༄༅། །དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།
གསེར་གླིང་དུ་བྱོན་པའི་རྣམ་ཐར་ལམ་ཡིག་ཆུང་བ་གསང་སྐོར་མ་འབྲོམ་གྱིས་ནག་ཚོ་ལ་གསུངས་པའི་སྐོར་རྣམས་བཞུགས།
༼འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ (1004/1005-1064) མཛད།༽
༄༅། །རྒྱ་གར་སྐད་དུ། །གུ་རུ་གུ་ཎ་དྷརྨཱ་ཀ་རཱ་ནཱ་མ། བོད་སྐད་དུ། བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ། བསྟན་པའི་རྩ་ལག་སྐྱེས་མཆོག་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །
སྐྱེ་རྒུ་ཉོན་མོངས་ཚད་པས་གདུང་བ་ལ། །ཆོས་ཀྱི་དབྱིངས་ནས་བྱམས་པའི་སྤྲིན་བྱུང་སྟེ། །ཐུགས་རྗེའི་ཆར་གྱིས་གདུང་བ་སེལ་མཛད་པའི། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གུས་བཏུད་དེ། །དེ་ཡི་རྣམ་ཐར་དྲི་མེད་རྒྱ་མཚོ་ལས། །སྒྲོ་སྐུར་ཚིག་གི་སྤྲོས་པ་མ་ཞུགས་པར། །རང་གི་བློ་གྲོས་རྩལ་དང་སྦྱར་བའི་ཕྱིར། །ཆུ་ཐིགས་ཙམ་ཞིག་གུས་པས་བླང་གིས་ཉོན། །རྒྱ་གར་ཤར་ཕྱོགས་ཟ་ཧོར་ཡུལ་ཕྱོགས་ན། །བྷཾ་ག་ལ་ཞེས་བྱ་བའི་གྲོང་ཁྱེར་ཡོད། །དེ་ཡི་ས་བདག་ཆོས་ཀྱི་རྒྱལ་པོ་ནི། །དགེ་བ་དཔལ་ཞེས་རྒྱལ་སྲིད་བསོད་ནམས་འབར། །དེ་ཡི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན། །མི་ཁྱིམ་འབུམ་ཕྲག་གཅིག་གིས་ཀུན་ནས་བསྐོར། །ཁྲུས་ཀྱི་རྫིང་བུ་སྟོང་ཕྲག་ཉི་ཤུ་ལྔ། །སྐྱེད་མོས་ཚལ་རབ་བདུན་བརྒྱ་ཉི་ཤུས་བསྐོར། །ཏ་ལའི་ལྗོན་ཤིང་སྟོང་ཕྲག་ལྔ་བཅུ་དྲུག །འབངས་ཀྱི་སྐྱེ་བོ་འབུམ་ཕྲག་སུམ་ཅུ་ལྔ། །གྲོང་ཁྱེར་དེ་ལ་ར་བ་རིམ་པ་བདུན། །བར་གྱི་ཟོམ་པ་སུམ་བརྒྱ་དྲུག་ཅུ་གསུམ། །གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉི་ཤུ་ལྔ། །དབུས་ཀྱི་ཕོ་བྲང་རྒྱ་ཕིབས་བཅུ་གསུམ་པ། །ལོངས་སྤྱོད་སྟོབས་འབྱོར་རྒྱ་ནག་སྟོང་འཁུན་ལྟར། །མངའ་རིས་ལྷ་དབང་བརྒྱ་བྱིན་ཉིད་དང་མཚུངས། །སྐྱེ་བོའི་འདུ་ཚོགས་གྲོང་ཁྱེར་སྤོས་ལྡན་འདྲ། །ཆོས་འབྱོར་རྒྱས་པ་ཆོས་འཕགས་ཉིད་དང་མཚུངས། །ཆོས་ཀྱི་རྒྱལ་པོ་དེ་ཡི་བཙུན་མོ་ནི། །དཔལ་མོ་འོད་ཟེར་ཅན་ཏེ་ལྷ་མོ་འདྲ། །ངོ་ཚ་ཁྲེལ་ཡོད་མཛེས་པའི་འོད་ཆགས་མ། །དཀོན་མཆོག་གསུམ་མཆོད་སྐྱེ་བོ་ཡོངས་ཀྱི་མ། །ལྷ་མོ་དེ་ལ་སྲས་གསུམ་འཁྲུངས་པ་ནི། །དཔལ་དང་ཟླ་བ་པདྨའི་སྙིང་པོ་སྟེ། །གསུམ་གྱི་རྣམ་གཞག་དེ་ནི་ཟུར་ཙམ་ལགས། །
ཆུང་ཤོས་ཟླ་བའི་སྙིང་པོར་གྲགས་པ་དེ། །དེང་སང་བདག་གི་བླ་མ་དམ་པ་ཡིན། །སྐལ་བ་བཟང་པོ་ཡུམ་ལ་བལྟམས་པའི་ཚེ། །རྒྱལ་པོའི་ཁབ་ཏུ་མེ་ཏོག་ཆར་པ་བབས། །ནམ་མཁའི་མཐོངས་རྣམས་འཇལ་ཚོན་གུར་གྱིས་གཏམས། །ལྷ་ཡི་གླུ་དབྱངས་སྐྱེ་བོ་ཡོངས་ཀྱིས་ཐོས། །ཐམས་ཅད་དགའ་ཞིང་དག་པའི་སྣང་བ་ཐོབ། །ཟླ་བ་བཅོ་བརྒྱད་བར་དུ་ཁབ་གནས་སུ། །མ་མ་བརྒྱད་ཀྱིས་བཀུར་བསྟི་མཆོད་པས་བསྐྱངས། །དེ་ནས་ཕོ་བྲང་དེ་ཡི་བྱང་ཕྱོགས་ན། །བྲི་ཀ་མ་ལ་པུ་རི་ཞེས་པ་ཡོད། །གནས་དེར་བདེ་གཤེགས་མཆོད་པ་བྱེད་པ་ལ། །ཡབ་ཡུམ་བློན་འབངས་ཤིང་རྟ་ལྔ་བརྒྱར་བཅས། །ཁྱེའུ་བུ་མོ་མཛེས་པའི་ཆས་ཀྱིས་སྤྲས། །རོལ་མོ་མཁན་པོ་བརྒྱ་ཕྲག་དུ་མས་བསྐོར། །རིན་ཆེན་མཆོད་རྫས་དཔག་ཏུ་མེད་པ་བསྣམས། །གླུ་སྐད་ལེན་ཞིང་ལམ་དུ་ཞུགས་པ་ན། །བླ་མ་འདི་ནི་ལོ་གསུམ་ལོན་འདྲ་བའི། །གཟུགས་བཟང་བཞིན་མཛེས་བལྟ་བས་མི་ངོམས་ཤིང༌། །དབུ་རྒྱན་ལ་སོགས་ལྷ་ཡི་རྒྱན་ཆས་སྤྲས། །པཉྩ་ལི་ཀའི་གོས་གསོལ་རྒྱལ་པོས་བསྣམས། །སྐྱེ་བོ་རྣམས་ཀྱིས་ལྷ་དེ་མཐོང་བ་དང༌། །དགའ་བས་དབུགས་འབྱིན་བདེ་བའི་དཔལ་དང་ལྡན། །ཆགས་པས་བལྟ་ཞིང་འབྲལ་བར་མི་ཕོད་སྐད། །དེ་ནས་མཐོང་བའི་སྐྱེ་བོས་འདི་སྐད་དུ། །ཁྱོད་ཉིད་འཁྲུངས་ནས་མེ་ཏོག་ཆར་པ་བབས། །ཉི་མས་གུར་ཕུབ་སྙན་པའི་སྒྲ་དབྱངས་ཐོས། །ནམ་ཞིག་མཐོང་ཞེས་ཡིད་སྨོན་ཤེས་པ་འཚོར། །ད་ནི་མཐོང་ངོ་ཡ་མཚན་ལྟད་མོ་ཆེ། །དེ་ནས་རྒྱལ་བུ་དམ་པས་ཚིག་སྨྲས་པ། །ཕ་མ་སྐྱེ་བོ་འདི་དག་སུ་ཞིག་ཡིན། །ཡབ་ཡུམ་གཉིས་ཀྱིས་སྨྲས་པ། སྐྱེ་བོ་འདི་རྣམས་ཁྱོད་ཀྱི་འབངས་འཁོར་ཡིན། །རྒྱལ་བུ་དམ་པས་དེ་ལ་ལན་སྨྲས་པ། །འདི་དག་བདག་བཞིན་ཕ་མ་ཕུན་ཚོགས་ཤིང༌། །རྒྱལ་སྲིད་མངའ་ཐང་བསོད་ནམས་འབར་བ་ཡིས། །མི་དབང་སྲས་ཀྱི་ཐུ་བོར་རབ་བསྐྲུན་ཏེ། །ཐམས་ཅད་དམ་པའི་ཆོས་ཀྱིས་འཚོ་བར་ཤོག །
དེ་ནས་ཀ་མ་ལ་ཡི་གཙུག་ལག་ཏུ། །འཁོར་དང་བཅས་པ་ལེགས་པར་སླེབས་པ་དང༌། །རྒྱལ་བུས་དཀོན་མཆོག་རྟེན་ལ་ཕྱག་འཚལ་ཞིང༌། །སྙན་པས་བསྟོད་དབྱངས་འདི་སྐད་བརྗོད་གྱུར་ཏེ། །བདག་ནི་དལ་འབྱོར་མི་དབང་ལུས་ཐོབ་ཅིང༌། །སྐྱོན་མེད་དབང་པོ་དཀོན་མཆོག་གསུམ་འབྲང་ཞིང༌། །རྟག་ཏུ་གུས་པས་དཀོན་མཆོག་སྤྱི་བོར་བླངས། །དེ་རིང་ཉིད་ནས་སྐྱབས་གནས་མཛད་དུ་གསོལ། །ཞེས་གསུངས་པ། དེ་ནས་ཡབ་ཡུམ་བློན་འབངས་ཐམས་ཅད་དང༌། །དགེ་སློང་མང་པོས་རྒྱལ་བུའི་ཚིག་དེ་ཐོས། །ཤིན་ཏུ་དགའ་ཞིང་ཡ་མཚན་སྐྱེས་པར་གྱུར། །ཐམས་ཅད་མཐུན་པར་དམ་པར་ཁ་ཚོན་བཅད། །དེ་ནས་རྒྱལ་པོ་ཡབ་ཡུམ་འཁོར་བཅས་ཀྱིས། །བསྙེན་བཀུར་མཆོད་ཡོན་བསོད་ནམས་བསགས་གྱུར་ཏེ། །བདག་ཅག་ཚེ་རབས་དག་ནས་ཚེ་རབས་སུ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་དང༌། །དགེ་འདུན་བཀུར་སྟི་དམ་ཆོས་བསྟན་པར་ཤོག །ཉོན་མོངས་གདུང་སེལ་རང་དབང་ཡོད་པར་ཤོག །སྨོན་ལམ་འདེབས་པའི་ཚིག་དེ་ཐོས་པ་དང༌། །རྒྱལ་པོ་ཡབ་ཡུམ་བདག་ལ་ལྟ་བཞིན་དུ། །ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པར། །དགེ་འདུན་དབུས་སུ་ཆོས་སྦྱོར་ཐོབ་པ་དང༌། །ང་རྒྱལ་མེད་ཅིང་དཀོན་མཆོག་མཆོད་བྱེད་ཅིང༌། །སྐྱེ་བོ་ཡོངས་ལ་སྙིང་རྗེས་བལྟ་བར་ཤོག །རྒྱལ་བུའི་གསུང་དེ་ཀུན་གྱིས་ཐོས་པ་དང༌། །ཡབ་ཡུམ་ལ་སོགས་ཡ་མཚན་སྐྱེས་པར་གྱུར། །དེ་ནི་བླ་མའི་ཆོས་ཀྱི་ཐོག་མ་ཡིན། །དེ་ནས་རྒྱལ་བུས་ལོ་གསུམ་ལོན་པ་ན། །རྩིས་དང་ཡི་གེ་སྒྲ་ལ་མཁས་པར་གྱུར། །
དེ་ནས་རྒྱལ་བུས་ལོ་དྲུག་ལོན་པ་ན། །ཕྱི་ནང་གཉིས་ཀྱི་བྱེ་བྲག་ཕྱེད་པར་གྱུར། །དེ་ནས་བཟུང་སྟེ་དགུང་ལོ་བཅུ་ཡི་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། །བསྙེན་གནས་སྲུང་ཞིང་སྦྱིན་པ་གཏོང་བ་དང༌། །གཙུག་ལག་ལྟ་ཞིང་ཁ་ཏོན་བྱེད་པ་དང༌། །གསོལ་བ་འདེབས་ཤིང་དམ་པ་འཚོལ་བ་དང༌། །ཕ་མ་བཀུར་ཞིང་ཞེ་སས་མཆོད་པ་དང༌། །གླུ་གར་ཐམས་ཅད་ཆོས་ལ་རྩེ་བ་དང༌། །ཆོས་པ་མཐོང་ན་རྒྱང་ནས་བསུ་བ་དང༌། །འཁོར་ལ་ལྟ་ཞིང་སྙིང་རྗེས་སྐྱོང་བ་དང༌། །འཇིག་རྟེན་མགོན་མེད་སྐྱོང་བ་ལ་སོགས་པ། །དམ་པའི་སྤྱོད་པ་དཔག་ཏུ་མེད་པ་མཛད། །རྒྱལ་བུས་དགུང་ལོ་བཅུ་གཅིག་ལོན་པ་ན། །ཕ་བཟང་བུ་མོ་ཉི་ཤུ་རྩ་གཉིས་ཙམ། །བློན་འབངས་རྣམས་ཀྱིས་གཉེན་དུ་གསོལ་བ་ལ། །ཡབ་ཡུམ་གཉིས་ཀྱང་དེ་ལ་བྱ་དགའ་སྟེར། །
