གནས་བརྟན་ཆེན་པོ་མཆོག་གཉིས་ལས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
དང་པོ། ཉན་ཐོས་ཤཱ་རིའི་བུའི་ལོ་རྒྱུས་མདོར་བསྡུས།
གནས་བརྟན། ཉན་ཐོས་ཤཱ་རིའི་བུ། ཉེ་རྒྱལ།
ཡབ་ཡུམ། ཡབ་བྲམ་ཟེ་སྐར་རྒྱལ། ཡུམ་ཤཱ་རི་ཀ
འཁྲུངས་ཡུལ། ནལེནྡྲ།
ནམ་འཁྲུངས། སྟོན་པ་སངས་རྒྱས་དང་དུས་མཉམ།
བཞུགས་སྟངས། སྟོན་པའི་གཡས་ཕྱོགས་ན་ཕྱག་གཡས་ན་འཁར་གསིལ་དང་། གཡོན་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་ཏེ་བཞེངས་ཏེ་བཞུགས།
བཞུགས་སྟངས་ཀྱི་བྱུང་བ། བཞེངས་ཏེ་བཞུགས་པས་གནས་བརྟན་ཆེན་པོ་འདི་སྙིང་རྗེ་ཤིན་ཏུ་ཆེ་བ་དང་། སྟོན་པའི་བཀའ་བཞིན་སྒྲུབ་པ་ལ་ནམ་ཡང་གཡེལ་བ་མེད་པ་དང་སྐྱོ་བ་དང་ངལ་བ་མེད་པ་དང་། སྟོན་པའི་བཀའ་དྲིན་དྲན་ཏེ་ཅི་ནུས་སུ་བསྙེན་བཀུར་བྱ་བའི་ཕྱིར་བཞེངས་ཏེ་བཞུགས་པ་ཡིན།
ཕྱག་མཚན། ཕྱག་ན་འཁར་གསིལ་བསྣམས་པ་ནི་གདུལ་བྱ་རྣམས་ལ་རྒྱལ་བའི་བསྟན་པ་ནི་འདི་ལྟར་རོ་ཞེས་བརྡ་མཚོན་པའི་ཕྱིར་ཡིན་ཏེ། འཁར་གསིལ་གྱིས་རྒྱལ་བའི་བསྟན་པའི་སྙིང་བོ་ལམ་འབྲས་བུ་དང་བཅས་པ་མཚོན། འཁར་གསིལ་ལ་དུམ་བུ་གསུམ་ཡོད་པས་ནི་བསླབ་པ་གསུམ་མཚོན། བར་ཤིང་གསོམ་པས་བྱས་པ་ནི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སྦྱོང་རྣམས་དགེ་སློང་གི་ཆོས་བཞི་ལ་གནས་པ་མཚོན། འཁར་གསིལ་གྱི་རྩེར་རྒྱ་མདུད་ཡོད་པ་ནི་སྟོན་པའི་རྗེས་འཇུག་དགེ་སྦྱོང་རྣམས་ཀྱིས་བློ་ལྡོག་རྣམ་བཞི་བསྒོམ་ནས་ངན་སོང་གི་སྒོ་ཁེགས་པ་མཚོན། འཁར་གསིལ་གྱི་སྨད་ལ་བདུན་གཞོགས་ཡོད་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཐོབ་པར་འགྱུར་བ་མཚོན། འཁར་གསིལ་གྱི་སྟོད་ལ་བརྒྱད་གཞོགས་ཡོད་པ་ནི་འཕགས་ལམ་ཡན་ལག་བརྒྱད་མཚོན། རྩེ་མོར་རྭ་ཆེན་བཞི་ཡོད་པས་ནི་བདེན་པ་བཞི་མཚོན། རྭ་རེ་རེ་ལ་ཨ་ལུང་གསུམ་གསུམ་སྟེ་ཨ་ལུང་བཅུ་གཉིས་ཡོད་པས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན། སྟེང་དུ་མཆོད་རྟེན་གཉིས་ཡོད་པ་ནི་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་མཚོན། འཁོར་ལོ་གསུམ་གྱིས་ནི་ཆོས་འཁོར་གསུམ་མཚོན། ལྕགས་ཀྱུས་ནི་ཐུགས་རྗེས་འགྲོ་བ་འདྲེན་པ་མཚོན།
ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ་ནི་རབ་བྱུང་བ་རྣམས་ཀྱིས་ཟས་ཁམ་གཅིག་རྙེད་པ་ཡན་ཆད་སྟོན་པའི་བཀའ་དྲིན་ལས་བྱུང་བ་ཡིན་པས་དེ་དྲན་པའི་སྒོ་ནས་ཅི་འབྱོར་བའི་ཕུད་ཀྱིས་སྟོན་པ་ལ་མཆོད་པར་བྱ་བ་མཚོན།
འཕགས་པ་ཤཱ་རིའི་བུ་ནི། བྲམ་ཟེའི་ཡུལ་གྲོང་ན་ལ་ད་སྟེ་མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ན་ལེནྡྲ་ཞེས་པར་ཡབ་བྲམ་ཟེ་སྐར་རྒྱལ་དང་། ཡུམ་ཤཱ་རི་ཀ་གཉིས་ཀྱི་སྲས་སུ་འཁྲུངས། ཤཱ་རི་ཀ་མངལ་སྦྲུམ་པའི་དུས་ཀྱི་ཚེ་རྨི་ལམ་དུ་ལག་ན་སྒྲོན་མེ་ཐོགས་པའི་མི་ཞིག་གིས་ཁོང་གི་ལུས་ཀྱི་དཀུ་དྲལ་ཏེ་ཞུགས་པ་དང་། བདག་ཉིད་རི་ཆེན་པོའི་སྤོ་ལ་འཇོག་པ་དང་། ནམ་མཁའ་ལ་འགྲོ་བ་དང་། རང་ལ་སྐྱེ་བོ་ཕལ་བོ་ཆེས་ཕྱག་འཚལ་བ་སོགས་རྨིས་ནས་སྐར་རྒྱལ་ལ་རྨི་ལམ་རྣམས་ཇི་བཞིན་སྨྲས། སྐར་རྒྱལ་རྨི་ལྟས་ལ་མཁས་པ་དང་གཞན་ལའང་དྲིས་པས། དེ་དག་གིས་རྨི་ལམ་དེ་ནི་བཟང་སྟེ། ལག་ཏུ་སྒྲོན་མེ་ཐོགས་པས་དཀུ་དྲལ་ཏེ་ཞུགས་པ་རྨིས་པ་ནི་བུ་བཙའ་ཞིང་དེས་ལོ་བརྒྱད་གཉིས་ལ་སོན་སྐབས་དབང་བོའི་བརྡ་སྤྲོད་པ་བཀླགས་ནས་རྒོལ་བ་ངན་པ་ཐམས་ཅད་ཚར་གཅོད་པའི་ལྟས་རེད། རི་ཆེན་པོ་ལ་འཇོག་པ་སོགས་ནི་རབ་ཏུ་བྱུང་ནས་བརྟུལ་ཞུགས་གྲུབ་པའི་བདག་ཉིད་ཆེན་པོར་འགྱུར་བའི་ལྟས་རེད། རེ་ཞིག་ན་སྐར་རྒྱལ་དང་ཤཱ་རི་ཀ་གཉིས་མ་འཆམ་པར་རྩོད་པས་སྐར་རྒྱལ་ཕམ་པ་ན་དེས་བསམས་པ། འདི་ནི་འདིའི་མཐུ་མ་ཡིན་གྱི་མངལ་དུ་ཞུགས་པ་དེའི་མཐུ་ཡིན་ནོ་སྙམ། དེ་ནས་ཟླ་བ་དགུ་འདས་པ་ན་ཤཱ་རི་ཀ་ལ་ཁྱེའུ་གཟུགས་བཟང་བ། ལྟ་ན་སྡུག་པ། གསེར་གྱི་མདོག་འདྲ་བ། མགོ་གདུགས་འདྲ་བ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣའི་གཟེམས་མཐོ་བ་ཞིག་བཙས་སོ། །མེས་པོས་སྐར་རྒྱལ་གྱི་བུ་ཡིན་པས་ཉེ་རྒྱལ་ཞེས་མིང་བཏགས། སྐར་རྒྱལ་གྱི་སེམས་ལ་མེས་པོས་ཕ་ལས་དྲས་ཏེ་ཁྱེའུ་ལ་མིང་བཏགས་ན་བདག་གིས་མ་ལས་དྲས་ཏེ་མིང་གདགས་སོ་སྙམ་ནས་ཤཱ་རི་ཀའི་བུ་ཡིན་པས་ཤཱ་རིའི་བུ་ཞེས་བཏགས། དེ་ནས་བདག་ཉིད་ཆེན་པོ་དེ་མ་མ་བརྒྱད་ཀྱིས་སྐྱེད་བསྲིངས་ཏེ་ཆེར་སྐྱེས་པའི་བྱེད་ཀྱི་ཕ་རོལ་ཏུ་སོན། དགུང་ལོ་བཅུ་དྲུག་གི་ཚེ་རིག་པའི་གནས་ཚེ་རིག་བྱེད་བཞི་དང་བྲམ་ཟེའི་ལས་དྲུག་ལ་སྦྱངས་པས་བྲམ་ཟེའི་རིག་ཐམས་ཅད་བསླབས་ནས་རྒོལ་བ་ཐམས་ཅད་ཚར་བཅད་པར་གྱུར་ཏོ། །
