རབ་མཆོག་ལྡན་ལ་ཟླ་གྲགས་ངོ་སྤྲོད་སྨན་མཆོག་དུག་སེལ་རིལ་བུ།
2026-5-4
བླང་དོར་བའམ་ཤེས་རབ་མཆོག་ལྡན་ཞུ་བ་ཁོང་གིས་“པ་ཚབ་ཉི་གྲགས་དང་ཟླ་གྲགས་མཇལ་འཕྲད་བྱུང་ཚུལ་གྱི་སྐོར་”དེར་མ་རྟོག་ལོག་རྟོག་གིས་ཕལ་ཆེར་ཟེར་བ་དང་མ་ཡིན་ནའང་ཡིན་རྒྱུ་བ་ཤ་སྟག་བྱས་ཏེ། ང་ནི་ཚངས་པ་འོ་ཚངས་པ་ཆེན་པོ་འོ་ཞེས་པ་ལྟ་བུས་འགྲེལ་ལོག་དགའ་ཞིག་བྱས་འདུག་པ་ལ་དགག་བཞག་མདོར་བསྡུས་ཤིག་བྱེད་འདོད་དེ། ཁྱོད་ཀྱིས་ཡོངས་གྲགས་སུ་དབུ་མ་འཇུག་པ་མཛད་པ་པོ་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ 600-650 འདི་ལ་བཤད་ཀྱིན་ཡོད་ཟེར། ཟླ་གྲགས་ཀྱི་འཁྲུངས་འདས་ 600-650 འདི་ཡོངས་གྲགས་ཡིན་པ་ཁྱོད་ཀྱིས་ཐག་བཅད་དམ་སུ་ཡིས་ཐག་བཅད།
དེ་འདྲ་ཤོད་མཁན་ཡོད་པ་ཙམ་གྱིས་ཡོངས་གྲགས་རེད་དམ། ཡོངས་གྲགས་ཞེས་པའི་དོན་དང་ཐ་སྙད་ཙམ་ཡང་མ་ཤེས་པར་ཡོངས་གྲགས་ཡིན་པར་བཤད་པ་ནི་ཨུ་ཚུགས་ཀྱི་གཤིས་ཀ་ཕྱིར་སྟོན་པ་ཙམ་ལས་རིགས་པ་སྨྲ་བས་ལོ་རྒྱུས་གླེང་བ་མ་རེད། དེས་ན་ཟླ་གྲགས་ཀྱི་འཁྲུངས་འདས་གང་ཞིག་ཡིན་མིན་ནི་སྔོན་གྱི་བོད་བརྒྱུད་ནང་བསྟན་པ་རྣམས་རྩོད་གཞི་ཆེ་བ་སྟེ། བཀའ་བརྒྱུད་དང་ས་སྐྱ་པ་མང་པོས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མ་ཡིན་པར་འདོད་པ་དང་དགེ་ལུགས་པ་མང་པོས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་འདོད་པ། ཉེ་དུས་ཤར་ནུབ་ཀྱི་ཞིབ་འཇུག་པ་རེ་འགས་ཟླ་གྲགས་དུས་རབས་བདུན་པར་བྱོན་པ་བཤད་དང་། ཡང་ཉེ་དུས་ཀྱི་ཞིབ་འཇུག་པ་ཚད་ལྡན་མང་ཆེ་བས་ཟླ་གྲགས་དང་བོད་མི་འགོས་ཁུག་པ་ལྷ་བཙས་རྣམ་གཉིས་ཐུག་ཡོད་པར་འདོད་པ་སྟེ། དེའི་དངོས་པོའི་བདེན་དཔང་ལའང་དེ་གཉིས་ཀྱིས་མཉམ་དུ་«དབུ་མ་ཤེས་རབ་ལ་འཇུག་པ་»ཞེས་པ་བོད་སྐད་དུ་བསྒྱུར་ཡོད་ཚུལ་སྡེ་དགེ་བསྟན་འགྱུར་ནང་ལ་བཞུགས་ཡོད་པ་འདི་ལ་བྱེད་བཞིན་ཡོད་པ་སོགས་གང་ལྟར་ཡང་ཟླ་གྲགས་ཀྱི་འཁྲུངས་འདས་ལོ་ཚིག་ད་བར་ཡོངས་གྲགས་ཤིག་རྩ་བ་ཉིད་ནས་ཆགས་ཐུབ་མེད་དོ། །
དེ་བས་ན་ཁྱོད་ཀྱིས་ཟླ་གྲགས་འཁྲུངས་འདས་གོང་གི་དེ་ཡོངས་གྲགས་ཡིན་ཞེས་བཤད་པ་ནི་དོན་དངོས་ལ་མི་གནས་པའི་སྐད་ཆ་ཡིན་པ་ཤེས་པར་གྱིས་ཤིག། དེ་ལྟ་བུའི་འཁྲུངས་འདས་དེ་ཡོངས་གྲགས་ཡིན་ཚེ་ངས་དང་པོ་ཉིད་ནས་དེ་ལྟར་བཤད་མི་སྲིད་པ་རེད་ལ། དེ་ཉིད་ཡོངས་གྲགས་མིན་པ་དང་དངོས་ཡོད་བདེན་པའི་དཔང་རྟགས་གང་ཞིག་ཡོད་མེད་སོགས་ལ་བསམ་གཞིག་བྱས་ཏེ། བཤད་ཚུལ་གང་ཞིག་དངོས་ཡོད་དང་ཉེ་ཚུལ་ལ་བདེན་ཁ་སྦྱིན་ནས་ད་གཟོད་ཟླ་གྲགས་དུས་རབས་གང་ལ་བྱོན་ཡོད་མེད་བཤད་ཡོད་པའང་ཤེས་པར་བྱོས་ལ། དེ་རྗེས་དགག་པ་བྱེད་དགོས་སྣང་ཤར་གྱིན་འདུག་ན་འགོག་དང་། དེས་ཆོག་པ་ལས་གཞན་གྱིས་གཅིག་བཤད་པ་དེ་མ་ཡིན་པ་གཞན་ཞིག་བཤད་རྒྱུ་བྱུང་ཚེ་མཁས་པར་སྙམ་ནས་དུས་རྟག་པར་བཞུགས་མི་རིགས་རིགས་སོ། །