ཉིན་གཅིག་རྒྱལ་པོས་བློན་པོ་རྣམས་བསྡུས་ནས། །ནང་པར་ཤིང་རྟ་བཅུ་གསུམ་ལེགས་པར་ཆོས། །ཀུན་ལ་མཛེས་པའི་རྒྱན་ཆ་དུ་མ་གྱིས། །དབུས་སུ་ལྷག་པར་མཛེས་ཤིང་བཙུན་པ་ཡི། །སྟེང་ན་རྨ་བྱའི་གདུགས་ཕུབ་བསིལ་ཡབ་བསྟེན། །དབུས་སུ་རིན་ཆེན་ཁྲི་སྟེགས་མཛེས་པ་ལ། །དར་ཟབ་གོས་སྟེང་ཟླ་བའི་སྙིང་པོ་བཞག །ཤིང་རྟ་བཅུ་གཉིས་རྒྱན་གྱིས་སྤྲས་པ་ལ། །བློན་པོ་ཐམས་ཅད་མཛེས་པའི་ཆས་སུ་ཞུགས། །དགའ་བའི་གླུ་ལེན་རོལ་མོ་དུ་མ་བགྱིས། །ཤིང་རྟ་དཀར་པོ་གསུམ་གྱིས་སྣ་དྲངས་ལ། །ཤིང་རྟ་དམར་པོ་གསུམ་གྱིས་མཇུག་ནས་བསྟེན། །ཤིང་རྟ་སེར་པོ་གསུམ་གྱིས་གཡས་བརྟེན་ལ། །ཤིང་རྟ་ལྗང་གུ་གསུམ་གྱིས་གཡོན་ནས་བརྟེན། །ཤིང་རྟ་རེ་རེར་ཁྱེའུ་ལྔ་བརྒྱ་བཞུགས། །ཕྱོགས་ཕྱོགས་ཁ་དོག་མཐུན་པར་ལྷ་རྒྱན་བརྟེན། །རྒྱལ་བུའི་ཤིང་རྟ་ཁ་དོག་སྣ་ལྔ་ལ། །ཟུར་བཞིར་རྨ་བྱ་མཇིབས་བསྣོལ་མཛེས་པར་གྱིས། །ཕྱོགས་ནས་མཆོད་པའི་ལྷ་མོས་ཀུན་ནས་བསྐོར། །འཁོར་རྣམས་པི་ཝཾ་གླིང་བུ་རྫ་རྔ་དང༌། །སིལ་སྙན་ལ་སོགས་མཛེས་པའི་སྒྲ་འབྱིན་ཞིང༌། །སྐྱེ་བོའི་ཡིད་དབང་འཕྲོག་པས་ཀུན་ནས་བསྐོར། །དེ་ནས་གྲོང་ཁྱེར་ཆེན་པོའི་མཐའ་ལོགས་སུ། །སྐྱེད་མོས་ཚལ་རབ་ཤིན་ཏུ་ཉམས་དགའ་བར། །ལྟ་བའི་རྩེད་མོས་སྐྱེ་བོ་དབང་དུ་སྡུད། །དེ་ཡི་ཡུན་ཀྱང་ཟླ་བ་ཕྱེད་ཀྱི་བར། །སྐྱེ་བོ་ཐམས་ཅད་དགའ་བས་ཆགས་པར་གྱིས། །དེ་ནས་སྐྱེ་བོ་ཡོངས་ཀྱིས་ཁྲོམ་བསྐོར་ལ། །རྒྱལ་བུ་མཉེས་པའི་བུ་མོ་སྟ་གོན་གྱིས། །བློན་པོ་དག་གིས་བུ་མོ་མཐོང་བ་དང༌། །ཕྱོགས་སུ་བཀའ་བསྒོ་དམ་བཞག་བརྟེན་པར་གྱིས། །རྒྱལ་པོ་ཆེན་པོས་དེ་ལྟར་བགོ་བ་དང༌། །ཉི་མ་བདུན་ལ་བློན་པོ་ཐམས་ཅད་ཀྱིས། །ཤིང་རྟ་བཅུ་གསུམ་བྱས་ཤིང་རྒྱན་གྱིས་སྤྲས། །ཁྱེའུ་སུམ་སྟོང་ལྔ་བརྒྱ་རྒྱན་གྱིས་སྤྲས། །རྒྱལ་བུ་ཤིང་རྟའི་དབུས་སུ་རྒྱན་གྱིས་སྤྲས། །ཤིང་རྟ་བཅུ་གཉིས་རོལ་མོ་མཁན་པོ་ཡིས། །གང་ཞིང་རོལ་མོ་རྣམ་པ་སྣ་ཚོགས་བྱས། །
དེ་ནས་གྲོང་ཁྱེར་ཆེན་པོའི་མཐའ་ལོགས་དང༌། །བཞི་མདོ་རྣམས་དང་སྐྱེད་མོས་ཚལ་རབ་དང༌། །སྐྱེ་བོའི་ཡིད་དབང་འཛིན་པའི་རྩེད་མོ་བྱས། །དེ་ཡི་ཕྱོགས་དང་གྲོང་ཁྱེར་ཐམས་ཅད་དུ། །ཟླ་བའི་སྙིང་པོ་འཁོར་ཚོགས་ཉིས་སྟོང་དང༌། །ལྔ་བརྒྱར་བཅས་ཤིང་ཤིང་རྟའི་ནང་དུ་ཞུགས། །གྲོང་ཁྱེར་མཐའ་ལོགས་པདྨའི་ཚལ་རབ་དང༌། །བཞི་མདོ་བཞི་མདོ་ཀུན་ནས་ཡོད་པ་ན། །འཁོར་ལོས་སྒྱུར་རྒྱལ་ལྟ་བུ་སྐྱེ་བོ་བསྡུ། །ཐམས་ཅད་དེར་འགྲོ་སྤྲུལ་པའི་སྐུ་དེར་བལྟ། །
འོད་ཟེར་ལྷ་མོ་ལ་སོགས་བུ་མི་ཚོགས། །རིགས་ཀྱི་ཚ་བོ་དེ་ཡི་གྲངས་གཉེན་པ། །ཀུན་ཀྱང་བལྟ་ཕྱིར་ཕྱོགས་དེར་འགྲོ་འོ་ཞེས། །སྐྱེ་བོའི་ཚོགས་རྣམས་བལྟས་མོར་འདུས་པ་ན། །རྒྱལ་པོ་བསོད་ནམས་འཛིན་གྱི་བུ་མོ་དང༌། །རྒྱལ་པོ་མུ་ཁྱུད་འཛིན་གྱི་བུ་མོ་དང༌། །རྒྱལ་པོ་ཆུ་བདག་འཛིན་གྱི་བུ་མོ་དང༌། །རྒྱལ་པོ་གཏུམ་མོ་ལ་ཡི་བུ་མོ་སོགས། །རིགས་གཟུགས་ལོངས་སྤྱོད་དཔུང་གིས་རྒྱལ་བ་ཡིས། །ཉི་ཤུ་རྩ་གཉིས་གཉེན་ཁར་སླེབས་པ་ཡང༌། །ཤིང་རྟ་རེ་ན་བུ་མོ་བདུན་བདུན་ཏེ། །བུ་མོ་རེ་ལ་གཡོག་མོ་བདུན་བདུན་ཞིང༌། །ཤིང་རྟ་ཉི་ཤུ་རྩ་གཉིས་མཛེས་པ་ཡང༌། །རྐྱེན་ཆ་སྣ་ཚོགས་རྒྱན་རབ་རབ་སྤྲས་ཏེ། །སྙན་པའི་སྒྲ་འབྱིན་དགའ་བའི་སེམས་ཀྱིས་འོང༌། །ཐམས་ཅད་ལྷ་ཡི་བུ་མོ་འཁོད་པ་ལྟར། །རྒྱལ་བུས་མཐོང་བས་ཆགས་པའི་མིག་གིས་བཏུང༌། །ཀུན་ནས་ཆགས་ཤིང་ལུས་ཀྱི་བ་སྤུ་གཡོ། །
དེ་ཚེ་མཁའ་འགྲོ་མ་ཡི་སྤྲུལ་པ་ཞིག །བུ་མོ་སྔོ་སངས་གཅིག་ཏུ་སྐུ་སྤྲུལ་ཏེ། །གླུ་དབྱངས་ཚིག་གིས་བསྐུལ་བ་འདི་སྐད་དོ། །ལྷ་གཅིག་མ་ཆགས་མ་ཆགས་སྐལ་བ་ཅན། །འདམ་བུའི་ཚལ་དུ་གླང་པོ་བྱིང་བ་ལྟར། །འདོད་པའི་འདམ་འདིར་དཔའ་བོ་ཁྱོད་བྱིང་ན། །ཚུལ་ཁྲིམས་གོས་ཅན་བསྣུབ་པར་མ་གྱུར་ཏམ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ། །པཎ་ཆེན་དགེ་སློང་གཙང་མའི་ལུས་བླངས་ནས། །པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར། །ཁྱོད་ནི་ཚེ་འདིར་རབ་ཏུ་འབྱུང་འགྱུར་ལགས། །གྲོང་ཁྱེར་གནས་ན་བུ་མོ་བྱི་དོར་ཅན། །ཚུལ་ཁྲིམས་མདངས་འཕྲོག་བདུད་ཀྱི་ཕོ་ཉ་མོ། །དགའ་དགའ་ལྟ་བུར་ཁྱོད་ལ་བསླུ་བྲིད་བྱེད། །ཤེས་པར་གྱིས་ཤིག་རྒྱལ་བུ་གཟུགས་མཛེས་པོ། །ཟླ་བ་ཞུན་མ་མཚོ་ལ་གསལ་བ་ལྟར། །གསལ་ཞིང་དག་ལ་རྙོགས་པ་མེད་པའི་སྐུ། །ཟུར་ཕུད་ལྔ་པ་ལྷ་ཡི་རྒྱན་ཆ་ཅན། །རབ་མཛེས་སྐྱེ་བོ་ཡོངས་ཀྱི་ཡིད་འཕྲོག་པོ། །རྙེད་དཀའ་དལ་འབྱོར་རིན་ཆེན་ཐོབ་དུས་སུ། །ཐོས་བསམ་སྒོམ་པས་མི་ཚེ་འདའ་དགོས་པས། །བདག་རྐྱེན་དགེ་བའི་བཤེས་གཉེན་མི་ཟད་པ། །ཐེ་ཚོམ་བཅད་ཕྱིར་རབ་ཏུ་བརྟེན་འཚལ་ལོ། །མཁའ་འགྲོ་མ་དེས་འདི་སྐད་སྨྲས་པ་དང༌། །རྒྱལ་བུ་འཛུམ་པའི་མདངས་ཕྱུང་ལན་སྨྲས་པ། །ལེགས་སོ་ལེགས་སོ་ཤིན་ཏུ་ལེགས། །ཤེས་རབ་སྲས་པོ་ནགས་ཀྱི་ནང་ན་བདེ། །རྨ་བྱའི་བདེ་སྐྱིད་བཙན་དུག་ནགས་ན་ཡོད། །གོམས་པའི་སྟོབས་ཀྱིས་ངང་པ་མཚོ་ན་བདེ། །བྱ་རོག་མི་གཙང་ཁྲོད་དུ་འཇུག་པ་ལྟར། །པདྨའི་ཚལ་དུ་དེ་ལྟར་ག་ལ་ཡིན། །ཐ་མལ་གྲོང་གི་གནས་སུ་ཕེབས་པ་ལྟར། །རིགས་ལྡན་བདག་ནི་དེ་ལྟར་ག་ལ་ཡིན། །སྔོན་ཚེ་རྒྱལ་བུ་དོན་རྣམས་གྲུབ་པ་དེས། །ཟས་གཙང་རྒྱལ་པོའི་རྒྱལ་སྲིད་དཔལ་འབྱོར་ལ། །མི་གཙང་འདམ་བུ་བཞིན་དུ་རབ་སྐྱོ་ནས། །བཙུན་མོ་དྲུག་ཁྲི་སྤངས་ནས་ཐར་པ་སྒྲུབ། །ཐུབ་དབང་འཇིག་རྟེན་ལྷ་དང་བཅས་པ་ཡི། །ཀུན་ནས་བསྔགས་པར་གྱུར་ཞིང་མཆོད་བྱེད་ན། །མཚན་དང་དཔེ་བྱད་འབར་བའི་ཆོས་རྒྱལ་དེས། །མཛད་པ་བཅུ་གཉིས་ཚུལ་གྱིས་བྱང་ཆུབ་བརྙེས། །ཁོ་བོ་ཅི་སྟེ་རྒྱལ་སྲིད་མ་སྤངས་པར། །འདོད་པའི་འདམ་འདིར་ཆགས་པ་འཕེལ་བར་བྱེད། །གྲོགས་རྣམས་ཐམས་ཅད་བདུད་ཀྱི་བསླུ་བྲིད་ཡིན། །འདོད་ཡོན་ཐམས་ཅད་ལན་ཚྭའི་ཆུ་བོར་ཤེས། །
ད་ནི་མཁས་པའི་བླ་མ་མང་འཚོལ་ཞིང༌། །ལུས་འདིས་བྱང་ཆུབ་མཆོག་རབ་བསྒྲུབ་པར་བགྱི། །འདོད་ཡོན་དག་ལ་རྩེ་དགའ་བག་ཕེབས་ཀྱང༌། །ཆུ་ཟླ་ལྟ་བུར་སྙིང་པོ་མི་གདའ་ལགས། །བྲག་ཆ་ལྟ་བུར་བརྗོད་བྱ་མི་གདའ་ལགས། །སྤྲུལ་པ་ལྟ་བུར་ངོས་བཟུང་མི་གདའ་ལགས། །གཟུགས་བརྙན་ལྟ་བུར་རང་ཚུགས་མི་གདའ་ལགས། །ཉོན་མོངས་ཀུན་གཞིའི་རྒྱ་མཚོ་ཡངས་པ་འདིར། །སྐྱེ་རྒ་ན་འཆིའི་ཆུ་བོ་རྒྱུན་དུ་འབབ། །སྔོན་ཆད་ངན་སོང་ལས་ཀྱིས་དབང་མེད་ན། །དེང་སང་ཕུན་སུམ་ཚོགས་ཚེ་ཅིས་མི་འཚོལ། །ད་ནི་འཁོར་བ་སྤྱི་ལ་ངེས་བསམ་ནས། །བླ་མ་བསྟེན་ནས་དམ་པའི་ཆོས་ལ་སྤྱོད། །རྒྱལ་བུའི་ཆོས་ཀྱི་གསུང་དེ་ཐོས་པ་དང༌། །གྲོང་ཁྱེར་བ་ཡི་སྐྱེ་བོ་ཐམས་ཅད་ཀྱང༌། །བརྗོད་ཚུལ་འདི་ཡིས་རྒྱལ་སྲིད་ཅང་འཛིན་ནམ། །འཛིན་ཀྱང་ཆོས་ཀྱི་རྒྱལ་པོར་ཐེ་ཚོམ་མེད། །གཞན་དུ་མཁས་གྲུབ་བླ་མ་རབ་བརྟེན་ཞིང༌། །ཤཱཀྱའི་རྒྱལ་པོའི་རྒྱལ་སྲིད་འཛིན་འཛིན་འདྲ། །ངོ་མཚར་ཆེའོ་ཞེས་པའི་སྒྲ་ཡང་སྒྲོགས། །ལྷག་པར་ཆགས་ཤིང་བསྐོར་ནས་ཡང་ཡང་བལྟ། །རིགས་བཟང་གཉེན་དུ་བསྒྲིགས་པའི་བུ་མོ་ཡང༌། །མཐོང་བས་དགའ་ཡང་གསུང་དེས་མྱ་ངན་གྱུར། །ཕ་མའི་དྲུང་དུ་ཕྱིན་ནས་འདི་སྐད་དུ། །རྒྱལ་བུ་དམ་པ་འཁོར་བས་སྐྱོ་ཞེས་གདའ། །རྒྱལ་སྲིད་སྤངས་ནས་རབ་ཏུ་བྱོན་ཞེས་གདའ། །དོན་གྲུབ་གཞོན་ནུ་བཙུན་མོ་འདོར་ཞེས་གདའ། །འཁོར་གྱི་ཚོགས་ལ་ཆགས་པར་མ་གྱུར་སྐད། །ད་ནི་ཡབ་ཡུམ་འཁོར་དང་བཅས་པ་ཡིས། །མྱུར་དུ་རྒྱལ་པོའི་ཕོ་བྲང་འཁོར་དུ་བརྫངས། །རྒྱལ་བུ་ཆགས་པའི་བྱ་བ་སྣ་ཚོགས་ཀྱིས། །ནོར་དང་ལོངས་སྤྱོད་དུ་མས་སེམས་གཟུང་ཞེས། །བུ་མོ་བདག་གིས་ཕ་མ་རྣམས་ལ་བསྐུལ། །ཕན་ཚུན་ཕ་མ་བློན་འབངས་བཅས་པ་ཡིས། །བརྩོན་པ་བསྐྱེད་དེ་རྒྱལ་བུ་ཉམས་དགའ་བའི། །གླུ་གར་བྱེད་ཅིང་བུ་མོ་དག་ཀྱང་བསྡུས། །ཀུན་ནས་ཁབ་ཏུ་འབྱུང་བར་ཉེ་བ་ན། །རྒྱལ་བུས་རྟ་པ་བརྒྱ་དང་སུམ་ཅུར་བཅས། །དམག་གི་ཆས་ཞུགས་རི་བྲག་བསྐོར་བ་ན། །རི་བྲག་ཅིག་ན་བྲམ་ཟེ་ཛེ་ཏཱ་རི། །བྲམ་ཟེའི་ཆས་ཀྱིས་སྙན་ངག་སྒྲ་འབྱིན་ཞིང༌། །གཙང་མའི་ཆས་ཀྱིས་དྲང་སྲོང་སྤྱི་བོས་ལེན། །ཉོན་མོངས་དགྲ་ལས་རྣམ་པར་རྒྱལ་བ་མཐོང༌། །རྒྱལ་བུའི་ཆིབས་ཀྱི་སྟེང་ནས་མ་གཞོལ་བར། །དྲང་སྲོང་དེ་ལ་ཚིག་ནི་འདི་སྐད་ཞུས། །དབེན་པའི་ཁྲོད་ན་དཀའ་ཐུབ་ལུས་ཅན་ཁྱོད། །གཙང་མའི་ཚུལ་གྱིས་དག་པའི་འཚོ་བ་ཟ། །འདོད་ཡོན་སྤངས་ཏེ་དྲང་སྲོང་བཀུར་བ་ལས། །ཡོན་ཏན་རྣམ་པ་གང་ཞིག་ཐོབ་པ་ལགས། །
