༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་བཞུགས་སོ།།[1]
སློབ་དཔོན་དག་ཉིད་ཆེན་པོ་དཔལ་མགོན་ཀླུ་སྒྲུབ་ནི། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་བུ་སྟེ་སྐུ་བཙས་པ་ན། ལྟས་མཁན་གྱི་དགེ་སློང་བརྒྱ། བྲམ་ཟེ་བརྒྱ། ཕལ་པ་བརྒྱ་ལ་སྟོན་མོ་དྲངས་ན་ལོ་བདུན། ཟླ་བ་བདུན། ཞག་བདུན་དུ་འཚོ། དེ་ལས་ཐབས་གཞན་མེད་བྱས་པས་ལོ་བདུན་དུ་ཉེ་བ་ན་ཕ་མས་མ་བཟོད་དེ་ཡུལ་འཁྱམས་སུ་བཏང་བས། རིམ་གྱིས་དཔལ་ལྡན་རྒྱུན་སྟེར་གྱི་གཙུག་ལག་ཁང་དུ་ཕྱིན་ཏེ། བྲམ་ཟེ་སྒྲ་གཅན་ཟིན་ལས་རབ་ཏུ་བྱུང་།
ཚེ་དཔག་མེད་ཀྱི་སྒྲུབ་ཐབས་བསྟན་ཏེ། བསྒྲུབས་པས་ཚེའི་དངོས་གྲུབ་ཐོབ། མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པས་མཁྱེན་རབ་སངས་རྒྱས་དང་མཉམ། ཆོས་ཉིད་བདེན་པ་གཟིགས། ཤྲཱི་ནཱ་ལེནྟྲའི་མཁན་པོ་མཛད་པས་སྡེ་སྣོད་མཁྱེན་པ་སྟོང་ཕྲག་བརྒྱ་ཙམ་བྱུང་ཞེས་གྲགས། ཡུལ་ལོ་བཅུ་གཉིས་སུ་མུ་གེ་ཆེན་པོ་བྱུང་བས་ཡུལ་དབུས་སུ་སྟོང་དུ་ཉེ་ཡང་། སློབ་དཔོན་བྲམ་ཟེ་ཆེན་པོ་སྒྲུབ་པ་ལ་བཞུགས་པ་ལ་ཐབས་མ་དྲིས་པར་སེམས་ཅན་རང་རང་གི་ལས་སུ་གཟིགས་ཏེ་དགེ་འདུན་གྱི་འཚོ་བ་གསེར་འགྱུར་གྱི་སྦྱོར་བ་ལ་བརྟེན་ནས་མི་བྲེལ་བར་མཛད། སློབ་དཔོན་གྱིས་སྒྲུབ་པ་ཟིན་པ་ན་ཁྱོད་སྙིང་རྗེ་ཆུང་། ང་ལ་ཞུ་ན་ཟས་ཀྱི་ཆར་པ་འབེབས་པའི་ནུས་པ་ཡོད་གསུངས། དེའི་བཤགས་པ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང་། མཆོད་རྟེན་ཁྲི་ཕྲག་བཞེངས་དགོས་གསུངས་པས། ཛམྦྷ་ལྷ་ལས་ནོར་བླངས། ཀུ་རུ་ཀུ་ལེའི་རིག་སྔགས་ལ་བརྟེན་ནས་ཀླུ་རྒྱལ་འཇོག་པོའི་བུ་མོ་ལ་ཙན་དན་དང་གཙུག་ལག་ཁང་གི་ལས་བཅོལ། དེས་སློབ་དཔོན་ཀླུ་ཡུལ་དུ་གདན་དྲང་སྟེ། གཤེགས་ནས་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་བསྟན། སྟོང་ཕྲག་བརྒྱ་པའི་གླེགས་བམ་དང་ཡི་གེ་ཉུང་ངུའི་གླེགས་བམ་སོགས་མི་ཡུལ་དུ་སྤྱན་དྲངས། གཞན་ཡང་ཐེག་ཆེན་གྱི་མདོ་ཕལ་ཆེར་སློབ་དཔོན་འདིས་མཁའ་འགྲོའི་གླིང་སོགས་ནས་སྤྱན་དྲངས་ཏེ་དར་བར་མཛད། ཛ་ཡ་སྒང་རར་མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་རྩོད་པས་ཕམ་པར་བྱས་ཏེ་རང་གི་བསྟན་པ་ལ་བཙུད། རི་མང་པོ་ཡང་གསེར་གྱི་འབྱུང་ཁུངས་སུ་བྱིན་གྱིས་བརླབས། སྒྲ་མི་སྙན་སོགས་གླིང་གཞན་དང་མི་མ་ཡིན་གྱི་ཡུལ་དུ་ལོ་གྲངས་མང་པོར་འགྲོ་དོན་མཛད་དོ། །མདོར་ན་སློབ་དཔོན་འདིའི་རྣམ་པར་ཐར་པ་ནི་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ལྟར་དཔག་པར་དཀའ་ཞིང་། སྔོན་དགེ་བའི་རྩ་བ་རླབས་པོ་ཆེ་མ་བསྐྱེད་པ་དག་གིས་ཡིད་ཆེས་པར་མི་ནུས་སོ། །