ཡང་ཁྱོད་ཀྱིས་ཧམ་པ་ཆེན་པོས་ཤཱནྟི་པའི་སྐབས་ལ་ཟླ་གྲགས་གཤེགས་ནས་ལོ་ངོ་བརྒྱ་ཕྲག་འགའ་རེ་ཕྱིན་ཟིན་པ་བཤད་པའང་ཉེས་བཤད་རེད། སྤྱིར་ཤཱནྟི་པ་ནི་མར་པ་ལོ་ཙཱ་བ་དང་དུས་མཉམ་ཡིན་ཏེ། མར་པའི་བླ་མ་མཻ་ཏྲི་པ་དང་ཤཱནྟི་པ་རྩོད་པས་མཻ་ཏྲི་པ་རྒྱལ་བས་མངའ་བདག་རྒྱལ་བ་མཻ་ཏྲི་པ་ཞེས་ཞུ་ཞིང་། མར་པ་དང་མཻ་ཏྲི་པ་མཇལ་ཞིང་མཻ་ཏྲི་པ་དང་ཤཱནྟི་པ་མཇལ་བས་དེ་གསུམ་པོ་དུས་རབས་གང་གི་མི་ཡིན་མིན་ངང་གིས་ཤེས་པས་སོ། །
དེ་དོན་སྐོར་འབྲེལ་ཡོད་ཡིག་ཆ་རྣམས་སུ་རྒྱས་པར་གསལ་བས་ལུང་འདྲེན་བྱེད་མི་དགོས་ལ། སྤྱིར་ཤཱནྟི་པ་ཁོང་«སྙིང་པོ་མཆོག་»ཅེས་པ་མཛད་མཁན་དེ་ཡིན་ཞིང་། མ་གཞི་ནས་ཁོང་ནི་ཇོ་བོ་རྗེའི་བླ་མ་ཡོངས་གྲགས་ལ་ཤཱནྟི་པ་ཞུ་བ་ཁོང་རེད། ཁོང་གི་མཚན་ལ་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པའམ། རིན་ཆེན་འབྱུང་གནས་ཞི་བ་ཞེས་ཞུ་ཞིང་། ཁོང་དཔལ་ལྡན་ཨ་ཏི་ཤའི་བླ་མ་ཡིན་ཚུལ་ནི་རྗེའི་«ལམ་རིམ་ཆེན་མོ་»ལས། “བསྟོད་པ་ལས། རྟག་ཏུ་བསྟེན་པའི་བླ་མ་ནི། །ཤཱནྟི་པ་དང་གསེར་གླིང་བ། །བྷ་དྲ་བོ་དྷི་ཛྙ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང་། །ཁྱད་པར་དུ་ནི་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན། །ཞེས་གསུངས་པ་ལྟར་ཏེ།” ཞེས་བྱུང་བ་ལྟར་རོ། །ཁོང་གི་ལོ་རྒྱུས་རྒྱས་པ་ནི་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་«གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་»ལས་གསལ་བས་འདིར་རྒྱས་བཤད་མི་དགོས་སོ། །དེས་ན་ཤཱནྟི་པས་ཟླ་གྲགས་ལ་དགག་པ་བྱས་པས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་མི་གྲུབ་ལ། ཤཱནྟི་པའི་རྗེས་སུའང་ཟླ་གྲགས་བཞུགས་ཡོད་ཚུལ་སྐབས་དེ་དུས་ཟླ་གྲགས་ནག་གསེབ་ལ་སྤྱོད་པར་གཤེགས་ནས་བཞུགས་ཚུལ་པ་ཚབ་དང་ཤ་ར་བའི་དབུ་མའི་དྲིས་ལན་ལས་གསལ་བས་སོ། །
ལྷག་པར་ཙནྡྲ་གོ་མི་དུས་རབས་བདུན་པར་འཁྲུངས་ཚུལ་རེ་འགས་བཤད་མོད། དེ་ཙམ་གྱིས་དེར་ཐག་ཆོད་ག་ལ་ཐུབ་སྟེ་མི་ཐུབ་ཅིང་། ཙནྡྲ་གོ་མིའི་འཁྲུངས་འདས་ཀྱང་རྩོད་གཞི་ཅན་རེད། རྩོད་གཞི་དེ་དག་རྒྱ་གར་ལ་སྐབས་དེ་དུས་ལོ་ཚིག་གམ་མཁས་པ་རྣམས་ཀྱི་འཁྲུངས་འདས་གང་ཡིན་ལ་སྣང་ཆེན་མ་བྱས་པ་སོགས་ཀྱིས་སྐྱོན་ཡིན་ཚུལ་ཤར་ནུབ་ཀྱི་ཞིབ་འཇུག་པ་མང་པོས་ཤོད་བཞིན་པ་ཡིན་མོད་ཀྱང་། ཁྱོད་ལ་ནི་ཙནྡྲ་གོ་མི་དུས་རབས་བདུན་པར་བྱོན་པའི་དཔང་རྟགས་རྩོད་མེད་ཅིག་ཙནྡྲ་གོ་མིའི་འཇའ་ལུས་སྐུ་ཡིས་བཤད་པ་འདྲ་ཡིན་ན་མ་གཏོགས་གཞན་ཙནྡྲ་གོ་མི་དུས་རབས་བདུན་པར་བྱོན་ཚུལ་ཡིན་ཤག་ཤག་གིས་ཐག་ཆོད་སྔ་པོ་དེ་འདྲ་བྱེད་མི་རིགས་སོ། །