ཞེས་སྨྲས་པ་དང༌། བྲམ་ཟེས་མིག་ཀྱང་བལྟ་བར་མི་བྱེད་པ། །རྒྱལ་བུའི་ལན་དུ་འདི་སྐད་བླན་པར་དགོངས། །ནམ་གཞུག་འཆད་ཀའི་མེ་ཏོག་ལྡུམ་ར་ལྟར། །རྒྱལ་པོས་བྲམ་ཟེའི་དཔལ་འབྱོར་བཀུག་གྱུར་ཀྱང༌། །ལས་ཀྱི་དབང་གིས་ངན་འགྲོར་འཕེན་པ་ལ། །ཕྱི་ཐག་སྙིང་པོ་མཆིས་ནས་གནས་འདིར་བསྡད། །བ་གླང་ཁྱི་ཕག་ལྟ་བུའི་བརྟུལ་ཞུགས་ཀྱིས། །མི་གཙང་འདམ་བུའི་སྲིན་བུར་སྐྱེས་དོགས་ནས། །དཀའ་ཐུབ་སྤྱོད་ཅིང་གཙང་སྤྲས་ནགས་འདི་བརྟེན། །སྒྱུ་མའི་ནོར་ལ་སྙིང་པོ་མ་མཐོང་ནས། །ཕ་རོལ་བསམ་ཞིང་དྲང་སྲོང་སྤྱི་བོས་བླངས། །རྒྱལ་བུས་བྲམ་ཟེའི་ཚིག་དེ་ཐོས་པ་དང༌། །ཁ་ཚོད་བལྟ་ཕྱིར་ཚིག་གིས་ལན་སྨྲས་པ། །དགེ་སྦྱོང་རྣམས་ནི་ང་རྒྱལ་གཞན་པས་ཆེ། །ས་ཡི་བདག་པོ་འོང་ཚེ་ཅིས་མི་ལྡང༌། །བྲམ་ཟེ་ཆེན་པོས་ཚིག་གིས་ལན་སྨྲས་པ། །ས་བདག་སུ་ཞིག་ཁྱོད་ནི་གང་ནས་འོང༌། །དགྲ་བཤེས་མེད་ཕྱིར་ཁྱོད་ནི་མ་ཤེས་སོ། །ང་ལ་ནོར་མེད་ནགས་ཁྲོད་དག་ན་བདེ། །ལུས་སྲོག་འདི་ལ་དགྲ་བོ་འཆི་བདག་ཡིན། །ང་རྒྱལ་མེད་ཕྱིར་བདག་གིས་འདུ་འཛི་སྤངས། །བྲམ་ཟེའི་ཚིག་དེ་ཐོས་ནས་ལན་སྨྲས་པ། །ང་ནི་གསེར་གྱི་རྒྱལ་མཚན་ཅན་ནས་འོང༌། །ང་ནི་མི་གྲལ་ནས་བུད་ཁྲིམས་ལས་འདས། །ང་ལ་དཔོན་མེད་གཡོག་མེད་ངོ་སྲུང་མེད། །
ཅེས་པའི་ལན་དུ། ས་བདག་འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ། །རྟ་མེད་གྲོགས་མེད་རྐང་ཐང་གཅིག་པུར་རྒྱུ། །ལྟོ་མེད་གོས་མེད་གཅིག་པུར་བར་དོར་འཁྱམས། །གནས་མེད་ཡུལ་མེད་རྒྱུས་མེད་ཤུལ་ཐག་རིང༌། །རྒྱལ་པོའི་བུ་ཡང་ནམ་གཞུག་མ་མཆིས་པས། །དོན་དེས་བདག་ནི་ནགས་འདིར་དབེན་པ་ལགས། །ཞེས་པ་དང༌། རྒྱལ་བུས་བྲམ་ཟེའི་ཚིག་དེ་གསན་གྱུར་ནས། །ཆིབས་ལས་གཞོལ་ཏེ་འཁོར་གསུམ་དྲུང་དུ་ཕུལ། །གུས་པས་ཐལ་མོ་སྦྱར་ཏེ་གསོལ་བ་ནི། །མཁས་པ་ཁྱོད་ཀྱི་སྐྱོན་ཡོན་བརྟགས་པའི་ཕྱིར། །ང་རྒྱལ་ལྟ་བུར་དྲེགས་པའི་ཚིག་དེ་སྨྲས། །གང་ཡང་བདག་གིས་ཉིན་མཚན་དུས་དྲུག་ཏུ། །འཁོར་བའི་སྐྱོན་བསམ་ངེས་པར་ཡིད་དབྱུང་སྟེ། །རྒྱལ་སྲིད་སྤངས་ཏེ་ཐར་པར་འབྱུང་འདོད་ན། །བྲམ་ཟེ་ཁྱེད་ཀྱིས་བདག་ལ་བཟུང་དུ་གསོལ། །ཞེས་པ་དང༌། བྲམ་ཟེ་ཆེན་པོས་དེ་ལ་ལན་སྨྲས་པ། །ཚུར་ཤོག་ང་རྒྱལ་རླུང་གིས་མ་དཀྲུགས་པར། །བསྟན་པའི་བདག་པོར་བྱིན་གྱིས་བརླབ་ཀྱིས་ཤོག །གསུངས་ནས།
དཀོན་མཆོག་གསུམ་གྱིས་བྱིན་བརླབས་སེམས་བསྐྱེད་གནང༌། །རྒྱལ་བུ་ཡར་བཞེངས་སླར་ཡང་མི་རྟ་རྣམས། །སྐྱབས་འགྲོ་སེམས་བསྐྱེད་ཡོན་དུ་རྗེ་ལ་ཕུལ། །རྒྱལ་བུའི་ཚོགས་རྣམས་ཡོངས་སུ་རྫོགས་བྱའི་ཕྱིར། །རེ་ཞིག་བླངས་ནས་གདམས་ངག་འདི་སྐད་གསུངས། །རྒྱལ་བུ་རེ་ཞིག་རྟོག་དཔྱོད་མ་བཏང་བའི། །ཚེ་འདིའི་ཆེ་ཐབས་འདྲེ་རྐྱེན་དག་ཀྱང་བྱེད། །རང་དོན་ཙམ་ཞིག་ཁྲ་དང་སྤྱང་ཀིའང་བྱེད། །རང་སངས་རྒྱས་ཀྱང་བླ་མེད་ག་ལ་སྒྲུབ། །ལྟོ་འགྲངས་ཙམ་ཞིག་བྲན་གྱི་ཚོགས་ཀྱང་ཟ། །སྐྱེ་བ་གཏན་དུ་རྒྱལ་པོ་འདག་ལ་འགྲངས། །རྒྱལ་བུ་སྙིང་རུས་སེམས་ལ་བརྟེན་འཚལ་ལོ། །རྒྱལ་སྲིད་སྤངས་ཏེ་ཐར་པ་བསྒྲུབ་འཚལ་ལོ། །སླར་ཡང་རྒྱལ་བུ་དམ་པས་སླར་གསོལ་པ། །བླ་མ་ང་ནི་རྒྱལ་པོའི་ཕོ་བྲང་ན། །བཟང་བརྩོན་དར་གྱི་བཅུད་མོས་ལེགས་བསྡམས་ལྟར། །དང་པོ་ཉོན་མོངས་ལས་ཀྱིས་གཉེན་འཐོམས་ཤིང༌། །ཐམས་ཅད་དགའ་དགའ་ལྟ་བུའི་བསླུ་སྲིད་ཀྱིས། །ཁོ་བོ་སྲིད་པའི་འདམ་དུ་བྱིང་གིན་ཡོད། །ང་ནི་རྒྱལ་པོས་མནར་བར་མི་ནུས་པར། །བླ་མ་ཁྱོད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་དང༌།
དེ་ལ་བྲམ་ཟེ་ཆེན་པོས་འདི་སྐད་གསུངས། །རིགས་བརྒྱུད་སྲིད་པའི་འཆིང་བདག་ཆེན་པོ་ཡིན། །རྒྱལ་སྲིད་མི་གཙང་འདམ་རྫབ་ཆེན་པོ་ཡིན། །རྒྱལ་པོ་བདུད་ཀྱི་གཅེས་མིང་ཆེན་པོ་ཡིན། །བློན་རྣམས་བདུད་ཀྱི་ཕ་ཚན་ཆེན་པོ་ཡིན། །ངེས་པར་ཁྱོད་ནི་མྱུར་བར་མནར་ཏ་རེ། །འདི་རུ་མ་འདུག་ན་ལེནྡྲ་རུ་སོང༌། །དེ་ན་ཐོག་མེད་དུས་ན་ཉེར་འབྲེལ་བའི། །ཁྱོད་ཀྱི་བླ་མ་བྱང་ཆུབ་བཟང་པོ་ཡོད། །སེམས་བསྐྱེད་ཆོས་ཞུས་ལས་ཀྱི་འབྲེལ་པ་ཞོག །མཁས་པ་དེ་ཡིས་ཁྱོད་ལ་ཕན་ཞེས་གསུངས། །དེ་མ་ཐག་ཏུ་བྲམ་ཟེ་ཆེན་པོ་ཡིས། །སླར་ཡང་འབུལ་བ་ཐམས་ཅད་ཕྱིར་བྱིན་ནས། །ཁྱིམ་ནས་བྱུང་སྟེ་ངེས་པར་དྲུང་འདིར་ཤོག །མན་ངག་དུ་མས་ཁྱོད་ནི་སྐྱོང་ཞེས་གསུངས། །དེ་ནས་རྒྱལ་བུ་རྒྱལ་པོའི་ཁབ་ཏུ་འོང༌། །གསེར་དངུལ་ལ་སོགས་འབྱོར་པ་དུ་མ་བླངས། །འཁོར་དང་བཅས་ཏེ་ན་ལེནྡྲ་རུ་ཕྱིན། །ན་ལེནྡྲ་ཡི་རྒྱལ་པོ་བྲེད་གྱུར་ནས། །དམག་དཔུང་འཁོར་དང་བཅས་ཏེ་རྒྱང་ནས་བསུ། །མཇལ་ཏེ་རྒྱལ་བུས་གཏམ་དེ་ཡར་ཕུལ་བས། །ས་ཡི་རྒྱལ་པོ་ཁྱོད་ནི་ག་ནས་ལྷག །འཁོར་ལོས་སྒྱུར་འདྲ་ཁྱོད་ནི་གང་དུ་བལྟམས། །དམག་གི་ཆས་ཀྱིས་རྒོལ་བ་གང་དུ་འཇོམས། །རྒྱང་ནས་མཐོང་སྟེ་ཁྱོད་ཀྱི་དྲུང་དུ་འོངས། །ཞེས་པ་དང༌། རྒྱལ་བུས་ལན་སྨྲས་པ། ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོང༌། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོང༌། །ད་ནི་སྲིད་པའི་དགྲ་བོ་འཇོམས་སུ་འགྲོ། །འཆི་བདག་བདུད་ཀྱི་དགྲ་བོ་འཇོམས་སུ་འགྲོ། །ཞེས་པ་དང༌།
ན་ལེནྡྲ་ཡི་རྒྱལ་པོས་ལན་སྨྲས་པ། །ཁྱོད་ནི་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས། །ས་ཡི་བདག་པོ་ཆོས་རྒྱལ་དགེ་བ་དཔལ། །འཁོར་ལོས་སྒྱུར་འདྲ་ནག་པོའི་ཕྱོགས་ལས་རྒྱལ། །མི་དབང་སྲས་པོ་ཞིང་འདིར་བྱོན་པ་ལེགས། །ཁྱོད་ནི་བྲི་ཀ་མ་ལ་པུ་རི་ན། །དཀོན་མཆོག་ཕོ་བྲང་ལྷ་ཡི་གཞལ་ཡས་འདྲ། །རབ་ཏུ་བྱུང་བ་བསམ་གྱིས་མི་ཁྱབ་བཞུགས། །མཁས་པའི་པཎ་ཆེན་ཉི་ཟླ་ལྟ་བུར་ཡོང༌། །ས་བདག་ཁྱོད་ནི་མཁས་པ་སུ་ཞིག་བཞེད། །ཅེས་པ་དང༌། དེ་ནས་རྒྱལ་བུ་དམ་པས་ལན་སྨྲས་པ། །ཆོས་གྲྭ་ཆེན་པོ་དཔལ་གྱི་ན་ལེནྡྲར། །རྒྱ་མཚོ་ལྟ་བུའི་ནོར་བུ་རིན་ཆེན་གླིང༌། །པཎ་ཆེན་གནམ་གྱི་སྐར་མ་ལྟ་བུ་ཡོད། །མཆོག་ཏུ་བསྔགས་པ་བྱང་ཆུབ་བཟང་པོ་དེ། །བྲམ་ཟེས་ལུང་བསྟན་བདག་གི་བླ་མ་ཡིན། །ས་བདག་ཁྱོད་ཀྱིས་བར་ཆད་བསལ་དུ་གསོལ། །དེ་ལ་རྒྱལ་པོ་ཆེན་པོས་ལན་སྨྲས་པ། །དཔའ་བོ་ཆེན་པོ་བོ་དྷི་བྷ་དྲ་དེ། །རི་རྒྱལ་ལྷུན་པོ་གངས་ཀྱིས་གཡོགས་པ་ལྟར། །མི་འགུལ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས། །རྣམ་ཐོས་སྲས་དེ་ནོར་ལ་སྤྱོད་པ་ལྟར། །དེ་ནི་འཕགས་པའི་ནོར་ལ་སྐལ་བ་བརྙེས། །ཚུར་དུ་བདག་གི་ཕོ་བྲང་འཁོར་དུ་བྱོན། །མཉན་པའི་གཏམ་དང་དཔལ་འབྱོར་རོལ་པར་བྱ། །རྒྱལ་བུས་ལེགས་སོ་ཞེས་ནི་བརྗོད་པ་དང༌། །རྒྱལ་པོས་བསུ་བ་ཡིས་ནི་མདུན་བརྡར་ནས། །རོལ་མོ་འབུལ་ཀྱིན་ན་ལེནྡྲ་རུ་བྱོན། །དེ་ཡི་ལྷོ་ཕྱོགས་པདྨ་ཅན་ལྗོངས་ན། །ཕོ་བྲང་ཀུན་ཏུ་བཟང་པོ་ཞེས་པ་ཡི། །མི་ཁྱིམ་འབུམ་ཕྲག་གཅིག་གིས་བསྐོར་བ་ཡོད། །དེ་ཡི་ནང་དུ་རྒྱལ་བུ་གདན་དྲངས་ནས། །རིན་ཆེན་མཛེས་པའི་ཁྲི་སྟེང་ཡངས་པ་ལ། །རྒྱལ་པོ་རང་བས་བཀུར་བསྟི་ཆེ་བར་མཛད། །དེ་ནས་ན་ལེནྡྲ་ཡི་གཙུག་ལག་ཏུ། །བླ་མ་བྱང་ཆུབ་བཟང་པོའི་དྲུང་དུ་བྱོན། །དེ་ཡི་གཙུག་ལག་ཁང་དུ་སླེབས་པ་དང༌། །བླ་མ་མཐོང་ནས་ཤིན་ཏུ་མི་བཟོད་པའི། །དགའ་བ་ཁྱད་པར་དུ་འཕགས་རྒྱུད་ལ་སྐྱེས། །བླ་མ་དམ་པ་བྱང་ཆུབ་བཟང་པོས་ཀྱང༌། །རྒྱལ་བུ་དམ་པ་བྱོན་པ་གསན་པ་དེས། །ཤིན་ཏུ་དགྱེས་ནས་སྟན་ལས་ཡར་བཞེངས་ནས། །སྙན་པའི་ཚིག་གིས་ཆོས་ཀྱི་གསུང་བྱོན་པ། །ཆོས་རྒྱལ་སྲས་པོ་གནས་འདིར་བྱོན་ལགས་སམ། །མི་ཡི་དབང་པོ་གཞི་ལམ་བདེ་ལགས་སམ། །ཟ་ཧོར་ཡུལ་ན་ཆོས་འབྱོར་རྒྱས་ལགས་སམ། །ཤུལ་རིང་ལམ་ལ་བསྙེལ་བར་མ་གྱུར་ཏམ། །དེ་ཚེ་རྒྱལ་བུ་དམ་པས་ལན་གསོལ་པ། །འདིར་འོང་ཡང་བདེ་ཆོས་དང་མཐུན་པར་བདོག །ལམ་བདེ་དེང་སང་ཁྱེད་དང་མཇལ་བར་གྱུར། །མཁས་པ་ཁྱེད་ནི་སངས་རྒྱས་བསྟན་པ་ལ། །ཐོས་བསམ་སྒོམ་པས་བསྙེལ་བར་མ་གྱུར་ཏམ། །ཞེས་པ་དང༌།