རེ་ཞིག་ན་ཡབ་དང་ལྷན་དུ་རིག་བྱེད་འདོན་པའི་སྐབས་ཡབ་ལ་དགའ་ནས་བུ་འདིས་ནི་བདག་ལས་ལྷག་པ་ཁྱད་པར་རྟོགས་སོ་སྙམ་སྟེ་དོན་དྲིས་པ་མ་ཤེས་པ་དག་བུས་ཇི་ལྟ་བ་བཞིན་བཤད་པས་ཡབ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་གསང་ཚིག་ཀློག་ཏུ་འཇུག་པ་དེ་དག་ཀྱང་དེ་ལ་གཏད། ཉེ་རྒྱལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་གསང་ཚིག་ཀློག་ཏུ་འཇུག་པ་ན་དེས་རིག་བྱེད་རིང་བོ་རྣམས་ཐུང་ངུར་བཞག ཐུང་ངུ་རྣམས་རིང་བོར་བཞག་སྟེ་ཚིག་དང་ཡི་གེ་ཕྲི་ཞིང་དོན་དང་ངེས་པའི་ཚིག་ཏུ་བཞག དེ་ནས་པང་ནས་སྐྱེས་ཀྱིས་འགྲོབ་སྐྱོང་གི་བུ་རྫོགས་བྱེད་ཅན་དང་། གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀ་ཏའི་བུ་ནོག་ཅན་དག་ལ་ཁྱོད་ཀྱི་ཆོས་ཚུལ་ནི་གང་། སློབ་མ་ལ་གདམས་པ་ནི་གང་། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང་། ཕན་ཡོན་ནི་གང་ཡིན་པ་སོགས་དྲིས་མཐར་དེ་དག་གི་ཆོས་ཚུལ་རྣམ་དག་མ་ཡིན་པ་ཤེས་ནས་ཡོད་སྐབས་ལྷ་རྣམས་ན་རེ། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཉེ་བར་ཤཱཀྱ་གཞོན་ནུ་བྱུང་སྟེ་ན་རེ། ཁྱེད་གཉིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་རིགས་དང་། རུས་དང་། བྲམ་ཟེའི་ཁྱེའུར་སྨྲ་བར་མི་བྱ། རྒྱགས་པ་དང་། ང་རྒྱལ་བཅོམ་ནས་དེའི་དྲུང་དུ་ཚངས་པར་སྤྱོད་ཅིག་དང་། ཁྱེད་གཉིས་ཀྱིས་བདུད་རྩི་ཐོབ་པར་འགྱུར་རོ་ཞེས་སྨྲས་ནས་རྒྱལ་བོའི་ཁབ་ཏུ་བྱོན། དེའི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ་རིམ་གྱིས་བྱོན་ནས་འོད་མའི་ཚལ་ན་བཞུགས། དེའི་ཚེ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འདུལ་བའི་དུས་ལ་བབ་པར་རིག་ནས་སྟོན་པས་འདུལ་ལམ་ཉན་ཐོས་ཀྱིས་འདུལ་ལམ། རྫུ་འཕྲུལ་གྱིས་འདུལ་ལམ། སྤྱོད་ལམ་གྱིས་འདུལ་དགོངས་པ་ན་སྤྱོད་ལམ་གྱིས་འདུལ་བར་དགོངས་ནས་དེ་ལ་ལྷ་དང་མིའི་ཡིད་སྡུད་པར་བྱེད་པའི་ཚེ་དང་ལྡན་པ་རྟ་ཐུལ་བཏང་སྟེ་སོང་།