དེས་ན་སོ་སྐྱེས་ཕལ་པས་ཀྱང་ལོ་ངོ་བརྒྱ་དང་བཅུ་ཕྲག་འགའ་ཤས་ཀྱི་རིང་ལ་བསྡད་ཐུབ་མཁན་མང་པོ་ཡོད་པས་ཟླ་གྲགས་ཀྱང་སྐུ་ཚེ་རིང་པོར་བཞུགས་ཡོད་ཤས་ཆེ་བ་ཡིན་པ་ལས་ཁྱོད་ཀྱིས་ཕོ་ཚོད་ལྟར་ཟླ་གྲགས་ལོ་བཅུ་ཕྲག་འགའ་རེའི་རྗེས་ཙམ་ནས་གཤེགས་ཟིན་པ་དེ་འདྲ་མ་ཡིན་ནོ། །
སྤྱིར་རྒྱ་བོད་ཆོས་འབྱུང་ཁག་དང་དུང་དཀར་ཚིག་མཛོད་སོགས་ལས་“མཁན་ཆེན་བོ་དྷི་ས་ཏྭ་ཁོང་། བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོར་དགུང་ལོ་དགུ་བརྒྱ་ལྷག་ཙམ་བཞུགས་པ་དང༌། བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་སྲིད་དབང་སྐྱོང་སྐབས་མཁན་ཆེན་འདིས{{མདོ་སྡེ་དཔང་སྐོང་ཕྱག་རྒྱ}}སོགས་བསྣམས་ནས་བོད་དུ་ཕེབས་པ་སྐབས་འདིའི་མཚན་ལི་ཐེ་སི་སྟེ་བློ་སེམས་འཚོ་ཟེར་བ་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་གཞི་ནས་བོད་དུ་གདན་དྲངས་ཏེ་བྱོན་པ། མཁན་ཆེན་འདི་སྐུ་ཚེ་ཡང་ཧ་ཅང་རིང་པོ་བཞུགས་པར་བརྟེན་སྐུ་ཚེ་སྟོད་དང༌བར་སྨད་བཅས་ཀྱི་སློབ་མ་མང་པོ་ཡོད་ཅེས་གསུང་སྲོལ་འདུག་”ཅེས་བྱུང་བ་ལྟར་ཟླ་གྲགས་ཀྱང་ལོ་བརྒྱ་ལས་ལྷག་པ་ཡུན་རིང་པོར་བཞུགས་མེད་ཅེས་པ་ཧམ་ཆེན་པ་དག་གིས་མ་གཏོགས་བཤད་མི་ཐུབ་བོ། །
ཡང་ཁྱོད་རང་གིས་ཟླ་གྲགས་ཀྱིས་བྱ་རྒྱུད་ལས་བསྟན་པ་ལྟར་ཚེ་ཡི་རིག་འཛིན་རྙེད་མེད་པ་རྟོགས་སོང་ངམ། དེ་འདྲ་རྟོགས་མེད་ཚེ་ཚོད་དཔག་དེ་འདྲ་ད་ནས་བཟུང་བཤད་མ་ཡོང་རོགས། ཁྱད་པར་དུ་ཤེས་རབ་སྒྲོན་མེའི་འགྲེལ་བཤད་ནང་དུ་ཟླ་གྲགས་ཀྱི་རྩ་ཤེར་འགྲེལ་པ་བགྲང་ཞེས་ཁྱོད་ཀྱིས་བཤད་འདུག། འོ་ན་ཤེས་རབ་སྒྲོན་མེའི་འགྲེལ་བཤད་ལས་ཟླ་བའི་རྩ་ཤེར་འགྲེལ་བའི་ཚིག་དྲངས་པ་རྣམས་གང་དག་ཡིན་ནམ། རེ་རེ་བཞིན་འདི་དང་འདི་ཡིན་ཞེས་སྟོན་ཤོག་དང་། སྡེ་དགེ་བསྟན་འགྱུར་ནང་ཟླ་གྲགས་ཞེས་པའི་མིང་མངོན་པ་ཙམ་གྱིས་གང་དེ་དབུ་མ་ལ་འཇུག་པ་རྩོམ་པ་པོ་ཟླ་གྲགས་ཡིན་པས་ཁྱབ་བམ། སྤྱིར་ཟླ་གྲགས་ཀྱི་གསང་སྔགས་སྒྲོན་གསལ་རིན་བཟང་སོགས་ཀྱིས་བསྒྱུར་ཞིང་། ཚིག་གསལ་དང་དབུ་མ་ལ་འཇུག་པ་རིག་པ་དྲུག་ཅུ་པའི་འགྲེལ་བཤད་སོགས་པ་ཚབ་ཀྱིས་བསྒྱུར་ཡོད་པ་ལས་དེ་རྣམས་ཀ་ཅོག་ཞང་གསུམ་གྱིས་མ་བསྒྱུར་བའི་རྒྱུ་མཚན་གང་ཡིན་ནམ། ལེགས་པར་སོམས་ལ་དེ་རྗེས་ལན་འདེབས་བྱོས་ཤིག །