བླ་མའི་ཞལ་ནས་ལེགས་ཀྱི་ཁོ་བོ་ཡང༌། །དམ་པ་ཆོས་ཀྱིས་ཉིན་མཚན་འདའ་བར་གྱུར། །རྒྱལ་བུ་སྟན་ལ་འདུག་ལ་གང་དགོས་གསོལ། །དེ་ནས་རྒྱལ་བུས་གུས་པར་ཕྱག་བཙལ་ནས། །རིན་ཆེན་མཆོད་པས་བླ་མ་མཉེས་པར་མཛད། །གུས་པའི་ཚིག་གིས་ཞུ་བ་འདི་ལྟར་ཕུལ། །འགྲོ་བའི་བླ་མ་བརྩེ་བའི་གཏམ་འདི་གསོན། །ང་ནི་འཁོར་བའི་འདམ་རྫབ་མི་ཟད་པ། །བསླུ་བྲིད་རྒྱལ་པོ་ཆེན་པོས་མནར་དོགས་ནས། །དཔུང་དང་བཅས་ཏེ་ནགས་སུ་ཕྱིན་པ་ན། །བླ་མ་དགྲ་ལས་རྣམ་རྒྱལ་བཞུགས་ཏེ་གདའ། །དེ་ལ་སེམས་བསྐྱེད་གསོལ་བ་བཏབ་པའི་ཚེ། །མཁས་པའི་དབང་པོས་ཐུགས་རྗེས་རབ་གཟིགས་ནས། །ཆོས་གྲྭ་ཆེན་པོ་ན་ལེནྡྲ་རུ་སོང༌། །སྐྱེ་བ་སྔོན་ནས་ཐུགས་རྗེས་རབ་བཟུང་བའི། །བླ་མ་དམ་པ་བྱང་ཆུབ་བཟང་པོ་ཡོད། །དེ་ལ་སེམས་བསྐྱེད་གདམས་ངག་ཞུས་ཞེས་གསུངས། །དེ་མ་ཐག་ཏུ་རང་གི་ཕོ་བྲང་ནས། །མཆོད་རྫས་བླངས་ཏེ་དེ་རིང་གནས་འདིར་སླེབས། །ད་ནི་བདག་ལ་བརྩེ་བའི་ཐུགས་རྗེ་ཡིས། །སེམས་བསྐྱེད་གདམས་པ་དུ་མ་གནང་དུ་གསོལ། །དེ་མ་ཐག་ཏུ་སྟན་ལ་འདུག་པ་དང༌། །བླ་མ་ཏིང་ངེ་འཛིན་ལ་མཉམ་བཞག་ནས། །སྒོ་གསུམ་ལས་སུ་རུང་བར་བྱིན་གྱིས་བརླབས། །དེ་ནས་སེམས་བསྐྱེད་གདམས་པ་དུ་མ་གནང༌། །དེ་ཡང་གདམས་ངག་བསྟན་པ་འདི་ལྟར་ལགས། །རྒྱལ་བུ་ཚེ་འདིར་དོན་ཡོད་ཐོབ་པ་ལགས། །རྒྱལ་སྲིད་སྤངས་ནས་ཐར་པ་མ་བསྒྲུབས་ན། །ལས་ཀྱི་དབང་གིས་ངན་འགྲོ་ལྟུང་བའི་ཚེ། །ཤིན་ཏུ་འགྱོད་དེ་ངེས་པར་འཆི་བ་ཡིན། །སྐྱེ་བ་གཏན་གྱི་བཙན་ས་འཛིན་དུས་འདིར། །དཀའ་བ་ཆེན་པོས་བརྩོན་འགྲུས་མ་རྩོམ་ན། །ཐར་པའི་སྒོས་སྐལ་ངེས་པར་སྟོར་བའི་ཚེ། །ཕྱིན་ཆད་བཟུང་དུ་མེད་དོ་རིགས་ཀྱི་བུ། །དཔའ་ཞིང་བརྟན་ལ་གོ་ཆ་ཕུན་ཚོགས་ཀྱང༌། །ཕ་རོལ་འཕྲང་ལ་གཤེད་མས་ཁྲིད་པའི་ཚེ། །མཐུ་མེད་ཉམ་ཐག་འགྱོད་པ་ཙམ་ཞིག་ལས། །ཕན་པའི་དགོས་པ་ཅི་ཡང་མ་མཆིས་སོ། །རྒྱལ་བུ་དམ་པས་ཆོས་འདི་གསོན་མཛོད་ལ། །ན་ལེནྡྲ་ཡི་བྱང་ཕྱོགས་ཕ་གི་ན། །ཁྱོད་ཀྱི་ཐོག་མེད་དུས་ནས་ཕར་གྱུར་པའི། །རྒྱལ་སྲས་རིག་པའི་ཁུ་བྱུག་ཅེས་པ་ཡོད། །ཚེ་མཐར་ཕྱིན་ཞིང་གཡེང་བས་དབེན་པ་དེར། །མཐའ་བརྒྱད་སྤྲོས་པའི་དྲི་མས་མ་གོས་པར། །ཚུལ་ཁྲིམས་གོས་ཅན་མངོན་ཤེས་ཐོགས་མེད་ལྡན། །དྲུང་དེར་སོང་ལ་ཆོས་ཀྱི་གདམས་པ་ཞུས། །མགོན་པོ་དེ་ཡི་གསུང་དེ་ཐོས་གྱུར་ནས། །བྱང་ཆུབ་བཟང་པོ་དེ་ལ་ཕྲེང་བཞིན་དུ། །རིག་པའི་ཁུ་བྱུག་བཟང་པོའི་དྲུང་དུ་ཕྱིན། །ཕྱག་འཚལ་མཆོད་པ་ཕུལ་ནས་འདི་སྐད་ཞུས། །ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོངས། །ང་ནི་བྷཾ་ག་ལ་ཡི་རྒྱལ་པོའི་སྲས། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོངས། །ན་ལེནྡྲ་ཡི་གཙུག་ལག་ཁང་དུ་ཕྱིན། །བྱང་ཆུབ་བཟང་པོ་དེ་ལ་སེམས་བསྐྱེད་ཞུས། །གདམས་ངག་དམ་པ་བསྟན་ནས་འདི་སྐད་གསུངས། །འདི་རུ་མ་འདུག་བྱང་གི་ཕྱོགས་སུ་སོང༌། །དེ་ན་ཐོག་མེད་དུས་ནས་ཕར་གྱུར་པའི། །བླ་མ་རིག་པའི་ཁུ་བྱུག་ཅེས་པ་ཡོད། །དྲུང་དེར་སོང་ལ་སེམས་བསྐྱེད་གསོལ་བ་ཐོབ། །དེས་ནི་ཁྱོད་ལ་ཕན་པར་འགྱུར་ཞེས་གསུངས། །དེ་མ་ཐག་ཏུ་རྗེ་ལ་ཕྲེང་གྱུར་ཀྱང༌། །དགའ་བ་སྐྱེས་ནས་ཁྱོད་ཀྱི་དྲུང་དུ་འོང༌། །ཁོ་བོ་ལ་བཀྱས་མནར་བར་མི་འགྱུར་བར། །བླ་མ་ཁྱོད་ཀྱིས་ངེས་པར་བཟུང་དུ་གསོལ། །
དེ་ནས་བླ་མ་དམ་པ་རབ་དགྱེས་ནས། །ས་བདག་སྲས་པོ་བྱོན་པ་ཤིན་ཏུ་ལེགས། །ཚུར་ཤོག་གཉིས་སུ་མེད་པར་བྱིན་བརླབ་བྱ། །ཆོས་ཉིད་འགྱུར་བ་མེད་པའི་བདེན་ཚིག་བརྡར། །བརྩེ་བའི་སེམས་ཀྱིས་དམ་ཆོས་བཤད་ཅེས་གསུངས། །དེ་ནས་རྒྱལ་བུས་མཆོད་རྫས་གུས་ཕུལ་ནས། །
བླ་མའི་དྲུང་དུ་ཕྱག་བཙལ་ཐལ་སྦྱར་ཏེ། །ང་རྒྱལ་སྐྱུངས་ནས་སྟན་ལ་འདུག་པ་ན། །ཁུ་བྱུག་བཟང་པོས་སེམས་བསྐྱེད་གདམས་པ་གནང༌། །གདམས་པའི་གཙོ་བོ་མཆོག་ཏུ་བསྔགས་པ་རེ། །རྒྱལ་བུ་ཚེ་འདིར་ཕུན་སུམ་ཚོགས་གྱུར་ཀྱང༌། །སྐྱེ་བ་གཏན་ཀྱི་སོ་ནམ་མ་བྱས་ན། །དལ་འབྱོར་མི་ལུས་ཐོབ་པའི་དགོས་པ་ཆུང༌། །ཕྱི་རབས་ནོར་ཤོར་ན་ཡང་ཕོངས་པ་ལགས། །རྒྱལ་བུ་ཀླུ་སྒྲུབ་སྙིང་པོ་འདི་སྐད་གསུངས། །རྨི་ལམ་སྒྱུ་འདྲ་རང་བཞིན་སྤྲོས་དང་བྲལ། །སེམས་ཉིད་མ་བཅོས་གྱུར་པ་གཉུག་མའི་ངང༌། །གང་གིས་འདི་གཉིས་བློ་ལ་མ་བསམས་ན། །འཁོར་བའི་འདམ་དུ་བྱིང་བར་འགྱུར་རོ་ཨང༌། །རྒྱལ་བུ་དོན་དམ་མཉམ་བཞག་ནམ་མཁའ་འདྲ། །རྗེས་ཐོབ་སྒྱུ་འདྲ་ལས་འབྲས་བསམ་པར་རིགས། །བླ་མས་ཟབ་མོའི་ཆོས་དེ་བསྟན་པ་ན། །སྦྱོར་བའི་ལམ་བརྙེས་དཔེ་ཡི་ཏིང་འཛིན་ཐོབ། །དེ་ཚེ་རྗེ་ལ་རྟོགས་པ་འདི་ཕུལ་བ། །ཁོ་བོས་ཏིང་འཛིན་གཅིག་ལ་མཉམ་བཞག་ཚེ། །ནམ་མཁའ་སྤྲིན་དང་བྲལ་བ་ཇི་བཞིན་དུ། །གསལ་ལ་དྭངས་པ་རྟོག་པ་མི་གདའ་ན། །བླ་མ་ཆོས་ཀྱི་གནས་ལུགས་དེ་ལགས་སམ། །
དེ་ནས་ཏིང་འཛིན་དེ་ལས་སད་པ་ན། །སྣང་ཡང་ཞེན་པ་མེད་པའི་སེམས་ཅན་དྲན། །བརྫུན་ཡང་ཕྲ་ཞིབ་བློ་ལ་བག་ཡོད་ཐོབ། །བླ་མ་བདག་ནི་ཉམས་དེ་མ་འཁྲུལ་ལམ། །ལན་དུ་བླ་མའི་ཞལ་ནས་འདི་སྐད་གསུངས། །ལེགས་སོ་ཁྱོད་ནི་བསོད་ནམས་བསགས་པའི་བུ། །ང་ནི་སྒྲོ་བཀུར་མེད་པའི་དགེ་སློང་ཡིན། །མཉམ་བཞག་ནམ་མཁའ་ལྟ་བུར་དག་ན་ཡང༌། །རྗེས་ཐོབ་སྙིང་རྗེས་འགྲོ་བ་འདྲེན་པར་བྱེད། །བདེན་པ་གཉིས་ཀྱི་གནས་ལུགས་དེ་ལྟར་ལགས། །དེ་ནི་བདག་གི་གདམས་ངག་དམ་པ་ཡིན། །ད་ནི་རྒྱལ་པོའི་ཁབ་ནས་འབྱུང་འདོད་ན། །རི་བོ་ནག་པོ་ཟོམ་གྱི་ལྷོ་ཕྱོགས་པ། །བདག་གི་བླ་མ་ཨ་ཝ་དྷཱུ་ཏི་ཡོད། །དེ་ནི་ཁྱོད་ཀྱི་སྔོན་གྱི་བླ་མ་ཡིན། །དེར་སོང་དེ་ལ་སེམས་བསྐྱེད་གདམས་པ་ཞུས། །རྒྱལ་པོའི་ཁབ་ནས་འབྱུང་བའི་གདམས་པ་ལོངས། །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །རྗེ་ལ་ཕྲེང་ཡང་དགའ་བ་མཆོག་སྐྱེས་ནས། །ཕྱི་ཕྱག་བཙལ་ཏེ་འཁོར་དང་བཅས་པ་ཡིས། །དཔའ་བོའི་གཟུགས་སུ་ལམ་དུ་ཞུགས་པ་ན། །ན་ལེནྡྲ་ཡི་རྒྱལ་པོ་ཆེན་པོ་ཡང༌། །ནོར་རྫས་མང་པོ་བདག་ལ་འབད་བྱས་ཏེ། །འཁོར་དང་བཅས་པས་དཔག་ཚད་གསུམ་དུ་བསྐྱལ། །དེ་ནས་རྒྱལ་པོ་ཕྱིར་ལ་ཟློག་པའི་ཚེ། །རྒྱལ་བུས་ཕྲེང་བའི་ཚིག་ནི་སླར་གསོལ་པ། །ས་བདག་ཁྱོད་ནི་བདེ་འབྱོར་ཐོབ་གྱུར་ཀྱང༌། །སྲིད་པའི་དགྲ་དེ་ཆོམ་པར་མ་གྱུར་ན། །ཕྱི་ནས་གཤེད་མས་བཅིངས་ཏེ་ཁྲིད་པའི་ཚེ། །འགྱོད་པར་མཆིས་པས་ཆོས་འབྱོར་སྟེན་ཅིག་ཨང༌། །བསམ་པ་བཟང་པོས་དོ་ཞག་མཇལ་ན་ཡང༌། །མི་རྟག་ཚུལ་གྱིས་ཚོང་དུས་མགྲོན་པོ་འདྲ། །འབོར་བར་གདའ་མོད་བརྩེ་བས་མ་དོར་བར། །ཆོས་དང་མཐུན་པར་མྱུར་དུ་མཇལ་བར་བགྱི། །རྒྱལ་པོས་ཀྱང་ནི་དེ་ལ་ལན་གསོལ་པ། །སྐལ་བ་བཟང་པོས་དེང་སང་མཇལ་བས་ཆོག །ཆོས་རྒྱལ་སྲས་དང་བཅས་པའི་ཡིད་དབང་པོ། །དེང་སོང་གཤེགས་པས་བུ་ལ་ཕྲེང་བར་གྱུར། །འོན་ཀྱང་མྱུར་དུ་མཇལ་བའི་སྨོན་ལམ་འཚལ། །