དེ་ནས་རྟ་ཐུལ་གྱིས་ཤམ་ཐབས་དང་། སྣམ་སྦྱར། ཆོས་གོས་གསུམ་བགོས། ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་བོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས། དེའི་ཚེ་ཉེ་རྒྱལ་གྱིས་ཐག་རིང་བོ་ནས་རྟ་ཐུལ་མཐོང་སྟེ་སྤྱོད་ལམ་གྱིས་ཡིད་དྲངས་ནས་དེའི་གན་དུ་སོང་སྟེ་ཁྱོད་ཀྱི་སྟོན་པ་ནི་གང་། གང་གི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ་ཞེས་དྲིས་པ་ན་དེ་ན་རེ། ཤཱཀྱའི་རིགས་ལས་རབ་ཏུ་བྱུང་ནས་སངས་རྒྱས་པ་དེ་བདག་གི་སྟོན་པ། དེའི་ཕྱིར་རབ་ཏུ་བྱུང་། དེའི་ཆོས་ལ་དགའ་འོ་ཞེས་སྨྲས་པ་ན། ཉེ་རྒྱལ་གྱིས་དགེ་སློང་ཆོས་དེ་སྟོན་ཅིག་ཅེས་ཞུས་པ་ན། རྟ་ཐུལ་གྱིས་ཁོ་བོ་ན་གཞོན་ཞིང་རབ་ཏུ་བྱུང་བ་གསར་བས་དེའི་བསྟན་པ་རྒྱ་ཆེར་འཛིན་མི་ནུས་ཀྱི་དོན་བསྟན་པར་བྱའོ་ཞེས་གསུངས་པ་ན། ཉེ་རྒྱལ་གྱིས་དགེ་སློང་ཁོ་བོ་ལ་དོན་དགོས་ཀྱི་སྟོན་ཅིག་ཞུས་པ་ན་རྟ་ཐུལ་ན་རེ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་བཤད་པ་ན་ཉེ་རྒྱལ་གྱིས་སྐྱེས་པ་རྣམས་ཀྱི་ཆོས་འདི་ཡིན། བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ། །སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །ཞེས་བརྗོད་དེ་བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས་གསུངས་ནས་ཁོང་པང་ནས་སྐྱེས་ཀྱི་སར་བྱོན་པ་ན། པང་ནས་སྐྱེས་ཀྱིས་ཉེ་རྒྱལ་ཐག་རིང་བོ་ནས་འོང་བ་མཐོང་སྟེ་ཁྱེད་ཀྱི་དབང་བོ་རྣམས་དྭངས། བཞིན་མདོག་ཡོངས་སུ་དག པགས་པའི་མདོག་ཤིན་ཏུ་དཀར་ན་ཁྱོད་ཀྱིས་བདུད་རྩི་རྙེད་དམ་ཞེས་དྲིས་པ་ན་ཉེ་རྒྱལ་གྱིས་རྙེད་དོ་ཞེས་བཤད། པང་ནས་སྐྱེས་ཀྱིས་ཉེ་རྒྱལ་ལ་ཆོས་དེ་སྟོན་ཅིག་ཅེས་བསྐུལ་བ་ན་ཉེ་རྒྱལ་གྱིས་སྔར་གྱི་ཆོས་དེ་ལན་གཉིས་བརྗོད་པས་དེས་བདེན་པ་མཐོང་ནས་བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས་སོགས་སྔར་བཞིན་དྲིས།