ལྷག་པར་དུ་ཁྱོད་ཀྱིས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པའི་བཤད་སྒྲོས་དེ་རྒྱ་འགྲེལ་ཁག་ནས་བྱུང་ཚུལ་དང་དེ་ཙོང་ཁ་པའི་གསར་བཤད་ཙམ་མིན་པ་སོགས་བཤད་དེ། གཞན་ལུགས་ཀྱི་ཕྱོགས་འཛིན་ནས་བཀའ་བརྒྱུད་པ་འགོག་མཁན་ཁྱེད་ཅག་ལེགས་པར་ཉོན་ཞིག། སྤྱིར་རྒྱ་གར་ནང་པའི་གཞུང་ལུགས་ཡིན་ན་ཚད་ལྡན་ཚུལ་མཐུན་ཡིན་པས་ཁྱབ་པ་མེད་ཅིང་། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཤད་པའི་ཕྱོགས་གཏོགས་དེ་རིགས་ནི་མ་གཞི་ནས་ནོར་འཛོལ་རེད། ཟླ་གྲགས་ངོར་ལེགས་ལྡན་འབྱེད་ཀྱི་དབུ་མའི་ལྟ་གྲུབ་རྣམས་ནོར་འཛོལ་རེད་ལ་ལེགས་ལྡན་འབྱེད་ཀྱི་ངོར་ཟླ་གྲགས་ཀྱི་སྐྱེ་བ་སྔ་མ་སངས་རྒྱས་བསྐྱངས་ཀྱི་རྩ་ཤེར་འགྲེལ་བཤད་སོགས་འཁྲུལ་བཤད་རེད། དེ་ཚུལ་ཐལ་རང་གི་སློབ་དཔོན་དག་ཕན་ཚུན་རྩོད་སྐབས་སུ་ང་བདེན་ཁྱོད་རྨོངས་ཀྱི་སྐོར་རྫོགས་རྒྱུ་མེད་པ་ཞིག་བྱས་པས་སོ། །
ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པའི་ཤེས་བྱེད་ཀྱི་ཁུངས་ནི་རྗེ་མི་བསྐྱོད་པའི་«དྭགས་བརྒྱུད་གྲུབ་ཤིང་»ལས་“རྗེ་མར་པ་ལོ་ཙཱའི་གསུང་བཀའ་བཞི་བརྒྱུད་པའི་ལོ་རྒྱུས་རྣམ་ཐར་གྱི་ཡིག་རྙིང་དུ་ཟླ་གྲགས་ལ་ལུང་བསྟན་གྱི་ཆེ་བ་ཞེས་རྣམ་པར་ཐར་པ་ཆེས་ཆེ་བར་བསྔགས་པར་མཛད་པ་ཡིན་ཏེ། མགོན་པོ་ཀླུ་མྱ་ངན་ལས་འདས་ནས་ནཱ་ལནྡ་པ་རྣམས་ཀྱིས་འཇིག་རྟེན་དུ་ཉི་མ་ནུབ་བོ་ཞེས་ངུས་པས་མཁའ་འགྲོ་མང་པོས་ནམ་མཁའ་ལ་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །”ཞེས་བྱུང་ཡོད་པས་སོ། །གང་དེ་རྗེ་མི་བསྐྱོད་པའི་གསུང་པ་ཙམ་མ་ཡིན་པར་མར་པ་ལོ་ཙཱའི་གསུང་བཀའ་བཞི་བརྒྱུད་པའི་ལོ་རྒྱུས་རྣམ་ཐར་གྱི་ཡིག་རྙིང་ལས་བྱུང་བ་རྒྱལ་བ་མི་བསྐྱོད་པས་ཁུངས་སུ་དྲངས་པ་ཞིག་རེད། དེས་ན་ཁྱོད་ཀྱིས་བཀའ་བརྒྱུད་གོང་མ་མར་པ་ལོ་ཙཱ་བར་བསྐུར་འདེབས་བྱས་པ་ཡིན་ཏེ། མར་པས་ཟླ་གྲགས་ནི་ཀླུ་སྒྲུབ་གཤེགས་པའི་ལོ་ལྔ་བརྒྱའི་རྗེས་སུ་བྱུང་བ་གསུངས་པ་གང་ཞིག། ཁྱོད་ཀྱིས་ནི་དེ་ལས་ལོག་སྟེ་གཞན་ལུགས་ཀྱི་ཕྱོགས་བཟུང་ནས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་བཤད་པས་སོ། །
ཁྱད་པར་དུ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པའི་བདེན་དཔང་རི་ལས་ཆེ་བ་དངོས་ནི་ཟླ་གྲགས་རང་གིས་བཤད་པའི་འཇུག་པ་རང་འགྲེལ་གྱིས་བྱེད་ཐུབ་སྟེ། དེ་ཉིད་ལས་“གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་”ཞེས་བཤད་པས་སོ། །དེས་ཟླ་གྲགས་ཆོས་སྐྱོང་སོགས་ཀྱི་རྗེས་སུ་བྱུང་བ་ཆེས་གསལ་པོར་ཤེས་ངེས་ཡིན་པས་སོ། །