དེ་ནས་རི་བོ་ཟོམ་གྱི་ལྷོ་ཕྱོགས་སུ། །བླ་མ་ཨ་ཝ་དྷཱུ་ཏིའི་སྤྱན་སྔར་ཕྱིན། །དེ་ཚེ་བླ་མ་སྐྱེས་མཆོག་དམ་པ་ནི། །བྲག་གདོང་ནག་པོ་གཅིག་གི་བྱ་སྐྱིབས་ན། །ལྭ་བ་ནག་པོ་གཅིག་ནི་སྐུ་ལ་གསོལ། །ཀྲིཥྞ་སཱ་རའི་པགས་པ་གདན་དུ་བཏིང༌། །སྒོམ་ཐག་ཆེན་པོ་གཅིག་ནི་ག་ཤར་བཅུག །སྐུ་ལུས་སྦོམ་ལ་ཤིན་ཏུ་གསུས་ཁྱིམ་ཆེ། །སྤྱན་མིག་དམར་ལ་ཤ་རྩི་ཅུང་ཟད་སྔོ། །རྟོག་པ་མེད་པར་ཕྱེད་སྐྱིལ་ལུས་གནད་བཅས། །སྣོད་བཅུད་ཐམས་ཅད་ཐོད་པ་གཅིག་ཏུ་བསྡུས། །ཆགས་པ་མེད་པར་དེ་ན་བཞུགས་པར་མཐོང༌། །རྒྱང་ནས་ཆིབས་ལས་གཞོལ་ཏེ་ཕྱག་བཙལ་ཞིང༌། །འཁོར་དང་བཅས་ཏེ་དྲུང་དུ་འདུག་པ་ན། །ཅེར་རེ་གཟིགས་ནས་ཞལ་ནས་འདི་སྐད་གསུངས། །ང་རྒྱལ་སྒང་བུ་རལ་བར་མ་གྱུར་ཏམ། །ནག་པོའི་ཕྱོགས་ཀྱིས་མནར་བར་མ་གྱུར་ཏམ། །ཁྱིམ་གྱི་འདམ་དུ་བྱིང་བར་མ་གྱུར་ཏམ། །བདུད་ཀྱི་བུ་མོས་བསླུས་པར་མ་གྱུར་ཏམ། །འཕགས་པ་དལ་འབྱོར་ཆུད་ཟོས་མ་བྱས་སམ། །རྒྱལ་པོའི་བུ་དང་ཁྱེད་རྣམས་ག་ནས་འོང༌། །ཐལ་མོ་སྦྱར་ནས་ཚིག་དེའི་ལན་གསོལ་པ། །ཁོ་བོ་ཤར་ཕྱོགས་བྷཾ་ག་ལ་ནས་འོང༌། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོང༌། །རྒྱལ་སྲིད་ཚོགས་ལ་ཞེན་པ་ལོག་ནས་འོང༌། །འཁོར་བའི་ཆོས་ལ་སྐྱབས་གནས་ཞུ་རུ་འོང༌། །ཆོས་གྲྭ་ཆེན་པོ་ན་ལེནྡྲ་རུ་ཕྱིན། །རིགས་པའི་ཁུ་བྱུག་དེ་ལ་སྐྱབས་གནས་ཞུས། །ཕ་དེས་ཁོ་བོ་ཁྱེད་ཀྱི་དྲུང་དུ་བཏང༌། །ད་ནི་ཁྱེད་ཀྱིས་བདག་ལ་བསྐྱབ་ཏུ་གསོལ། །ཨ་ཝ་དྷཱུ་ཏིའི་ཞལ་ནས་འདི་སྐད་གསུངས། །ཁོ་བོ་རྒྱལ་པོའི་རིགས་སུ་སྐྱེས་ན་ཡང༌། །ཉོན་མོངས་ལས་ཀྱི་ཚོགས་ལ་ཆེས་འཇིགས་ནས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས། །ཨ་ཝ་དྷཱུ་ཏིའི་སྤྱོད་པ་སྐྱོང་ནུས་སམ། །རྒྱལ་སྲིད་འབྱོར་པ་དུག་གི་མཚོ་དང་འདྲ། །འཐུང་བ་ཙམ་གྱིས་ཐར་པའི་སྲོག་ལ་འོང༌། །རྒྱལ་སྲིད་འབྱོར་པ་མེ་ཡི་འོབས་དང་འདྲ། །བརྒལ་བ་ཙམ་གྱིས་སྡུག་བསྔལ་སྐྱེད་པར་བྱེད། །དེ་རིང་ཕར་སོང་རྒྱལ་པོའི་ཁབ་ཏུ་སོང༌། །ཁྱིམ་གྱི་ཉེས་དམིགས་ལྟོས་ལ་མྱུར་དུ་ཤོག །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །བསྙེན་བཀུར་བགྱིས་ནས་མྱུར་དུ་བབ་ཏུ་འོང༌། །སྐྱེ་བོ་རྣམས་ཀྱིས་རྒྱལ་བུ་མཐོང་བ་ན། །ག་ཤ་སྒྲོགས་ཤིང་གླུ་གར་རོལ་མོ་འབུལ། །རང་གི་ནང་དུ་ལྷག་པར་གྱུར་པའི་ཚེ། །རྒྱལ་པོ་ཡབ་ཡུམ་ཆེས་ཆེར་དགའ་བ་ཡིས། །ཟླ་བའི་སྙིང་པོ་ཁྱོད་ཀྱིས་གང་དུ་ཕྱིན། །དེ་ཙམ་གཅིག་ཏུ་དུབ་པར་མ་གྱུར་ཏམ། །ཉེས་དམིགས་མཐོང་ནས་ཤེས་པ་མ་སྐྱེའམ། །སླེབས་པ་ལེགས་ཞེས་དགའ་བ་སྒྲོགས་པ་ན། །རྒྱལ་བུ་དམ་པས་ཞི་བས་ལན་སྨྲས་པ། །ས་ཕྱོགས་དག་ཏུ་ཉམས་དགའ་རྩེ་རུ་ཕྱིན། །བསྟན་པའི་དགྲ་བོ་ཐབས་ཀྱིས་འདུལ་དུ་ཕྱིན། །ཐུབ་པ་སྐྱབས་གནས་བླ་མ་འཚོལ་དུ་ཕྱིན། །རི་བྲག་དག་ཏུ་དབེན་གནས་འཚོལ་དུ་ཕྱིན། །གང་དུ་ཕྱིན་ཀྱང་འཁོར་བའི་ཉེས་དམིགས་མཐོང༌། །སུ་དང་འགྲོགས་ཀྱང་འཁོར་བའི་ཉེས་དམིགས་བཤད། །ཅི་ལྟར་བྱས་ཀྱང་ཤེས་པ་མ་ཕེབས་ན། །གོ་སྐབས་ཕྱེ་ཞིག་བདག་ནི་ཆོས་ལ་འགྲོ། །
དེ་ཡི་ལན་དུ་ཕ་མས་འདི་སྐད་གསུངས། །རྒྱལ་བུ་འཁོར་བའི་གནས་སུ་སྐྱེ་ལགས་ན། །རྒྱལ་སྲིད་ཟུང་ལ་དཀོན་མཆོག་མཆོད་པ་གྱིས། །ཐུགས་རྗེ་ཆེན་པོས་དབུལ་ཕོངས་ཚིམ་པར་གྱིས། །གཙུག་ལག་བཞེངས་ལ་དགེ་འདུན་རྟག་ཏུ་ཐེག །ཕྱོགས་རིས་མེད་པར་བྱམས་དང་སྙིང་རྗེ་སྒོམས། །དེ་ལྟར་བྱས་ན་ཀུན་ཏུ་བདེ་བར་འགྱུར། །རྒྱལ་བུ་དམ་པས་ལན་སྨྲས་པ། བརྩེ་བའི་ཡབ་གཅིག་བདག་ལ་གསན་དུ་གསོལ། །ང་ནི་རིན་ཆེན་གསེར་གྱི་ཕོ་བྲང་ན། །དར་གྱི་བཅུད་མོས་བསྡམས་ཏེ་འཁྱོག་མེད་པར། །ཕོ་བྲང་འདི་རུ་བདག་ནི་མནར་བར་འགྱུར། །བདག་གིས་འཁོར་བ་འདི་ལ་ཆེར་བལྟས་ཤིང༌། །སྐྱེ་བོ་ཡོངས་ཀྱི་སྡུག་བསྔལ་བསམ་པ་ན། །རྒྱལ་སྲིད་འདི་ལ་ཆགས་པའི་སྣང་བ་ནི། །མཆིལ་མའི་ཐལ་བ་ཙམ་ཡང་མི་གདའོ། །བདག་གིས་བསྐོར་ཞིང་ཉིན་མཚན་དུས་དྲུག་ཏུ། །ཁྱིམ་གྱི་ཉེས་དམིགས་ཆེས་ཆེར་བསམ་པ་ན། །མཚར་ཡང་བསླུ་བྲིད་བདུད་ཀྱི་བུ་མོ་ལ། །ཆགས་སེམས་སྐད་ཅིག་ཙམ་ཡང་མི་གདའ་འོ། །བདག་གིས་རྫུན་སྣང་འདི་ལ་བལྟས་ཙ་ན། །དཀར་གསུམ་ཀ་ར་བུ་རམ་སྦྲང་རྩི་དང༌། །མི་གཙང་མཛེ་ཀླད་ཁྱི་ཤ་རྣག་ཁྲག་ལ། །ཁྱད་པར་ཅུང་ཟད་ཙམ་ཡང་མི་གདའ་འོ། །དར་ཟབ་གོས་དང་གཡུ་འབུར་མཛེས་པ་དང༌། །ལྷ་ཡི་རྒྱན་ཆ་མཛེས་པས་མཆོད་པ་དང༌། །མི་གཙང་ཁྲོད་དུ་ལྭ་བ་གྱོན་པ་ལ། །ཁྱད་པར་ཅུང་ཟད་ཙམ་ཡང་མི་གདའ་ན། །ང་འགྲོ་བསམ་གཏན་བསྒོམ་དུ་ནགས་སུ་འགྲོ། །དུར་ཁྲོད་བརྒྱད་དུ་རྩེད་མོ་རྩེ་རུ་འགྲོ། །ང་འགྲོ་གསང་བའི་གནས་སུ་དགའ་བདེ་སྐྱོང་དུ་འགྲོ། །ཆགས་མེད་རོ་སྙོམས་ལྡོམ་བུ་བསྟེན་དུ་འགྲོ། །ང་འགྲོ་ང་འགྲོ་རི་བོའི་ཟོམ་དུ་འགྲོ། །རྗེ་བཙུན་ཨ་ཝ་དྷཱུ་ཏིའི་དྲུང་དུ་འགྲོ། །ང་འགྲོ་ང་འགྲོ་མཁའ་སྤྱོད་གནས་སུ་འགྲོ། །རྡོ་རྗེ་ཐེག་པའི་རོ་མཆོག་མྱོང་དུ་འགྲོ། །ང་འགྲོ་ང་འགྲོ་ཨུ་རྒྱན་ཡུལ་དུ་འགྲོ། །ཡེ་ཤེས་མཁའ་འགྲོ་གྲོགས་སུ་སྡུད་དུ་འགྲོ། །ང་འགྲོ་ང་འགྲོ་འོག་མིན་གནས་སུ་འགྲོ། །རྣམ་སྣང་ཞབས་ལ་སྤྱི་བོས་བརྟེན་དུ་འགྲོ། །ང་འགྲོ་ང་འགྲོ་དགའ་ལྡན་གནས་སུ་འགྲོ། །བྱམས་པའི་སྐྱེས་མཆོག་བླ་མ་བརྟེན་དུ་འགྲོ། །ང་འགྲོ་ང་འགྲོ་ཞིང་ཁམས་ཡོངས་སུ་འགྲོ། །དམ་པ་ཆོས་ཀྱི་དགའ་སྟོན་འགྱེད་དུ་འགྲོ། །ང་འགྲོ་ང་འགྲོ་འཕགས་པའི་ཞིང་དུ་འགྲོ། །བདེ་བ་ཅན་འགྲོ་ཉམས་དགའ་སྐྱོང་དུ་འགྲོ། །ཁོ་བོ་མ་བཅིངས་མ་བཅིངས་དགེ་བ་དཔལ། །ཕ་གཅིག་བུ་ལ་བརྩེ་ན་བཙན་སར་སྐྱོལ། །ཁོ་བོ་མ་བཅིངས་མ་བཅིངས་འོད་ཟེར་ཅན། །མ་གཅིག་བུ་ལ་བརྩེ་ན་ཆོས་ལ་སྦྱོར། །ཉི་མ་དེ་རིང་ང་ལ་འབྲས་ཆང་དང༌། །ཤ་དང་འོ་མ་བུ་རམ་སྦྲང་རྩི་དང༌། །རྫས་ཀྱི་འབྱོར་པ་ཅུང་ཞིག་ཐུགས་ལ་ཐོགས། །རྗེ་བཙུན་ཨ་ཝ་དྷཱུ་ཏིའི་དྲུང་དུ་འགྲོ། །བསྙེན་བཀུར་བྱེད་ཅིང་བདག་རྒྱུད་འདུལ་དུ་འགྲོ། །ཚིག་དེ་རྒྱལ་བུ་དམ་པས་གླུ་དབྱངས་ཤིག །ཡབ་ཡུམ་གཉིས་ཀྱི་སྙན་དུ་ཕུལ་བ་དང༌། །དྲི་ཟའི་རྒྱལ་པོའི་གླུ་དབྱངས་བླངས་པ་ན། །སྐྱེ་བོ་རྣམས་ཀྱི་རིག་པ་གཡོས་པ་ལྟར། །ཡབ་ཡུམ་གཉིས་ཀྱི་ཤེས་པ་ཆེར་གཡོས་ནས། །ལན་མ་ཐེབས་པར་རང་ལ་གང་འདོད་གནང༌། །