དེ་ནས་ཁོང་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་ཁོ་བོ་ཅག་གཉིས་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་ན་ཁྱེད་རྣམས་ཅི་བྱེད་ཅེས་དྲིས་པ་ན་དེ་རྣམས་ན་རེ། མཁན་པོ་གཉིས། བདག་ཅག་ཅི་འཚལ་བ་ཐམས་ཅད་ཁྱེད་གཉིས་ལ་བརྟེན་པ་ལགས་པས་བདག་ཅག་ཀྱང་ཁྱེད་གཉིས་ཀྱི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ་ཞེས་བརྗོད་དེ་དེ་ནས་དེ་གཉིས་འཁོར་ལྔ་བརྒྱ་དང་བཅས་ཏེ་འོད་མའི་ཚལ་དུ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དགེ་སློང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་བསྩལ་བ་དང་། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དང་། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གྱུར་ཏོ། ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་བསྩལ་བས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་བོ་རབ་ཞི་གནས་གྱུར་ཏེ། ། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཞེས་ཆེད་དུ་བརྗོད་དོ། །
འཕགས་པ་ཤཱ་རིའི་བུ་ཤེས་རབ་ཆེ་བའི་རྒྱུ་མཚན་ནི། སྔོན་ཁོང་གིས་བུད་མེད་ཞི་བི་མ་མོ་ཞེས་བྱ་བ་ཞིག་གི་སྐྱེ་བ་བཞེས་པ་ན་རང་སངས་རྒྱས་ཤིག་ལ་ཟླ་བ་གསུམ་དུ་བསོད་སྙོམས་བསྟབས། རས་ཡུག་ཆེ་བའི་ན་བཟའ་འོས་པ་ཞིག་བསྐོན། གྲི་དང་ཁབ་དང་སྐུད་པ་རྣམས་ཕུལ་བ་ན་རང་སངས་རྒྱས་དེས་ཀྱང་ཚོགས་རྫོགས་པའི་ཕྱིར་དེ་དག་བླངས་ཏེ་དེའི་མདུན་ནས་རས་ཡུག་ཆེན་པོ་ཞིག་དྲས་པ་ན། བུད་མེད་དེས་གྲི་འདིས་རྣོ་བར་རས་གཅོད་པ་དེ་ལྟར་བདག་ཀྱང་ཤེས་རབ་རྣོ་བར་གྱུར་ཅིག ཁབ་འདིས་ཟབ་མོར་འབིགས་པ་ལྟར་བདག་ཀྱང་ཤེས་རབ་ཟབ་མོར་གྱུར་ཅིག སྐུད་པ་འདི་ཐལ་བྱུང་དུ་འགྲོ་བ་ལྟར་བདག་ཀྱང་ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལྟར་རོ། །