ཡང་ཁྱོད་རང་དབུ་འཁོར་ས་ནི་ཀུན་མཁྱེན་མི་བསྐྱོད་པའི་«ཡིད་མཚོ་བཞད་གར་»གྱི་ཚིག་དུམ་སྒྲ་ཇི་བཞིན་པར་བཟུང་ནས་འཁྲུལ་འདུག་པས་ཁྱོད་ལ་འཁྲུལ་སེལ་འདི་ལྟར་བྱེད་དགོས་འདུག་སྟེ། འོ་ན་མར་པ་ལོ་ཙཱ་བས་ཟླ་གྲགས་མཇལ་བའི་སྐོར་དེ་དང་ཟླ་གྲགས་དང་པ་ཚབ་མཇལ་བའི་སྐོར་དེ་གཉིས་དག་སྣང་མིན་པར་ལོ་རྒྱུས་དངོས་གནས་པ་ཡིན་པ་ཐལ། ཡིད་མཚོ་བཞད་གར་གྱི་འགྲེལ་ཆེན་ལས་རྗེ་མི་བསྐྱོད་པས་“ཟླ་གྲགས་འཛམ་བུའི་གླིང་དུ་ཟུང་འཇུག་གྲུབ་པའི་སྐུ་སྟེ་ཉིད་ཀྱིས་འཇུག་པ་རྒྱུན་རིང་པོར་མ་བརྟུལ་བ་ཡིན་པར་”གསུངས་པའི་ཕྱིར། ཡིད་མཚོ་བཞད་གར་གྱི་གསུང་དུམ་ཁྱོད་རང་གིས་དྲངས་པ་དེ་སྒྲ་ཇི་བཞིན་པའང་ཁྱོད་རང་གིས་ཁས་བླངས་པའི་ཕྱིར། འདོད་ན། རྩ་བའི་དམ་བཅའ་རྦད་དེ་ཤོར་བ་སྟེ། གོང་དུ་ཟླ་གྲགས་འཁྲུངས་འདས་ལོ་ཚིག་ 600-650 འདི་ལ་བྱས་པ་ཕམ་ཉེས་ཤོར་བས་སོ། །དེས་ན་རང་གི་འདོད་པ་དང་མཐུན་པ་ཞིག་བྱུང་ན་སྒྲ་ཇི་བཞིན་པར་འདོད་པ་དང་། རང་གི་འདོད་པ་དང་མི་མཐུན་པ་ཞིག་བྱུང་ན་དབུ་མ་ལ་འཇུག་པའི་རང་འགྲེལ་སོགས་ཆ་ཚང་གཡུགས་རྐྱང་བྱེད་པའི་གཤིས་ཀ་རྩུབ་པོ་དེ་ད་ནས་བཟུང་དོར་དགོས་སོ། །ཡང་རྗེ་མི་བསྐྱོད་པའི་ཡིད་མཚོ་བཞད་གར་གྱི་ལུང་དེར་རྩོད་སྤོང་སྐོར་གཞན་ཞིག་འོག་ཏུའང་བྱའོ། །
གཞན་ཡང་ཟླ་གྲགས་དང་མར་པ་ལོ་ཙཱ་བ་མཇལ་བའི་སྐོར་ཇི་ལྟར་ཡོད་དམ་ཟེར་ན། དེ་ཡང་རང་ལུགས་ཡིག་ཆ་«དགོངས་གཅིག་འགྲེལ་ཆེན་»ལས་“རྗེ་མར་པས་རྒྱ་གར་དུ་ནཱ་རོ་པ་འཚོལ་བའི་ལམ་ཞིག་ན། ནགས་ཆེན་པོ་ཞིག་གི་དབུས་སུ་མེ་དཔུང་འབར་བའི་དཀྱིལ་ན་རལ་གྲིའི་རྩེ་མོར་དགེ་སློང་སྐྱིལ་ཀྲུང་བཅས་པ་ཞིག་འདུག །ཁྱེད་ཅི་བྱ་བ་ཡིན་བྱས་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་གསུང་། འོ་ན་ཟླ་བ་གྲགས་པ་ལགས་སམ་བྱས་པས་དེ་སྐད་ཟེར་གསུང་། མེས་མི་གནོད་པ་ལགས་སམ་ཞུས་པས། རྩ་བ་ཤེས་རབ་ཀྱི་མེ་དང་བུད་ཤིང་བརྟགས་པའི་དོན་སེམས་པས་མི་སྟོ་”ཞེས་གསུངས་པ་ལྟ་བུ་རེད།
དེ་ཚོ་ཟླ་བས་རི་མོའི་བ་ལས་འོ་མ་བཞོས་པ་དབུ་མ་ལ་འཇུག་པར་བཤད་པ་དང་གཅིག་མཚུངས་རེད་ལ། དེ་ཡང་ཟླ་གྲགས་ཀྱི་ཡེ་ཤེས་སྐུ་མ་ཡིན་ཏེ། དགེ་སློང་སྐྱིལ་ཀྲུང་བཅས་པ་དེ་ཡིན་པའི་ཕྱིར། ཡེ་ཤེས་སྐུས་སྐྱིལ་ཀྲུང་བཅས་པ་སོགས་མེད་པའི་ཕྱིར། ཡེ་ཤེས་སྐུ་ནི་མ་གཞི་ནས་ཡེ་ཤེས་ཡིན་པ་ལས་གང་ཟག་མིན་པས་སོ། །གང་ཟག་གམ་དགེ་སློང་ཡིན་ན་ཡེ་ཤེས་ཡིན་པར་འགལ་ལ། ཡེ་ཤེས་ཡིན་ནའང་གང་ཟག་གམ་དགེ་སློང་མ་ཡིན་པས་ཁྱབ་སྟེ། ཡེ་ཤེས་སྐུར་མིའི་རྐང་པ་ལ་སོགས་མེད་པས་སོ། །