དེ་ནས་འབྲས་ཆང་ལ་སོགས་ཟས་སྣ་དང༌། །རྟ་པ་སྟོང་དང་བཅས་པས་ནགས་སུ་ཕྱིན། །ཨ་ཝ་དྷཱུ་ཏི་མཆོད་པས་ཚིམ་བྱས་ནས། །ཐལ་མོ་སྦྱར་ཞིང་ཞབས་ལ་བཏུད་པ་དང༌། །བླ་མས་སེམས་ལ་ཐེག་ཆེན་དབང་བསྐུར་མཛད། །དེ་ཚེ་འཁོར་ལོས་སྒྱུར་རྒྱལ་རྒྱལ་པོ་ལ། །འཁོར་གྱིས་བསྐོར་ཞིང་འཇིགས་པ་སྲུང་བ་ལྟར། །ཐམས་ཅད་རྟ་ལས་མང་བས་ནགས་ཁྲོད་ན། །ཧོ་སྒྲ་ཀུ་སྒྲ་སྒྲོགས་ཤིང་ཕྱོགས་ནས་བསྐོར། །མེལ་ཚེ་བྱེད་ཅིང་གླུ་དབྱངས་མཆོད་པ་འབུལ། །བྱིན་བརླབས་རྗེས་སུ་བླ་མས་འདི་སྐད་གསུངས། །རི་བོ་ནག་པོའི་གཙུག་ལག་ཁང་དུ་སོང༌། །དཔལ་ལྡན་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །བཀའ་སྡོད་གཤིན་རྗེའི་གཤེད་ཀྱི་སྒྲུབ་པ་པོ། །དཔལ་ལྡན་རཱ་ཧུ་ལ་ཡི་དྲུང་དུ་སོང༌། །སེམས་བསྐྱེད་དབང་བསྐུར་གདམས་པ་དམ་པ་ཞུས། །དེ་ཡང་སྔོན་གྱི་བླ་མ་དམ་པ་ཡིན། །དགའ་བར་རྒྱུ་གཅིག་མ་བསྡད་ད་ལྟ་སོང༌། །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །དཔའ་བོ་ཆེན་པོ་གཡུལ་དུ་ཞུགས་པ་ལྟར། །ཁྲབ་ཀྱི་གོས་ཅན་རྟ་པ་སྟོང་ཕྲག་གིས། །རྨོག་གྱོན་དཔའ་བོའི་ངར་སྒྲ་ཆེན་པོ་ཡིས། །སྟ་རེ་དགྲ་སྟ་ཐོ་བ་མདུད་ཐུང་འཕྱར། །ཐོག་མདའ་འཕེན་ཞིང་ཀུན་ནས་ཚིག་སྒྲ་སྒྲོག །དགའ་བའི་གླུ་ལེན་གཙུག་ལག་ཁང་དུ་རྒྱུ། །དེ་ནས་རི་བོ་ནག་པོའི་གཙུག་ལག་ཏུ། །རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་ལ། །དཔལ་ལྡན་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །གསང་སྔགས་རྒྱུད་སྡེ་གསུང་གིན་ཡོད་པ་ལ། །རྒྱལ་བུ་ཟླ་བ་གཞོན་ནུ་བྱོན་པ་གཟིགས། །ཆོས་ལ་བྱོན་པ་མངོན་པར་མཁྱེན་ན་ཡང༌། །ཐུགས་རྗེ་ཆེན་པོས་བསྡིགས་རི་བྱ་བའི་ཕྱིར། །རྒྱལ་པོའི་སྟེང་དུ་ཐོག་གཅིག་ཕབ་པ་ན། །ཐོག་དེ་དབྱིངས་ནས་འབབ་ཏུ་མ་འདོད་པར། །མུ་སྟེགས་ནག་པོའི་མཆོད་རྟེན་རི་ལ་སོང༌། །
དེ་ནས་རྣལ་འབྱོར་པ་རྣམས་ཡ་མཚན་ནས། །རྒྱལ་པོའི་དམག་འདི་གང་ལགས་སུ་ཞེས་གསོལ། །དེ་མ་ཐག་ཏུ་བླ་མས་ལན་གསུངས་པ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གསུམ་དུ། །རྣམ་དག་དགེ་སློང་མཁས་པའི་པཎ་ཆེན་དུ། །ལེགས་པར་བརྒྱུད་ཅིང་དེང་སང་བྷཾ་ག་ལར། །ཆོས་རྒྱལ་དགེ་བ་དཔལ་གྱི་སྲས་སུ་བལྟམས། །འདི་འདྲའི་འཁོར་དང་རྒྱལ་སྲིད་ཆེན་པོ་ལ། །འདི་ན་མ་ཆགས་དཀའ་བ་སྤྱོད་པར་འདོད། །རི་བོའི་ཟོམ་ནས་ཨ་ཝ་དྷཱུ་ཏི་པས། །ང་ལུང་བསྟན་ཏེ་དེ་རིང་དྲུང་འདིར་ལྷགས། །ངོ་མཚར་ཆེའོ་སྐལ་ལྡན་ཕོ་མོ་རྣམས། །ཞེས་གསུངས་པ་དང༌། །ཀུན་གྱི་ཨ་ལ་ལ་ཧོ་ངོ་མཚར་ཅན། །དེ་རིང་དཔའ་བོ་ཆེན་པོ་བྱོན་པ་ལེགས། །དེ་ནས་ཀུན་གྱིས་བཞེངས་ཏེ་རྒྱང་ནས་བསུས། །རྒྱལ་བུ་ཆེན་པོས་ཆིབས་ལས་གཞོལ་བ་དང༌། །རྟ་པ་སྟོང་གིས་དེ་བཞིན་རྟ་ལས་བབས། །དེ་ནས་བླ་མའི་ཕོ་བྲང་འཁོར་དུ་བྱོན། །གུས་པས་ཕྱག་འཚལ་གསོལ་བ་འདི་སྐད་བཏབ། །སྐྱེས་མཆོག་བླ་མ་དམ་པ་གསན་དུ་གསོལ། །ཁྱིམ་ནས་བྱུང་སྟེ་ཐར་པ་བསླབ་འདོད་ཀྱང༌། །འདི་ལྟར་གྲགས་པའི་རིགས་བརྒྱུད་ཐོབ་པ་ཡིས། །བྷཾ་ག་ལ་རུ་ཁོ་བོ་འཆིང་ཉེན་གདའ། །ཛེ་ཏཱ་རི་དང་བྱང་ཆུབ་བཟང་པོ་དང༌། །རིག་པའི་ཁུ་བྱུག་ཨ་ཝ་དྷཱུ་ཏི་པ། །དངོས་གྲུབ་བརྙེས་པའི་བླ་མ་བསྟེན་གྱུར་ཀྱང༌། །ད་དུང་རྒྱལ་སྲིད་གནས་ལས་མ་གྲོལ་གྱུར། །ད་ནི་བླ་མ་ཉིད་ཀྱི་དྲུང་དུ་བཏང༌། །བདག་ལ་སེམས་བསྐྱེད་ཐེག་ཆེན་དབང་བསྐུར་གྱིས། །ངེས་པར་འཆིང་བ་འདི་ལས་བསྒྲལ་དུ་གསོལ། །དེ་ནས་བླ་མ་དཔའ་བོ་དམ་པ་ཡིས། །རྒྱལ་བུ་གཅིག་པུ་དཀྱིལ་འཁོར་དྲུང་དུ་ཁྲིད། །དཔལ་ལྡན་དགྱེས་པ་རྡོ་རྗེའི་དབང་བསྐུར་མཛད། །གསང་ཆེན་ཡེ་ཤེས་གསང་བའི་རྡོ་རྗེར་བཏགས། །ཉིན་དང་མཚན་དུ་གདམས་པའི་ཆར་པ་ཕབ། །ཉིན་ཞག་བཅུ་གསུམ་བར་དུ་དབང་བསྐུར་བགྱིས། །རྗེས་ཀྱི་བྱ་བ་ཐམས་ཅད་ཚང་བར་མཛད། །དེ་ཡི་བར་དུ་འཁོར་ཚོགས་ཐམས་ཅད་ཀྱང༌། །མ་ཉལ་འགྲོ་དང་འཆགས་དང་རྩེ་བ་དང༌། །གླུ་དང་གར་དང་རོལ་མོ་སྣ་ཚོགས་བྱེད། །རྒྱལ་བུ་ཕྱིར་ལ་ནམ་བྱོན་སྙམ་པ་ལས། །རྣམ་པར་རྟོག་པ་གང་ཡང་མ་བྱུང་ངོ༌། །ཉིན་མཚན་བཅུ་གསུམ་འདས་པའི་དུས་ཚོད་ན། །རྒྱལ་བུས་ཧེ་རུ་ཀ་ཡི་གཟུགས་སུ་བྱོན། །འཁོར་ལ་གཟིགས་ཤིང་མི་རྟག་གླུ་དབྱངས་བླངས། །འཁོར་གསུམ་བལྟ་ཞིང་སྙིང་པོ་མེད་པར་གཟིགས། །དེ་ཚེ་ངག་ཏུ་གསོལ་བའི་གླུ་དབྱངས་ནི། །ཕ་རོལ་ཉག་གཅིག་དབྱིངས་ཀྱི་ནམ་མཁའ་ལ། །སྐྱེ་མེད་གྲགས་སྟོང་ཚིག་གི་ང་རོ་སྒྲོགས། །རྒྱལ་སྲིད་རྨི་ལམ་ནོར་འདྲ་སྙིང་པོ་མེད། །འཁོར་རྣམས་སྒྱུ་མའི་ཚོགས་ལྟར་བསླུ་བྲིད་ཡིན། །ཐམས་ཅད་བོར་ནས་བྱང་ཆུབ་མ་བསྒྲུབས་ན། །ཁོ་བོ་སྐལ་ལྡན་བསོད་ནམས་བསགས་པ་མིན། །ཉིན་དང་མཚན་དུ་གནས་ལུགས་དོན་སྒོམ་ཞིང༌། །རྒྱ་ཆེན་ཐོས་པ་རྟག་ཏུ་བཙལ་བར་བྱ། །
དེ་ནས་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །མི་རྟག་རང་བཞིན་ལས་ཀྱི་རྣལ་འབྱོར་མ། །དཔའ་བོ་དངོས་གྲུབ་བརྙེས་པའི་རྣལ་འབྱོར་པ། །འཇིགས་པའི་གྲུབ་ཐོབ་ཕོ་མོ་གཅེར་བུ་བརྒྱད། །ལག་པ་གཡས་ན་མི་རྐང་གླིང་བུ་བཟུང༌། །གཡོན་པས་མི་ཤ་ལག་པ་སོ་འདྲད་བྱེད། །ངག་ཏུ་ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །ཀུན་ནས་རྒྱལ་བུའི་ཕྱིར་ལ་བསྐོར་ཞིང་རྒྱུག །བྷཾ་ག་ལ་སོགས་རྒྱལ་བུའི་བསམ་པ་བསྒྱུར། །རྒྱལ་བུ་སྲིད་དང་ཕ་རོལ་བསམ་པ་བསྒྱུར། །སྐྱེས་མཆོག་ཨ་ཝ་དྷཱུ་ཏིའི་དྲུང་དུ་སྐྱོལ། །ལྭ་བའི་གོས་གྱོན་དམན་པའི་ཟས་ཀྱིས་སྐྱོང༌། །དར་ཟབ་སྟན་ཕྲོལ་ཀྲིཥྞ་སཱ་ར་བྱིན། །འཁོར་དང་རྟ་ཕྲོལ་གཅིག་པུ་ལྡོམ་བུ་སློབ། །མ་ཞུམ་མ་ཞུམ་ཐར་པ་སྒྲུབ་པའི་དུས། །ངེས་པར་གཉེན་པོ་བཙན་ཚོད་སྒྲུབ་པའི་དུས། །ད་ལྟ་རྒྱུག་ཅེས་བླ་མས་བཀའ་བསྒོ་མཛད། །དེ་ནས་རྒྱལ་བུ་གྲུབ་ཐོབ་ཆ་ལུགས་སུ། །ཆིབས་ལ་ཆིབས་ཏེ་རྟ་པ་སྟོང་གིས་བསྐོར། །ལམ་དུ་ཞུགས་ཚེ་རྡོ་རྗེའི་མགུར་བཞེངས་པ། །སྐྱེ་བ་མེད་པ་སེམས་ཀྱི་རྡོ་རྗེ་ལས། །འགྱུར་བ་མེད་པ་རྡོ་རྗེའི་ཐེག་པ་རྙེད། །ཤིན་ཏུ་དགའ་བ་ཉམས་ཀྱི་རྡོ་རྗེ་ལ། །རྡོ་རྗེའི་ཉམས་དང་ལྡན་པའི་སྣང་བ་ཤར། །གསལ་ལ་དག་པ་ལྷ་ཡི་རྡོ་རྗེ་ལ། །ཉེས་སྐྱོན་བྲལ་བ་ལུས་ཀྱི་གཟུགས་བརྙན་ཤར། །རྡོ་རྗེ་རིན་ཆེན་ལུས་ཀྱི་ད་ལ་ལ། །བདག་མེད་རྡོ་རྗེ་འཇིགས་མེད་སྣང་བ་ཤར། །མི་རྟོག་ཡེ་ཤེས་གསང་བའི་རྡོ་རྗེ་སྟེ། །འཁོར་བའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར། །རྒྱལ་བུས་རྡོ་རྗེའི་མགུར་དེ་བཞེས་པ་དང༌། །ནང་བློན་ཆེན་པོ་དཔའ་བོ་རྡོ་རྗེ་དང༌། །བློན་པོ་ཆེན་པོ་ཕས་རྒོལ་རབ་འཇོམས་དང༌། །བློན་པོ་ཆེན་པོ་སྐར་མའི་རྒྱལ་བ་དང༌། །བློན་པོ་ཆེན་པོ་འཇིག་པ་མེད་པ་དང༌། །བློན་པོ་བཞི་ཡིས་སྐྱོ་བའི་གླུ་བླངས་པ། །ཨེ་མ་ཧོ་འཇིག་རྟེན་ལས་ཀྱི་མཐུ་བཙན་པ། །ཀུན་ནས་བསྔགས་པ་ཟ་ཧོར་ཡུལ་མཆོག་ན། །དཔལ་འབྱོར་རྒྱས་པ་གྲོང་ཁྱེར་བྷཾ་ག་ལ། །ལྟ་ན་སྡུག་པ་གསེར་གྱི་རྒྱལ་མཚན་ཅན། །ངོ་མཚར་ཆེའོ་རྒྱལ་པོ་དགེ་བ་དཔལ། །འགྲོ་བའི་མ་མ་ལྷ་མོ་འོད་ཟེར་ཅན། །སྤྲུལ་པ་འདྲ་བའི་བློན་འབངས་བོར་གྱུར་ནས། །རྒྱལ་བུ་དམ་པ་ནགས་སུ་ཞུགས་པ་འདྲ། །རྟ་དང་ཤིང་རྟ་གླང་པོ་བཞག་གྱུར་ནས། །དམན་པའི་ཚུལ་བཟུང་རྐང་འགྲོས་གྱེད་བྱེད་འདྲ། །ལྷ་ཡི་རྒྱན་དང་ན་བཟའ་བཞག་གྱུར་ནས། །དམན་པའི་ཆས་སུ་ལས་པ་གྱོན་ཉེན་གདའ། །རྨ་བྱ་བསྣོལ་བའི་ཁྲི་སྟན་ཕར་བཞག་ནས། །ལོ་མའི་སྤྱིལ་པོར་ཀྲིཥྞ་བཏིང་ཉེན་གདའ། །མཛེས་པའི་ལྷ་མོ་ཁབ་ཏུ་མི་བཞེས་པར། །དུར་ཁྲོད་འགྲིམ་ཞིང་རོ་ཟས་ཟ་ཉེན་གདའ། །བལྟམས་མ་ཐག་ཏུ་དཀར་པོའི་སྣང་བ་ཅན། །དགའ་བར་འདུས་པ་འདྲལ་བར་ཕོད་ལགས་སམ། །དེ་ལྟར་གླུ་ལེན་སྐྱོ་བས་ཁབ་ཏུ་འོང༌། །ཀུན་གྱིས་ཕོ་བྲང་འཁོར་དུ་སླེབས་པ་ན། །སྐྱེ་བོ་ཀུན་གྱིས་ཚོར་ཞིང་བལྟས་པའི་ཚེ། །ཕྱོགས་སྐྱོང་བཅུ་པོ་རབ་ཏུ་ཞུགས་པ་ལྟར། །འཇིགས་ཤིང་དཔའ་ལ་གོ་ཆ་རབ་ཏུ་སྲ། །མཛེས་ཤིང་མཚར་ལ་ཡ་མཚན་ལྟད་མོ་ཆེ། །སིལ་སིལ་ཁྲོལ་ཁྲོལ་འུར་སྒྲ་སྣ་ཚོགས་སྒྲོགས། །རང་གི་རྒྱལ་བུ་ལགས་ཀྱང་འཇིགས་པར་ཚོར། །ཟླ་བ་གསུམ་དུ་བློན་པོ་ཐམས་ཅད་ཀྱང༌། །དམག་གི་ཆས་གྱོན་རྟ་རྣམས་སྒ་ཆས་སྒྲོན། །ལ་ལ་ཚབ་འདྲེན་ལ་ལ་གླུ་གར་རྩེ། །ལ་ལ་འཐབ་པ་ལྟ་བུར་གོ་གསར་བྱེད། །རྣལ་འབྱོར་ཕོ་མོ་དག་ནི་མཆོང་ཞིང་རྒྱུག །རྒྱལ་བུས་གྲོང་ཁྱེར་དབུས་སུ་སྨྱོ་སྤྱོད་སྐྱོང༌། །ཀུན་གྱིས་རྒྱལ་སྲིད་སྤོང་བར་ཁ་ཚོན་བཅད། །ཐམས་ཅད་ཕྲེང་ཞིང་མི་གནས་མཆི་མ་འབྱིན། །ཁྱེའུ་ཁྱུ་རུ་གཅན་གཟན་ལྷག་པ་ལྟར། །ཡབ་ཡུམ་བུ་ཕྱིར་མྱ་ངན་སྨྲེ་སྔགས་འདོན། །