འཕགས་པ་ཤཱ་རིའི་བུ་ཁྱིམ་འབྲིང་བོར་སྐྱེས་ནས་རབ་ཏུ་བྱུང་བ་ལ་གེགས་མེད་པར་གྱུར་བའི་རྒྱུ་མཚན་ནི། ཁོང་གིས་སྔོན་རྒྱལ་བོའི་བུ་ཞིག་ཏུ་སྐྱེ་བ་བཞེས་པའི་ཚེ་རབ་ཏུ་འབྱུང་བར་འདོད་ནས་ཡབ་རྒྱལ་བོ་ལ་ཞུས་ཀྱང་རྒྱལ་སྲིད་སྐྱོང་དགོས་ཞེས་མ་གནང་བ་ན་མི་དབུལ་བོ་ཟས་དང་གོས་ཀྱིས་ཕོངས་པ་ཞིག་མཐོང་ནས་དེ་ལ་སྨྲས་པ། ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་བརྗོད་པ་ན། མི་དེ་ན་རེ་བདག་ལ་ལྷུང་བཟེད་དང་ཆོས་གོས་མ་མཆིས་པས་རབ་ཏུ་མ་བྱུང་བ་ཡིན་ཟེར་བ་ན། ལྷུང་བཟེད་དང་ཆོས་གོས་ངས་སྦྱིན་ཞེས་མི་དབུལ་བོ་དེ་ཁྲིད་ནས་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་ཡོད་པ་དེའི་དྲུང་དུ་སོང་སྟེ་འདི་ཁྱོད་ལས་རབ་ཏུ་འབྱུང་བར་འདོད་པས་རབ་ཏུ་བྱུང་དང་ཆོས་གོས་དང་ལྷུང་བཟེད་བདག་གིས་སྦྱིན་ངེས་ཟེར། དེ་ལྟར་བྱས་ནས་བསྒོམས་པས་རང་རྒྱལ་གྱི་བྱང་ཆུབ་ཐོབ་སྟེ་ནམ་མཁའ་ལ་འཕགས་ནས་རྫུ་འཕྲུལ་བསྟན་པས་རྒྱལ་བོས་དེའི་རྐང་བ་ལ་གཏུགས་ཏེ་ཕྱག་བྱས་ནས་ན་རེ། འདིས་སྔོན་རབ་བྱུང་མ་ཐོབ་པ་ནི་དབུལ་བོར་སྐྱེས་པས་ཡིན་ལ། བདག་གིས་རབ་བྱུང་མ་ཐོབ་པ་ནི་ཁྱིམ་འདི་ལྟ་བུ་ལས་སྐྱེས་པ་ཡིན་ནོ་སྙམ་ནས་དགེ་བའི་རྩ་བ་འདིས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང་། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་སྨོན་ལམ་བཏབ་པའི་མཐུ་ཡིན་ནོ། །
འཕགས་པ་ཤཱ་རིའི་བུ་སྟོན་པའི་སྲས་ཀྱི་ཐུ་བོ་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན་པའི་རྒྱུ་མཚན་ནི། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་འདི་རབ་ཏུ་བྱུང་བའི་ཚེ་ན་དགེ་སློང་དེ་སངས་རྒྱས་འོད་སྲུངས་ཀྱིས་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན་པར་མ་ཟད། ཁོང་གིས་ཀྱང་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུ་ལྟར་ཡིན་ནོ། །
འཕགས་པ་ཤཱ་རིའི་བུ་ནི་སྟོན་པས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་པའི་ཚེ་དཀའ་བའི་གནས་ཐམས་ཅད་ལ་དྲི་བ་མཛད་ཅིང་། ཤེར་ཕྱིན་གྱི་མདོ་སྡེའི་དོན་བརྗོད་བྱ་དངོས་པོ་བརྒྱད་དོན་བདུན་ཅུའི་དང་པོ་སེམས་བསྐྱེད་ནས་བཟུང་མཐར་འཕྲིན་ལས་ཀྱི་བར་ཐམས་འགལ་རྐྱེན་གང་ཡིན་པ་དང་། མཐུན་རྐྱེན་གང་དང་གང་བསྟེན་དགོས་པ་དང་། དང་པོ་གང་ལ་བསླབ་དགོས་པ་དེ་ནས་བཟུང་སྟེ་ཅད་ལ་སོ་སོའི་ངོ་བོ་གང་ཡིན་པ་དང་། ལམ་དེ་དང་དེ་རྒྱུད་ལ་སྐྱེ་བའི་མཐར་གྱིས་བསླབ་པར་བྱ་བ་དང་། རིམ་གྱིས་བསྒོམས་པ་ལས་འབྲས་བུ་གང་དང་གང་འགྲུབ་པ་རྣམས་ཆེས་ཞིབ་པར་གནས་བརྟན་འདི་དང་། འཕགས་པ་རབ་འབྱོར་གཉིས་ཀྱིས་སྟོན་པ་ལ་ཞུས་ཏེ་གཏན་ལ་ཕབ་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་བྱང་སེམས་ཀྱི་བསླབ་བྱ་སོགས་ཐེག་པ་གསུམ་གའི་ལམ་གྱི་གནད་ཐམས་ཅད་གནས་བརྟན་ཆེན་པོ་འདིས་སྟོན་པ་ལ་ཞུས་ཏེ་གཏན་ལ་འབེབས་པར་མཛད་པས་ན་བསྟན་པ་འདི་ལ་བཀའ་དྲིན་ཟླ་མེད་དུ་ཆེ་བར་མཛད་དོ། །
འཕགས་པ་ཤཱ་རིའི་བུ་ཤེས་རབ་ཅན་གྱི་མཆོག་ཏུ་བསྔགས་པ་ནི། མདོ་ལས། དེ་བཞིན་གཤེགས་པ་མ་གཏོགས་པར། ། འཇིག་རྟེན་ཀུན་གྱི་ཤེས་རབ་གང་། །ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ །གལ་ཏེ་ལྷར་བཅས་འཇིག་རྟེན་འདི། །ཤཱ་རིའི་བུ་དང་མཉམ་གྱུར་བས། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ །ཞེས་གསུངས་པ་ལྟར་རོ། །
དེ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་ནས་བཀའ་བསྩལ་བ་ན་ཤཱ་རིའི་བུ་དང་ཀུན་དགའ་བོ་གཉིས་ཀྱིས་གཙོས་དགེ་སློང་ཐམས་ཅད་མྱ་ངན་གྱིས་ནོན་ཏེ་སྟོན་པའི་སྤྱན་སྔར་ལྷགས་པ་ན་སྟོན་པས་བཀའ་བསྩལ་བ། རྟག་ཅེས་བྱ་བ་ཅི་ཞིག་ཡོད། ཐམས་ཅད་ལ་རྟག་པ་མེད་དེ་ངས་ཁྱེད་རྣམས་ཀྱི་ཕྱིར་བྱ་བ་ཀུན་མཛད་ཅིང་། བསྟན་པ་ཡང་བསྟན་ཟིན་པས་ཁྱེད་རྣམས་མྱ་ངན་མ་བྱེད་པར་བརྩོན་བརྩོན་འགྲུས་རྩོམས་ལ་ནན་ཏན་གྱིས་ཤིག་ཅེས་་གཤེགས་པ་མྱ་བཀའ་བསྩལ་བ་ན་འཕགས་པ་ཤཱ་རིའི་བུས་དེ་བཞིན་གཤེགས ངན་ལས་འདའ་བ་ནི་ཧ་ཅང་མྱུར་ཆེས་སོ། །ལྷ་དང་བཅས་པའི་འགྲོ་བ་རྣམས་ལ་མགོན་མེད་དོ། །བདག་ནི་སྟོན་པ་མྱ་ངན་ལས་འདའ་བ་མཐོང་བར་མི་བཟོད་དོ། །ཅི་ནས་ཀྱང་བདག་སྔར་མྱ་ངན་ལས་འདའ་འོ་ཞེས་ལན་གསུམ་གྱི་བར་དུ་ཞུས་ནས་དེ་ནས་དེའི་ནུབ་མོ་ནམ་གྱི་ཆ་སྨད་ལ་ལུས་དང་སེམས་དྲང་བོར་བཞག་སྟེ་སེམས་རྩེ་གཅིག་ཏུ་བསམ་གཏན་ལ་བཞུགས་ནས་དགྲ་བཅོམ་པ་བརྒྱད་ཁྲི་དང་ལྷན་ཅིག་མྱ་ངན་ལས་འདས་སོ། །
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།