ཡང་མཁས་པ་འཇིག་རྟེན་དུ་བྱོན་པའི་ལག་རྗེས་འཛམ་གླིང་གི་སྐྱེ་བོ་ཡོངས་ལ་བསྟན་བཅོས་ཀྱི་རྒྱུན་བཞག་སྟེ་ཕན་པར་མཛད་པ་ནི་འདི་ལྟར། ཕལ་པ་ཐ་མལ་པ་རྣམས་ལ་ཕན་པའི་ཕྱིར་མོ་རྩིས་ཀྱི་རྣམ་གཞག་དང་། བློན་པོ་རྣམས་ཀྱི་ཕྱིར་ཤེས་རབ་བརྒྱ་པ་དང་བརྟག་པ་བཅུ་གཉིས་པ་སོགས་དང། རྒྱལ་པོ་རྣམས་ཀྱི་ཕྱིར་བཤེས་པའི་སྤྲིང་ཡིག་དང་རིན་ཆེན་ཕྲེང་བ། འཁོར་རྣམ་བཞིའི་བསོད་ནམས་ཆུང་ངུ་རྣམས་ཀྱི་ཕྱིར་སྤོས་སྦྱོར་ཆེ་ཆུང་དང་། གསེར་འགྱུར་གྱི་སྦྱོར་བ་སོགས་དང་། སྨན་པ་རྣམས་ཀྱི་ཕྱིར་སྦྱོར་བ་བརྒྱ། སྦྱོར་བ་སོ་གཉིས་པ། བདུད་རྩི་སྙིང་ཐིགས། འཚོ་བའི་མདོ་ལ་སོགས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཆེད་དུ་སེམས་བསྐྱེད་པའི་ཆོ་ག་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ་དང། མདོ་ཀུན་ལས་བཏུས་པ་སོགས་དང་། ཁྱད་པར་དུ་སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱི་ཕྱིར་དབུ་མ་རིགས་ཚོགས་ལྔ་དང་ཆོས་དབྱིངས་བསྟོད་པ་ལ་སོགས་མཛད་དེ། དབུ་མ་འདི་དག་གི་ཚིག་འབྲུ་རེ་རེ་ཞིང་རྡོ་རྗེ་མཁའ་འགྲོ་མ་རེས་བསྲུངས་ཤིང་། འདི་དག་ལ་འཆད་ཉན་ཡོད་པ་དེ་སྲིད་དུ་ཤཱཀྱ་སེངྒེའི་བསྟན་པ་གནས་པ་ཡིན་ནོ་ཞེས་བརྗོད་དགོས་ཞེས་དཔལ་ལྡན་ཟླ་བ་གྲགས་པས་གསུངས་སོ། །དེ་ལས་ཀྱང་དབང་རྣོན་ཚེ་གཅིག་གིས་གྲོལ་བའི་སྐལ་བ་ཅན་རྣམས་ལ་གསང་བ་བླ་ན་མེད་པའི་ལམ་བསྟན་པ་ནི་གསར་རྙིང་གི་རིག་འཛིན་སོ་སོ་ལས་འོང་བ་ལྟར་རོ།།
མཐར་དགུང་ལོ་དྲུག་བརྒྱ་ལོན་པ་ན་རྒྱལ་པོ་བདེ་སྤྱོད་ཀྱི་བུ་རབ་ནུས་ཞེས་བྱ་བས་ཡབ་དང་སྐུ་སྲོག་གཅིག་པར་ཤེས་ཏེ་རྒྱལ་སྲིད་ཐོབ་པའི་ཕྱིར་སློབ་དཔོན་གྱི་དྲུང་དུ་སོང་ནས་དབུ་བསླང་པས་ཆོད་ལ་ཁྱེར། རལ་གྲི་ལན་ལྔར་བཏབ་ཀྱང་མ་ཆོད་པས་རྩྭ་མཆོག་གིས་ཆོད་གསུངས་ཏེ་དབུ་ལྷུང་བར་བྱིན་གྱིས་བརླབས་ནས་བྱིན་ཏེ།
ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱིན་ནས་ལུས་འདི་ལ་ཡང་དག་པར་འགྱུར། །
ཞེས་པའི་སྒྲ་ཡང་གྲགས་སོ། །སྔོན་སྐུ་ལུས་དང་དབུ་གཉིས་ཀྱི་བར་ཐག་དཔག་ཚད་བཞི་ཡོད་པ་ལས་ད་ལྟ་རྒྱང་གྲགས་ཕྱེད་ལས་མེད་པར་གྲགས། ཕྱིས་སྐུ་ལུས་དེ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། ད་ལྟ་དབུ་མའི་གཞུང་ལ་ཐོས་བསམ་བྱས་ཚད་ཀྱང་འཁོར་དུ་སྐྱེ་བ་ཡིན་ནོ། །
ནམ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེ། །སྐལ་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་བསྐོར་ནས། །
མཐའ་བྲལ་དབུ་མའི་ལམ་བཟང་འཆང་བ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །
གང་ཚེ་ཤེས་བྱས་ཆོས་ཉིད་ནམ་མཁའི་མཐའ། །གཞལ་བའི་རྣམ་དཔྱོད་མཚུངས་པ་མེད་པ་ཡིས། །
ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་ནས། །འཕགས་པའི་དགོངས་པ་འཁྲུལ་མེད་སྟོན་པར་ཤོག །
[1] མཁས་མཆོག་གཞན་ཕན་སྣང་བས་ (1871-1927) མཛད་པ། གཞུང་ཆེན་བཅུ་གསུམ། པོད། ༼༥༽ ཤིང་དཔར་དཔེ་ཐུང་། ཤོག་གྲངས་ ༡ན༡ ནས་ ༤ན༤ བར་བཞུགས་པ་ཟུར་འདོན་ཞུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།