ལྷག་པར་ཡབ་ཀྱི་ཞལ་ནས་འདི་སྐད་གསུངས། །ཨེ་མ་བུ་ཁྱོད་ལེགས་པར་བཙས་པའི་ཚེ། །ཡ་མཚན་ལྟས་མཐོང་རྒྱལ་སྲིད་སྐྱོང་སྙམ་ནས། །དགའ་བའི་སེམས་ཀྱིས་ཡིད་དབང་སོས་པར་གྱུར། །ད་ནི་ནགས་ཁྲོད་བརྟེན་ནམ་ཇི་སྐད་ལགས། །རྒྱལ་བུས་སྨྲས་པ་ཆོས་རྒྱལ་གསན་དུ་གསོལ། །ཅི་གསུང་བདག་གིས་རྒྱལ་སྲིད་བཟུང་གྱུར་ན། །ཚེ་འདིར་ཡུད་ཙམ་ཡབ་དང་འགྲོགས་མོད་ཀྱི། །སྐྱེ་བ་རྟག་ཏུ་ཕ་བུར་མི་ཤེས་ཤིང༌། །ཕན་གནོད་མེད་ན་ཤིན་ཏུ་འཚེང་བ་མིན། །བདག་གིས་རྒྱལ་སྲིད་ཆེན་པོ་རབ་སྤངས་ནས། །ངེས་པར་རྣམ་གྲོལ་བྱང་ཆུབ་ལམ་འགྲུབ་ན། །སྐྱེ་བ་གཏན་དུ་དགའ་བདེར་འགྲོགས་སུ་ཡོད། །དེ་ཕྱིར་བདག་ལ་གོ་སྐབས་སྩལ་བར་མཛོད། །
དེ་ནས་ཡུམ་གྱི་ཞལ་ནས་འདི་སྐད་གསུངས། །ཅི་ཕན་བུ་འདི་ཤིན་ཏུ་ཕྲེང་ན་ཡང༌། །སྐྱེ་རྒུ་ཀུན་ལ་ལས་ཀྱི་འཕེན་པ་གཙོ། །སྐྱེས་མཆོག་གང་སུ་ཆོས་ལ་བདེ་བར་ཐོངས། །ཕྱིས་ནས་གཏན་དུ་འགྲོགས་པའི་སྨོན་ལམ་འཚལ། །དེ་ནས་རྒྱལ་བུ་ནངས་པར་ཐོ་རངས་ནས། །རྣལ་འབྱོར་རྣམས་དང་ལྷན་ཅིག་ནགས་སུ་བྱོན། །ཨ་ཝ་དྷཱུ་ཏིའི་དྲུང་དུ་དཀའ་ཐུབ་བསྟེན། །ཆགས་པ་མེད་པ་དབུ་མའི་ཆོས་རྣམས་བསླབས། །དགུང་ལོ་བཅུ་གཉིས་ལོན་ནས་བཅོ་བརྒྱད་བར། །ཨ་ཝ་དྷཱུ་ཏིའི་སྤྱོད་པ་སྐྱོང་བ་ལ། །ཐོས་བསམ་སྒོམ་གསུམ་སྟན་ཐོག་གཅིག་ཏུ་བསྒྲུབས། །དེ་ནས་རྗེ་བཙུན་སྙིང་རྗེ་ཆེན་པོ་འདིས། །དཀའ་བ་བརྒྱ་ཕྲག་དུ་མས་འབད་པ་ཡིས། །རྒྱལ་སྲིད་ཆེན་པོ་བསྐམ་གྱིས་མི་ཁྱབ་པ། །མཆིལ་མའི་ཐལ་བ་བཞིན་དུ་རབ་སྤངས་ནས། །རྣམ་གྲོལ་ཆེན་པོར་ཐར་པ་རབ་ཏུ་བརྙེས། །དེ་ཡི་འགྲན་ཟླ་སུ་ཡང་མ་མཆིས་པས། །བསྟན་པའི་མངའ་བདག་དོན་གྲུབ་རབ་བརྙེས་ལ། །འབྲོམ་རྗེ་ཁོ་བོས་སྤྱི་བོ་རབ་བཏུད་ནས། །འཁོར་བ་མ་སྟོངས་བར་དུ་བདག་ཕྱག་འཚལ། །འདི་ལ་སྒྲོ་སྐུར་དྲི་མ་གང་མཆིས་པ། །ཐུགས་རྗེ་ཆེན་པོ་ཁྱེད་ཀྱིས་བཟོད་པར་བཞེས། །བླ་མའི་རྣམ་པར་ཐར་པ་རྒྱ་མཚོ་ལས། །རྒྱལ་སྲིད་སྤངས་ནས་ཐར་པར་ཇི་ལྟར་བྱོན་པའི་ཡོན་ཏན་རགས་རིམ་ཙམ་ཞིག་རེ་ཞིག་རྫོགས་སོ།། །།
སྲིད་པའི་སྐྱོན་གྱིས་གོས་པར་མ་གྱུར་ཀྱང་། །ཐུགས་རྗེའི་དབང་གིས་སྲིད་པ་འདིར་བྱོན་ནས། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་མཛད་པའི། །སྲིད་ཞིའི་དཔའ་བོ་དེ་ལ་གུས་བཏུད་དེ། །ཡི་དམ་ལྷ་ཡི་ལུང་བསྟན་ཇི་སྙེད་ལས། །ཕྱོགས་ཙམ་བདག་གིས་བཤད་ཀྱིས་གཏམ་འདི་ཉོན། །ལན་གཅིག་དཀྱིལ་འཁོར་གཅིག་ལ་ཞུགས་པ་ན། །རྡོ་རྗེའི་གར་ཚར་མཆོད་པ་ཕུལ་བའི་ཚེ། །མ་གཅིག་རང་བཞིན་དབྱིངས་ཀྱི་རྣལ་འབྱོར་མ། །རུས་པའི་རྒྱན་ཆ་གསོལ་ནས་གར་དུ་བྱུང་། ཧཱུཾ་ཞེས་རྣམ་དག་རྡོ་རྗེའི་མགུར་བླངས་ནས། །མི་མངོན་དབྱིངས་ནས་ཚོགས་གཉིས་དཔལ་འབྱོར་བའི། །དཔའ་བོ་ཆེན་པོ་དམ་ཚིག་རོལ་པའི་ལྷ། །ཁྱབ་བདག་རིན་ཆེན་ཚོགས་ཀྱི་བདག་པོ་ཁྱོད། །ཡེ་ཤེས་གསང་བའི་རྡོ་རྗེ་མ་ལགས་སམ། །ཁྱོད་ཀྱིས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །བྱང་ཕྱོགས་རྒྱུད་ཀྱི་མཐའ་འཁོབ་མ་བཏུལ་ན། །ལས་ཀྱི་དཔའ་བོ་ཆེན་པོར་མི་རུང་བས། །མྱུར་དུ་རི་བོ་གངས་ཅན་རྒྱུད་དུ་སོང་། །དེ་ན་རིགས་གསུམ་མགོན་པོའི་སྤྲུལ་པ་ཡོད། །གཅིག་ནི་འབྲོམ་རྗེ་སྤྲུལ་པའི་ཆོས་འཕེལ་ལོ། །གཅིག་ནི་རྔོག་སྟོན་ལེགས་པའི་ཤེས་རབ་ལོ། །གཅིག་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ལོ། །
གཞན་ཡང་མཆོག་གིས་བྱིན་གྱིས་བརླབས་པ་ཡི། །སྤྲུལ་པའི་དགེ་སློང་ཤིན་ཏུ་མང་བར་ཡོད། །དེ་དག་ཐམས་ཅད་ཁྱོད་ཀྱི་སྲས་སུ་འགྱུར། །གངས་ཅན་རྒྱུད་དེར་བསྟན་པ་དར་བར་བྱེད། །དེར་སོང་ཆོས་ཀྱི་བྱ་བ་འདི་ལྟར་མཛོད། །རྡོ་རྗེའི་ཐེག་པ་ནང་དུ་དར་བར་མཛོད། །གཞུང་ལུགས་རྒྱ་མཚོ་ཕྱི་རུ་དར་བར་མཛོད། །བསླབ་གསུམ་རང་རང་རྒྱུད་ལ་དར་བར་མཛོད། །ལས་ཅན་བརྟགས་ཤིང་བཅུད་ཀྱིས་སྨིན་པར་མཛོད། །ཚེ་འདིའི་སྤྲོས་པ་མཐའ་དག་ཆོད་པར་མཛོད། །ཤེས་རབ་རྟོགས་པ་ནང་དུ་རྒྱས་པར་མཛོད། །འཕྲིན་ལས་བཟང་པོས་ཕྱོགས་མཐར་ཁྱབ་པར་མཛོད། །གདུལ་བྱ་ཡོངས་ལ་ཕྱོགས་རིས་མེད་པར་མཛོད། །སྒོ་གསུམ་ཐུབ་པ་ཆེན་པོར་བསྟན་པར་མཛོད། །གཉེན་པོ་མི་གཡོ་མགོན་པོར་ཚུགས་པར་མཛོད། །འགྲོ་དྲུག་ཐུགས་རྗེ་ཆེན་པོས་བརྩེ་བར་མཛོད། །འགྲོ་བའི་སྡུག་བསྔལ་ཐམས་ཅད་སྒྲོལ་མར་བསྟེན། །བསླབ་པ་གསུམ་གྱིས་ཉིན་མཚན་ཕྱུག་པར་མཛོད། །ལྷ་ཆོས་བདུན་གྱིས་འབྱོར་པས་ཕྱུག་པའི་ཚེ། །གསང་སྔགས་ལྷུན་གྱིས་གྲུབ་པར་མཆིས་སོ་ཨང་། །དཔའ་བོ་སྣོད་སྦྱོང་བཅུད་སྦྱོང་བདུད་སྡེ་ཆོམས་པར་གྱིས། །དམ་ཉམས་སངས་རྒྱས་བསྟན་པའི་དཀྲུགས་ཤིང་ཡིན། །དམ་ཉམས་ཕྱོགས་སུ་མ་བསྙེན་བརླག་པར་གྱིས། །ཚུལ་ཁྲིམས་འཆལ་བ་བདུད་ཀྱི་ཕོ་ཉ་ཡིན། །འཆལ་བ་ཕྱོགས་སུ་མ་བསྙེན་བརླག་པར་གྱིས། །ཆགས་སྡང་དབང་ཕྱུག་ཆེན་པོའི་སོ་པ་ཡིན། །མ་རུངས་སྐྱེ་བོ་ཕྱོགས་སུ་མ་བསྙེན་གཅིག །ལུང་མེད་ཁུངས་མེད་མུ་སྟེགས་ལྟ་ལོག་ཡིན། །རྟོག་གེ་རང་བཟོ་ཕྱོགས་སུ་མ་བསྙེན་གཅིག །ཆོས་འབྲེལ་བརྟགས་ནས་བླ་མར་མི་འཁུར་བ། །དགྲ་བདུད་སྙིང་ལ་ཞུགས་པའི་ཕོ་ཉ་ཡིན། །དམ་ཆོས་རྒུ་ཞིང་གང་ཟག་རས་འདོར་བ། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་ཆེན་པོ་ཡིན། །དེ་དག་རྒྱང་དུ་བསྲིངས་ཏེ་སྤང་བར་བྱ། །གང་དག་དགེ་འདུན་དག་གི་སྡེ་དཀྲུག་ཅིང་། །བླ་མའི་སྐུ་གསུང་ཐུགས་ལ་རྡོ་བ་དང་། །གཙུག་ལག་བཤིག་ཅིང་དྲིན་ཆེན་བསླུ་བ་རྣམས། །བསྒྲལ་བའི་ཞིང་ཡིན་འཇིགས་པས་སྤང་བར་བྱ། །བཀའ་དྲིན་གྱི་ཕ་མ་བསླུ་བ་དང་། །ལས་ཀྱིས་སྦྲེལ་བའི་བླ་མ་བསླུ་བ་དང་། །རྒྱུ་འབྲས་ལས་ལ་བསྐུར་བ་འདེབས་པ་ནི། །མནར་མེད་གསོ་རུ་མེད་པར་ཁོ་བོ་སྨྲ། །ཐེག་པ་ཆེའམ་དེ་བཞིན་ཆུང་ཡང་རུང་། །བླ་མ་ངན་ནམ་སློབ་མ་བཟང་ཡང་རུང་། །ཚིག་བཞི་ཡན་ཆད་ཆོས་ཀྱིས་སྦྲེལ་བ་ཡི། །སློབ་དཔོན་འབྱེད་ལ་མ་མོའི་བཀའ་ཆད་འབྱུང་། །གསོར་མེད་ནད་འདེབས་མི་བཟད་སྡུག་བསྔལ་གཏོང་། །སྐྱེ་བོ་ཡོངས་ཀྱིས་མནར་ཞིང་གཏམ་ངན་འབྱུང་། །དཔའ་བོ་དེ་འདྲའི་ངན་པ་ཕ་རོལ་སྒྲོལ། །སྙིང་རྗེ་མེད་ཀྱི་སྐད་གཅིག་བསྟེན་མ་བྱེད། །དཔའ་བོ་འདི་ནི་ཁོ་མོའི་བདེན་ཚིག་ཡིན། །སོམས་ཤིག་སོམས་ཤིག་ཛ་ཛ་ཐུགས་ལ་ཛ། །དེ་མ་ཐག་ཏུ་དཔལ་ལྡན་ཧེ་རུ་ཀ །དཔའ་བོ་དཔལ་གྱི་ཆས་བརྒྱར་ཁྲོ་ལོ་ལོ། །རྡོ་རྗེ་གར་གྱི་ཤུགས་སྒྲ་དེ་རི་རི། །དཀྱིལ་འཁོར་ཆེན་པོ་དེ་ལ་ལན་གསུམ་བསྐོར། །མདུན་དུ་འགྱིང་ཞིང་རྡོ་རྗེའི་གླུ་བླངས་པ། །