གཞན་ཡང་ཟླ་གྲགས་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ན་ཡང་དངོས་སློབ་མ་ཡིན་པའི་ཚུལ་ཤེས་དགོས་ལ། དངོས་སློབ་དང་སློབ་མའི་བར་ལ་རྣམ་དབྱེ་འབྱེད་དགོས་ལུགས་དེ་ངས་བཤད་པ་ཙམ་མིན་པར་རང་ལུགས་ཡིག་ཆར་གསལ་བ་སྟེ། སི་ཏུ་ཆོས་འབྱུང་གི་བཀའ་འབུམ་ལས་“སློབ་དཔོན་ཟླ་གྲགས་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་མིན་འགའ་ཞིག་གི་དཔྱད་གཞི་བྱུང་ཡང་། པཎ་ཆེན་ཇོ་བོ་རྗེ་སོགས་ཀྱི་ཟླ་གྲགས་སློབ་དཔོན་ཀླུ་སྒྲུབ་ཏུ་ཐག་བཅད་ཀྱང་ཏཱ་ར་ན་ཐ་སོགས་ཀྱིས་སློབ་མ་ཨཱརྱ་དེ་ཝ། དེ་བས་ཀྱང་སློབ་མ་གཉིས་ཀྱི་རབ་ཙམ་ལས་འཕྱེས་པར་ཟླ་གྲགས་བྱོན་པ་དངོས་སློབ་མིན་པ་ཐག་བཅད་པ་སོགས་ཡོད་པ། དཱི་པཾ་ཀ་རའི་གསུངས་དེ། དངོས་སློབ་ཡིན་པ་ལ་དགོངས་པ་མིན་ཀྱང་། སློབ་དཔོན་ཀླུ་སྒྲུབ་ངོ་བོ་ཉིད་མེད་པར་སྟོན་པ་རྣམས་ཀྱི་གཞུང་དུ་གྱུར་ཕྱིར། ཟླ་གྲགས་ཀྱང་རང་སྟོང་སྨྲ་བའི་མཆོག་ཡིན་པས། དེའི་བཞེད་པ་དེས་བསྐྱང་པ་ལྟ་བུ་ལ་སློབ་མ་ཞེས་རྒྱ་གར་པའི་ངག་སྒྲོས་སུ་འབྱུང་བས་དེ་ལྟར་གསུངས་པ་ཡིན་གྱི་གུང་བསྒྲིགས་ཀྱང་མི་འགྲིགས་པས་དངོས་སློབ་མིན་ནོ་གསུངས།”ཞེས་པ་ལྟར་རོ། །
གཞན་ཡང་ཁོ་བོས་མི་བསྐྱོད་པ་ཞེས་པའི་དྲྭ་ཚོམས་སུ་ཁ་ས་ཁྱེད་རང་ལ་གནོད་བྱེད་གཏོང་སྐབས་སུ་ཁྱོད་ཀྱིས་“རིགས་ཚོགས་མཛད་པ་པོའི་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་ནའང་རིམ་ལྔ་མཛད་པ་པོའི་ཀླུ་སྒྲུབ་ཀྱི་སློབ་མ་རེད་”ཅེས་ལན་འདེབས་བྱས་པ་སྟེ། ཟླ་བ་གྲགས་པ་རྩ་བ་ཤེས་རབ་མཛད་པ་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་བཤད་པ་དེའང་རྩ་བའི་དམ་བཅའ་གཉིས་པ་ཤོར་བའི་དཔང་རྟགས་ཡིན་པས་ད་ནི་བག་ཡོད་པར་མཛོད་ཅིག ཡང་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་གྱི་དོན་ལ་མཁས་པའི་མཁས་པ་ཏཱ་ར་ནཱ་ཐས་«དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་»ཞེས་པའི་ནང་ལ་དགག་པ་འདི་ལྟར་མཛད་ཡོད་པའང་ཆེས་གསལ་པོར་ཤེས་དགོས་ངེས་ཡིན་ཏེ། དེ་ཉིད་ལས་“བོད་མང་པོ་རྣམས་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་དང་ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང་། རྩོད་པ་བྱས་སྐད་པ་དང་སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་ཞེས་ཟེར་བ་སོགས་རིག་པས་དྲས་པའི་བཅོས་བགྲོས་ཙམ་དུ་སྣང་། ཁ་ཅིག་དེ་དག་བཀག་ནས་དཔྱོད་པ་དག་དག་མོར་བྱས་ནས་དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན། ལེགས་ལྡན་གྱི་བསྙེན་རྫོགས་མཁན་པོའང་ཀླུ་སྒྲུབ་ཡིན། ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་ཟེར་ཏེ། འཕགས་པ་ལྷ་ལྟ་བུ་གཉིས་ཀའི་ཁུངས་སུ་བྱེད་པ་དེ་བཞུགས་བཞིན་དུ་དེ་གཉིས་གྲུབ་མཐའ་ཐ་དད་དུ་གྱེས་དོན་ག་ལ་ཡོད། དཔྱོད་ལྡན་ཡོད་ན་དེ་འདྲ་ལ་སུ་ཞིག་ཡིད་ཆེས་བྱ།”ཞེས་བྱུང་བས་ན་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་འདོད་མཁན་གྱི་རིགས་སུ་གནས་པ་རྣམས་ནི་མཁས་པ་ཆེན་པོ་ཁོང་གིས་དཔྱོད་ལྡན་མིན་པར་བསྟན་འདུག་པས་ཁོང་ལའང་གུས་ཞབས་མཛོད་ཅིག།
ཡང་པ་ཚབ་ཉི་གྲགས་ཀྱིས་མཇལ་བའི་ཟླ་གྲགས་དེ་ཟླ་བ་གྲགས་པ་དངོས་གནས་པ་མིན་པར་ཟླ་གྲགས་ཀྱི་ཡེ་ཤེས་སྐུ་ཡིན་པར་འགྲེལ་ལམ། འགྲེལ་ཚེ་པ་ཚབ་ཀྱིས་མཇལ་བ་དེ་ཟླ་གྲགས་ཀྱི་ཡེ་ཤེས་སྐུ་མ་ཡིན་པ་ཐལ། དེས་ཆོས་གོས་སོགས་གྱོན་ཡོད་པ་གང་ཞིག། དེ་ལ་མི་དངོས་གནས་པ་ལྟར་སྨྲེ་བ་ནག་པོའང་ཡོད་ཚུལ་པ་ཚབ་ཀྱིས་མཇལ་བའི་ཕྱིར། དེའི་སྐོར་དཔེ་ཆ་དེར་གསལ་བའི་ཕྱིར། དེས་ན་པ་ཚབ་ཀྱིས་མཇལ་བ་དེ་ཡེ་ཤེས་སྐུར་འདོད་པ་དང་དེས་ཆོས་གོས་སོགས་གྱོན་པ། སྨྲེ་ནག་ཀྱང་ཡོད་པར་འདོད་པ་སོགས་ནང་འགལ་ལགས་སོ། །ཟླ་གྲགས་ཀྱི་ཡེ་ཤེས་སྐུར་དེ་ལྟར་མེད་པར་འདོད་ཚེ། འོ་ན་པ་ཚབ་ཉི་གྲགས་དེར་འཁྲུལ་བ་ཐལ། འདོད་ན། འཇིག་རྟེན་མིག་གྱུར་ལོ་ཙཱ་བ་ཆེན་པོ་རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པའི་བླ་མ་ཆེན་པོ་སྟེ། ཁོང་ལ་དབུ་མའི་ལྟ་གྲུབ་གསུང་མཁན་པ་ཚབ་ཉི་གྲགས་དང་ཟླ་གྲགས་མཇལ་བའི་རྣམ་ཐར་དེ་དངོས་བྱུང་ལོ་རྒྱུས་མིན་པར་པ་ཚབ་ཉི་གྲགས་འཁྲུལ་བའི་ལོག་ཤེས་ཡིན་པར་རྟོགས་མཁན་ཨ་རོགས་ཁམས་པ་ཁྱེད་རང་ངོ་མཚར་ཆེའོ། །
གཞན་ཡང་ཁྱོད་རང་གིས་སྙེ་ལྕེ་བཙན་ཕྲུག་ང་ལ་དགག་པ་ལན་གཉིས་བྱས་པ་ལས་དང་པོའི་ནང་དུ་“རྒྱ་གར་པཎ་གྲུབ་རྣམས་ཀྱི་ལོ་རྒྱུས་དག་སྣང་ཞལ་གཟིགས་ཀྱི་ལོ་རྒྱུས་མང་པོ་འདྲེས་ཡོད་ཟེར་བ་སོགས་དང་། དེ་ལ་བརྒྱུད་པའི་ནང་ནས་ཉེ་བརྒྱུད་ཅེས་ཡོངས་སུ་གྲགས་པ་ཞིག་ཀྱང་བྱུང་ཡོད་”ཅེས་ཟེར་བ་སོགས་དང་། ཡང་ཁྱོད་ཀྱིས་“ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཤད་པ་དང་མིན་པར་བཤད་པའི་བཤད་སྒྲོས་གཉིས་ཀྱང་དེ་ལྟར་ཡིན། དེ་བས་རང་རེའི་ཀར་ལུགས་པའི་ཡིག་ཆའི་ནང་དུའང་ཕྱོགས་གཉིས་ཀ་བཤད་ཡོད་དེ། དཔེར་ན་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་དུས་འཁོར་གྱི་རྩིས་འགྲེལ་ཡིད་མཚོ་བཞད་གར་གྱི་འགྲེལ་ཆེན་དུ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་ནན་གྱིས་གསུངས་ཤིང་སྐུ་གསུམ་ངོ་སྤྲོད་དུ་དེ་དང་མཐུན་པར་གསུངས་ཡོད་པ་དང་དྭགས་བརྒྱུད་གྲུབ་ཤིང་དུ་ཀླུ་སྒྲུབ་འདས་ནས་ལོ་བཞི་བརྒྱའི་མཚམས་སུ་ཟླ་གྲགས་བྱོན་པར་གསུངས་པ་ལྟ་བུའོ་”ཞེས་ཟེར།
