག་པའི་རིག་སྔགས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། (རྒྱའི་ཧྭ་ཤང་ཐང་ཟིན་གྱིས་ལེགས་སྦྱར་སྐད་ལས་རྒྱ་སྐད་དུ་བསྒྱུར། སྡེ་དགེ་བཀའ་འགྱུར་དཀར་ཆག་ཨང་ ༦༩༤ པར་གསལ།) ལོ་ཙཱ་བ་བནྡེ་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། ༧༽ གཙུག་ཏོར་ཆེན་པོ་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་ཤླཽ་ཀ་དོན་ལྔ་པ། བམ་པོ་གཉིས་པ་འདི་ལ་གོང་དཀར་བ་སོགས་ཀྱིས་ཐེ་ཚོམ་གྱི་གཞིར་བྱས་ཀྱང་སྔོན་གྱི་དཀར་ཆག་གསུམ་དུ་རྒྱ་ནག་ལས་འགྱུར་བའི་ཁུངས་མར་བཤད་པས་བཞག་པ་རྣམས་བཞུགས་སོ།།
༨༽ འཕགས་པ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པ་བམ་པོ་བཅུ་གཅིག་དང་ལེའུ་བཅུ་གཉིས་པ་རྒྱ་ནག་འགྱུར། ༩༽ འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་སྒྲུབ་པ་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་དང་ཤླཽ་ཀ་བརྒྱ་བཅུ་གཉིས་པ་རྒྱ་ནག་གི་འགྱུར། ༡༠༽ མཛངས་བླུན་ཞེས་བྱ་བའི་མདོ་བམ་པོ་བཅུ་གཉིས་དང་ལེའུ་ལྔ་བཅུ་རྩ་གཅིག་པ་ (པེ་ཝེའི་ཧྭ་ཤང་ཧུའེ་ཅུའེ་སོགས་ཀྱིས་བསྒྱུར། རྒྱ་དཔེ་ལ་ལེའུ་དྲུག་ཅུ་རེ་དགུ་ཡོད་པར་བོད་འགྱུར་ལ་ལེའུ་བཅོ་བརྒྱད་ཀྱིས་ཆད། མདོ་མང་སྐོར་ཨང་ ༣༤༡ པར་གསལ།) ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱ་གར་དང་རྒྱ་ནག་གི་དཔེ་ལས་བསྒྱུར་བ། ༡༡༽ ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་བམ་པོ་ཕྱེད་བརྒྱད་དང་ལེའུ་དགུ་པ་རྒྱ་ནག་འགྱུར་བཅས་སོ།།
༡༢༽ འཕགས་པ་གོ་ཆའི་བཀོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཐང་གི་ལོ་ཙཱ་བ་བོ་དྷི་ལིའུ་ཊིས་ལེགས་སྦྱར་ལས་རྒྱ་སྐད་དུ་བསྒྱུར། (སྡེ་དགེའི་བཀའ་འགྱུར་དཀར་ཆག་དཀོན་བརྩེགས་ཨང་ ༥༡ པར་གསལ།) ༡༣༽ འཕགས་པ་ཚེ་དང་ལྡན་པ་དགའ་བོ་མངལ་དུ་འཇུག་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཐང་གི་ལོ་ཙཱ་བ་བོ་དྷི་ལིའུ་ཊིས་ལེགས་སྦྱར་ལས་རྒྱ་སྐད་དུ་བསྒྱུར། (སྡེ་དགེ་བཀའ་འགྱུར་དཀར་ཆག །དཀོན་བརྩེགས་ཨང་ ༥༨ པར་གསལ།) ༡༤༽ འཕགས་པ་བུ་མོ་རྣམ་དག་དད་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཐང་གི་ལོ་ཙཱ་བ་བོ་དྷི་ལིའུ་ཊིས་ལེགས་སྦྱར་ལས་རྒྱ་སྐད་དུ་བསྒྱུར། (སྡེ་དགེ་བཀའ་འགྱུར་དཀར་ཆག །དཀོན་བརྩེགས་ཨང་ ༨༤ པར་གསལ།) ༡༥༽ འཕགས་པ་དུས་དང་དུས་མ་ཡིན་པ་བསྟན་པ་ཞེས་བྱ་བའི་མདོ། སིའི་ཐན་དབྱིན་གྱིས་ཕྱི་རྒྱལ་ལ་ཁྱེར་བའི་ཏུན་ཧོང་བོད་ཀྱི་ཡིག་ཆར་མཆིས། མཇུག་ཏུ་ཞུས་ཆེན་ལོ་ཙཱ་བ་ཆེན་མོ་རབ་བྱུང་བ་ཆོས་གྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར་ཅིང་ཞུས་ཞེས་བཀོད་ཡོད།
༡༦༽ འཕགས་པ་མཁར་གསིལ་གྱི་མདོ། མཁར་གསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག །ཐང་གི་ལོ་ཙཱ་བ་བོ་དྷི་ལིའུ་ཊིས་ལེགས་སྦྱར་ལས་རྒྱ་སྐད་དུ་བསྒྱུར། (སྡེ་དགེ་བཀའ་འགྱུར་དཀར་ཆག་ཨང་ ༣༣༥-༣༣༦ པར་གསལ། སིའི་ཐན་གྱིས་དབྱིན་གྱིས་ཁྱེར་བའི་བོད་ཀྱི་ཡིག་ཆ་ ༢༤ པ་ན་རྩོམ་འདི་བསྡུས་ཡོད་ལ།) ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཆོས་གྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར་ཅིང་ཞུས་ཞེས་བཀོད་ཡོད། ༡༧༽ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས། (སྡེ་དགེ་བཀའ་འགྱུར་དཀར་ཆག་ཨང་ ༦༩༢ པར་གསལ།) ༡༨༽ ཡི་གེ་བརྒྱ་པ་ཞེས་བྱའི་རབ་ཏུ་བྱེད་པའི་ཚིག་ལེའུར་བྱས་པ། (སྡེ་དགེ་བཀའ་འགྱུར་དཀར་ཆག་ཨང་ ༣༨༤༣ པར་གསལ། སིའི་ཐན་དབྱིན་གྱིས་ཁྱེར་བའི་བོད་ཀྱི་ཡིག་ཆ་ཨང་ ༢༤ པ་ན་གསལ།) ༡༩༽ འཇུག་པའི་སྒྲ་བརྒྱད་བསྟན་པ་ཚིག་ལེའུར་བྱས་པ། དཔེ་ཆ་འདི་སིའི་ཐན་དབྱིན་གྱིས་ཁྱེར་བའི་བོད་ཀྱི་ཆ་ན་མཆིས་[3]པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཏམ་ཚོགས། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ༣༣ ཨང་ ༡ ཤོག་གྲངས་ ༡༠༠[2] དཀར་ཆག་ལྡན་དཀར་མ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ནས་པར་དུ་བསྐྲུན། ༡༩༩༦ ལོ། ཤོག་ ༣༩
[3] ཀྲུང་གོའི་བོད་རིག་པ། དུས་དེབ། སྤྱིའི་འདོན་ཐེངས་ ༧༧ པ། ༢༠༠༧ ལོའི་འདོན་ཐེངས་ ༡ ཤོག་གྲངས་ ༣༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤༩ ནས་ ༥༥༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།