དེ་ལྟར་ན་རང་ལུགས་ལ་རྩིས་འགྲེལ་ཡིད་མཚོ་བཞད་གར་གྱི་འགྲེལ་ཆེན་ནང་ལ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཤད་པ་དེ་ལོ་རྒྱུས་དངོས་དེ་མིན་པར་ཉེ་བརྒྱུད་དག་སྣང་གི་ཕྱོགས་དེ་ཡིན་པ་ཐལ། རང་རེས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་གཉིས་ཀར་བཤད་ཅིང་དེའི་སྐྱོན་སྤོང་ལ། དངོས་སློབ་ཡིན་པར་བཤད་པ་དེ་རིགས་ནི་དག་སྣང་ཞལ་གཟིགས་ཀྱི་ཕྱོགས་ཉེ་བརྒྱུད་ཡིན་ཚུལ་དང་། དངོས་སློབ་མིན་པར་བཤད་པ་དག་ནི་ལོ་རྒྱུས་དངོས་ཀྱི་ཕྱོགས་རིང་བརྒྱུད་དེ་ཡིན་པའི་དབྱེ་འབྱེད་བྱས་པའི་ཕྱིར། ཐལ་འགྱུར་དེར་འདོད་ན། ཁྱོད་རང་གིས་སྙེ་ལྕེ་བཙན་ཕྲུག་ལ་དགག་པ་གཉིས་པ་བྱས་པའི་དུམ་མཚན་ནང་དུ་གཞན་ལུགས་ཀྱི་ཕྱོགས་འཛིན་ནས་ཡིད་མཚོ་བཞད་གར་གྱི་ལུང་ཡང་དྲངས་ཏེ། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་དང་རྒྱ་གཞུང་ལྟར་སྣང་འགའ་རེའང་དྲངས་ནས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་བཤད་པའི་རྩ་བའི་དམ་བཅའ་རྦད་དེ་ཤོར་བ་ལ་དྲན་གསོ་བྱོས་ཤིག །
ཡང་ཁྱོད་རང་གིས་ང་ལ་དགག་པ་དང་པོ་བྱས་པའི་ནང་ལ་“ཡོངས་གྲགས་སུ་ཨབྷྱའི་ལོ་ཚིག་ནི་ 1090-1130 ཡིན་ཟེར། དེ་ཡོངས་གྲགས་ཡིན་པ་སུས་ཐག་བཅད་དམ། ཡང་དེར་ཁྱོད་ཀྱིས་“པ་ཚབ་ཀྱི་འཁྲུངས་ལོ་ནི་ཕལ་ཆེར་ 1055 ལ་ཁེལ་ཡོད་”ཟེར་བ་དང་། ཡང་ཁྱོད་ཀྱིས་“སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཡོངས་གྲགས་སུ་ཁོང་གི་འཁྲུངས་འདས་ལོ་ཚིག་ནི་ཕལ་ཆེར་ 850-899 ལ་ཁེལ་ཡོད་”ཅེས་སོགས་ཟེར། ཕལ་ཆེར་དང་ཧ་ལམ། ཡིན་ས་མི་གདའ་ནས་ཞེས་སོགས་བཤད་དེ། མཁས་པ་དེ་ཚོའི་འཁྲུངས་འདས་ལོ་ཚིག་ཡོངས་གྲགས་ཡིན་པ་ཐག་ཇི་ལྟར་ཆོད་དམ། འཛམ་གླིང་གི་ལོ་རྒྱུས་མཁས་པ་དག་གིས་ནི་སྔོན་བྱོན་མཁས་པ་ཚོའི་འཁྲུངས་འདས་ལོ་ཚིག་གསལ་པོ་མ་ཤེས་པ་དང་རྩོད་གཞི་ཅན་ཚོར་སྐད་ཆ་དྲང་པོ་བཤད་ནས་དེའི་འཁྲུངས་འདས་ལོ་ཚིག་ཁ་གསལ་མེད་ཅེས་ཤོད་བཞིན་ཡོད་པ་ལས། ཁྱོད་རང་ནང་བཞིན་མྱུར་དུ་ཡོངས་གྲགས་དང་ཕལ་ཆེར་སོགས་ཟེར་ནས་ལམ་སེང་ཡིན་ཤག་ཤག་བྱེད་བཞིན་མེད་པས་ན། ད་ནས་བཟུང་ཧམ་གཤིས་ཀྱིས་དེ་འདྲ་བཤད་མ་ཡོང་རོགས། ཁྱེད་རང་བཤད་མཁན་ངོ་མི་ཚ་ནའང་ཁོང་ཚོ་ཉན་མཁན་ངོ་ཚ་རོགས་རེད་དོ། །
སླར་སྨྲས་པ།
གཞན་ལུགས་ཕྱོགས་སྔར་བཞག་ནས་འགོག་པའི་ཚེ། །བཀའ་བརྒྱུད་མིང་ཅན་འགའ་ཞིག་འུར་བ་མཚར། །
རང་ལུགས་དོར་ནས་གཞན་ལུགས་འཛིན་མཁས་པ། །དེང་དུས་བཀའ་བརྒྱུད་འགའ་ཡི་ལོག་རྣམ་ཡིན། །
༢༠༢༦-༥-༤ སྙེ་ལྕེ་བཙན་ཕྲུག་གིས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།