ཧཱུཾ་ཧཱུཾ་བྱང་ཕྱོགས་སམ་བུ་རའི་ཡུལ་དུ་སོང་། །རྩི་ཤིང་ཚེར་མ་ཅན་གྱི་ཡུལ་དུ་སོང་། །བྲག་རི་ཧོཾ་ཁུང་ལྟ་བུའི་རོང་དུ་སོང་། །ལྷ་སྲིན་ཁ་མ་བྱེ་བའི་ཡུལ་དུ་སོང་། །བྱ་རོག་འཕུར་ཞིང་ལྡིང་བའི་ཡུལ་དུ་སོང་། །གདོང་དམར་སྲིན་པོ་ལྟ་བུའི་ཡུལ་དུ་སོང་། །བུད་མེད་འཕྲ་མེན་ལྟ་བུའི་ཡུལ་དུ་སོང་། །བག་མེད་གདོལ་པ་ཆེན་པོའི་ཡུལ་དུ་སོང་། །མཐའ་འཁོབ་བྱོལ་སོང་ལྟ་བུའི་ཡུལ་དུ་སོང་། །དཔལ་གྱི་ཆས་བརྒྱད་སྐུ་ལ་གསོལ་ལ་སོང་། །དྲག་པོའི་ཧཱུཾ་སྒྲ་ངག་ཏུ་བརྗོད་ཀྱིན་སོང་། །སྣང་སྟོང་དབྱེར་མེད་ཟུང་དུ་འཇུག་ཅིང་སོང་། །མེ་དཔུང་འབར་བ་གོས་སུ་གྱོན་ལ་སོང་། །བདུད་ཀྱི་སྙིང་ཁྲག་ཟས་སུ་རོལ་གིན་སོང་། །མི་མགོ་ལྔ་བཅུའི་དོ་ཤལ་འཕྱང་ཞིང་ཡོད། །སྡང་མིག་དམར་ཟླུམ་ཕྱོགས་སུ་བལྟ་ཞིང་སོང་། །མཆེ་བ་གཙིགས་ཤིང་རྐང་སྒྲ་རྡེབ་ཅིང་སོང་། །སྡིག་མཛུབ་ཆེན་པོ་ཐུར་དུ་གདེང་ཞིང་སོང་། །ཁྲོས་པའི་ཞབས་ཀྱིས་ས་གཞི་གཡོ་ཞིང་སོང་། །བཞད་པའི་གད་མོས་རི་རབ་སྒྱེལ་ཞིང་སོང་། །འཇིགས་པའི་ཁ་རླངས་སྤྲིན་དུ་འཐིབ་ཀྱིན་སོང་། །འཕྲིན་ལས་འོད་ཟེར་གློག་ཏུ་འཁྱུག་ཅིང་སོང་། །ཟག་མེད་བདུད་རྩི་ཆར་དུ་འབེབས་ཀྱིན་སོང་། །སྙན་པའི་གྲགས་པ་འབྲུག་ལྟར་སྒྲོག་ཅིང་སོང་། །དེ་ལྟར་བྱས་ན་ནག་པོ་དམ་ལ་ཐོགས། །དཀར་པོ་ཐམས་ཅད་དབང་དུ་འདུ་བར་འགྱུར། །འདི་ནི་ཧེ་རུ་ཀ་ཡི་བདེན་ཚིག་ཡིན། །དེ་མ་ཐག་ཏུ་ཁྲོ་རྒྱལ་མི་གཡོ་མགོན། །མེ་དཔུང་དམར་ནག་འཁྱིལ་བའི་ཀློང་དཀྱིལ་ན། །སྐུ་མདོག་མཐིང་ནག་རྔམ་པའི་དྲག་ཤུལ་ཅན། །སྤྱན་གཉིས་ཞི་མ་ཁྲོ་རུ་ཕྱོགས་བཅུར་གཟིགས། །མཆེ་བ་ལན་ཕུར་གཙིགས་ཤིང་རྐན་སྒྲ་བརྡེབས། །ཤེས་རབ་རལ་གྲི་ཀླད་ལ་འཕྱར་ཞིང་བསྐོར། །སྡིག་མཛུབ་གདེངས་ཤིང་སྦྲུལ་ནག་ཞགས་པ་འཕེན། །བརྐྱང་བསྐུམ་ཞབས་ཀྱིས་ས་སྟེང་ཐམས་ཅད་མནན། །རལ་པ་ཁམ་ནག་ཚངས་པའི་སྟེང་དུ་བརྫེས། །ལུས་ལ་ཁྲོ་ཆུང་བྱེ་བ་ས་མ་ཡ། །དགྲ་སྟ་རལ་གྲི་རྡོ་རྗེ་བེ་ཅོན་ཐོགས། །ཡིག་འབྲུ་བཅུ་ཡི་དྲག་སྔགས་སེར་བ་འབེབས། །ནམ་མཁའི་མཐས་ཁྱབ་ཀུན་ཏུ་རབ་འཕྲོ་ཞིང་། །གར་དུ་གཡོ་ཞིང་དགྲ་བགེགས་བདུད་སྡེ་འགེམས། །དཔལ་གྱི་ཆས་བརྒྱད་གསོལ་བས་རབ་ཁྲོ་ཞིང་། །གཙོ་བོ་མི་གཡོ་མགོན་པོས་འདི་སྐད་གསུངས། །འདེང་འདེང་རི་བོ་གངས་ཅན་རྒྱུད་དུ་འདེང་། །མ་དག་ཞིང་ཁམས་ཀུན་ནས་འདུལ་དུ་འདེང་། །ནག་པོའི་ཕྱོགས་རྣམས་ཐལ་བར་རློག་ཏུ་འདེང་། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་དུ་འདེང་། །སངས་རྒྱས་བསྟན་པའི་སྲོག་ཤིང་འཛུགས་སུ་འདེང་། །འདེང་འདེང་དབུ་རུ་བྱང་གི་ཕྱོགས་སུ་འདེང་། །ཁྱོད་ཀྱི་སྲས་པོ་འབྲོམ་རྗེའི་དྲུང་དུ་འདེང་། །ང་ནི་དེ་ཡི་བསྟན་སྲུང་ཆེན་པོ་ཡིན། །ཨ་ཏི་ཨ་ཏི་བོད་དུ་བསྟན་པ་དར། །བདག་གི་རྗེས་སུ་སློབ་པའི་དགེ་སློང་ཡང་། །བཀའ་གདམས་དྲི་མེད་མཚོ་ཡི་པདྨོ་འདྲ། །བུང་བ་འཕུར་ལྡིང་མེ་ཏོག་བཅུད་ལེན་ལྟར། །སྐལ་ལྡན་ཚོགས་རྣམས་བཀའ་གདམས་བཅུད་ཀྱིས་འཚོ། །ང་ཡི་བསྟན་སྲུང་གཤིན་རྗེ་ཁྲག་འཐུང་ཡང་། །བོད་ཁམས་སྲིན་པོ་གདོང་དམར་འདུལ་བ་ལ། །ཁྱོད་ལ་གཏད་ཀྱིས་དབེན་པར་སྒྲུབས་ཤིག་ཁོལ། །དེ་མ་ཐག་ཏུ་སྲིན་པོའི་གཟུགས་ཅན་བྱུང་། །ཕ་གི་གྲོང་ཁྱེར་ཆེན་པོ་མཐར་སྐྱེས་ན། །ང་ཡི་ལས་ཚོགས་གཏེར་དུ་སྦས་པ་ཡོད། །ཐམས་ཅད་ལོང་ལ་ཁོ་བོ་བོད་དུ་ཁྲིད། །བདག་གིས་ཁྱོད་ཀྱི་བསྟན་པ་བསྲུང་བར་བྱ། །
དེ་ནས་ལྷོ་ནུབ་ཤ་ཟ་མཆེད་ལྔ་དང་། །བྱང་ཤར་མཚམས་ཀྱི་ཤ་ཟ་མཆེད་ལྔ་དང་། །དབུས་ཀྱི་གཙོ་བོ་ཤ་ཟ་མཛད་གཉིས་ཏེ། །མཁའ་འགྲོའི་ཆས་སུ་ཤ་ཟ་བཅུ་གཉིས་བྱུང་། །བདག་ཅག་རྣམས་ཀྱང་བསྟན་པ་བསྲུང་བའི་ཕྱིར། །བླ་མ་ཁྱེད་ཀྱི་རྗེས་སུ་བོད་དུ་འགྲོ། །ཁོ་མོ་ཅག་གིས་བོད་དུ་མ་ཕྱིན་ན། །བརྟན་མ་བཅུ་གཉིས་ཁྱེད་ཀྱི་དགྲ་རུ་ལྡང་། །ཁོ་མོ་ཅག་གིས་དེ་དག་དམ་ལ་བཏགས། །
རང་རང་སྲོག་སྔགས་ལ་སོགས་རྗེ་ལ་ཕུལ། །དེ་ནས་ཇོ་བོས་ནམ་ཕྱེད་ཕྱིན་ཆད་ལ། །དེ་དག་ཀུན་ལ་མཆོད་གཏོར་རྒྱ་ཆེན་གནང་། །བཀའ་སྒོ་བཤད་སྦྱང་འཕྲིན་ལས་རྒྱ་ཆེན་ཞུས། །ནམ་གུང་ཏིང་འཛིན་གཅིག་ལ་མཉམ་པར་བཞག །ཐོ་རངས་གཙང་སྦྲ་ཁྲུས་ཀྱི་རྣམ་པར་མཛད། །བྱམས་པ་སྙིང་རྗེ་བྱམས་སེམས་བསྒོམས་པ་ན། །ཀྲི་ཡའི་ལྷ་ཚོགས་རྒྱན་ཆ་སི་ལི་བྱོན། །ཉེས་ལྟུང་འཆལ་བའི་དྲི་མས་མ་གོས་པའི། །དམ་ཚིག་གཙང་ཞིང་གྲུབ་པ་བརྙེས་པ་ཁྱོད། །ཁ་བ་ཅན་གྱི་ཞིང་དེར་བྱོན་མཛོད་དང་། །དེ་ན་རྗེ་བཙུན་སྤྱན་རས་གཟིགས་དབང་ནི། །དགེ་བསྙེན་ཚུལ་དུ་མཐའ་འཁོབ་མགོན་པོ་མཛད། །རྒྱུ་འབྲས་ལས་ལ་ཤིན་ཏུ་བླང་དོར་མཁས། །གཙང་སྦྲའི་ཚུལ་གྱིས་གསང་སྔགས་ཉམས་སུ་བཞེས། །མི་སྨྲ་དབེན་པར་དཀྱིལ་འཁོར་ནང་དུ་གསལ། །གཙང་སྦྲ་ཐོ་བའི་ཡན་ལག་བདུན་པ་ཡིས། །ཉིན་དང་མཚན་དུ་ཡི་དམ་ལྷ་ཚོགས་མཆོད། །གསང་བའི་རྡོ་རྗེ་དེར་བྱོན་འགྲོ་དོན་མཛོད། །བོད་ཀྱི་ཡུལ་དུ་གདུལ་བྱ་རྒྱ་ཆེ་ཡང་། །ཀྲི་ཡའི་ཆོས་ནི་འབྲོམ་རྗེ་ཁོ་ནའོ། །ཅི་སླད་ཅེ་ན་དེ་ཡི་རྒྱུད་པ་ནི། །སྲས་མཆོག་རིན་ཆེན་གསུམ་གྱིས་མགོ་བཟུང་ནས། །མི་རབས་དུ་མར་ཉེས་ལྟུང་འཆལ་བ་དང་། །འབག་ཙོག་དྲི་མའི་སྐྱོན་གྱིས་མ་གོས་ཤིང་། །མ་གཙང་བུ་གཙང་སྤྱོད་པ་གཙང་བ་དང་། །གནས་གཙང་གྲོགས་གཙང་ས་རྣམས་ཤིན་ཏུ་གཙང་། །ཤི་ནས་སྐྱེ་ཡང་མངལ་གྱིས་མ་གོས་ཤིང་། །ཞིང་ཁམས་གཙང་མར་མེ་ཏོག་སྦུབས་ནས་འཁྲུངས། །དེ་ཕྱིར་རྒྱུད་པ་བྱང་གི་ཕྱོགས་སུ་སྤེལ། །འདི་ནི་གཙང་མ་ལྷ་ཡི་བདེན་ཚིག་ཡིན། །ནངས་པར་གྲོང་ཁྱེར་ཆེན་པོའི་ལྷོ་ཕྱོགས་ན། །བུ་མོ་གསུམ་ཞིག་གླུ་སྐད་ལེན་པ་ན། །ཕ་གི་རི་བོ་གངས་ཅན་རྒྱུད་ཤེད་ན། །བདག་གི་མིང་པོ་རིགས་གསུམ་མགོན་པོ་དེ། །དེང་སང་དུས་ན་ཁྱེའུ་མཛེས་པ་གསུམ། །རྒྱ་གར་མཁན་པོ་བོད་དུ་འབྱོན་ནོ་ཞེས། །ཁ་བ་ཅན་གྱི་བྱི་དོར་བྱེད་ཅིང་གདའ། །
རིང་པོར་མི་ཐོགས་འཕགས་པ་སྐུ་མཆེད་གསུམ། །དཀོན་མཆོག་གསུམ་གྱི་ཕོ་བྲང་ཆེན་པོ་བཞེངས། །བསླབ་པ་གསུམ་གྱི་དགའ་སྟོན་ཆེན་པོ་འགྱེད། །སྐྱེས་བུ་གསུམ་གྱི་རོ་མཆོག་ཆེན་པོ་མྱང་། །དགེ་འདུན་དཔག་ཏུ་མེད་པའི་ཉམས་སྣང་ཤར། །དཱི་པཾ་ཀ་རའི་འཕྲིན་ལས་མ་ལགས་སམ། །དེ་ནི་མཁའ་འགྲོ་མ་ཡི་ལུང་བསྟན་ཡིན། །དེ་ལྟར་བླ་མ་ལྷ་དང་བཅས་པ་ཡིས། །ཐུགས་རྗེ་ཆེན་པོ་བོད་དུ་ལུང་བསྟན་ནས། །ཨ་ཏི་ཤ་ཡང་ཤིན་ཏུ་ཐུགས་དགྱེས་ཏེ། །བོད་དུ་འབྱོན་པར་ཡི་དམ་ཆེན་པོ་བཅས། །གཙུག་ལག་ཐམས་ཅད་རང་ས་རང་སར་གཏད། །དགོས་པའི་དཔེ་ཆ་ལྷ་རྟེན་ཚན་པོ་ཆེ། །དོས་བྱས་ཐབས་ཀྱིས་མཻ་ཏྲིའི་གནས་སུ་འདོར། །དེ་ཚེ་སྤྱན་རས་གཟིགས་དབང་འདི་སྐད་གསུངས། །སྐྱབས་མེད་མགོན་མེད་སེམས་ཅན་འཛིན་པ་ལ། །ཐུགས་རྗེ་ཆེན་པོས་གོ་ཆ་མ་གོན་ན། །སངས་རྒྱས་བསྟན་པ་ཤིན་ཏུ་ནུབ་ནས་འགྲོ། །བློ་བཅད་མི་ལ་གྲོས་འདེབས་དཀའ་བ་ཡིན། །འགྱུར་བ་མེད་པར་འབྱོན་པ་གལ་ཆེ་ལགས། །མུ་སྟེགས་ངན་པའི་བཅའ་ཁ་མད་པོ་གྱིས། །མ་གཅིག་སྒྲོལ་མས་འཇིགས་པ་བརྒྱད་ལས་སྐྱོབས། །མི་གཡོ་མགོན་པོས་བདུད་དཔུང་ཕོ་ཉ་ཆིངས། །བསྟན་པའི་བདག་པོས་རང་གིས་ཆས་ལ་སོམས། །ད་ནི་འོ་སྐོལ་བོད་དུ་འགྲོ་བ་ཡིན། །འདི་ཡི་ཕྱོགས་སུ་ཉེས་སྐྱོན་གང་བྱུང་བའི། །ཁག་རྣམས་ཁོ་བོ་རང་གིས་འཁུར་བ་ཡིན། །དོས་ནི་དྲུག་ཅུ་རྩ་གཉིས་འོང་བར་སྣང་། །ཁལ་མ་སུམ་ཅུ་རྩ་གཅིག་བདག་གིས་སྩལ། །དཔྱིད་ཟླ་ར་བའི་ཚེ་གཅིག་ཉིན་མོ་ལ། །དཔོན་གཡོག་སུམ་ཅུ་རྩ་ལྔ་འབྱོན་པར་ཞུ། །འདུན་མ་ཐམས་ཅད་དགེ་མཐར་ཕྱིན་གྱུར་ཅིག །དེ་དག་གིས་ནི་ཡི་དམ་གྱིས་ལུང་བསྟན་པ་དངོས་གྲུབ་ཀྱི་འོད་ཟེར་ཞེས་བྱའོ།།
དེ་ལྟར་ལུང་བསྟན་རྒྱ་མཚོ་ལྟ་བུ་ལས། །རྣམ་དག་སེམས་ལ་ཡོན་ཏན་གང་ཤར་བ། །རྣམ་པ་མདོར་བསྡུས་ཙམ་ཞིག་བཀོད་པ་འདི། །བོད་ཀྱི་འབྲོམ་རྗེ་བདག་གིས་བརྙེད་པ་ཡིན། །འདི་ལ་སྒྲོ་བསྐུར་དྲི་མ་ཅི་མཆིས་པ། །དགེ་སྡིག་བླང་དོར་ལས་འབྲས་ཕྲ་མོ་དང་། །བཟོད་པའི་རང་བཞིན་བླ་མ་དཀོན་མཆོག་ལ། །བཟོད་པར་བཞེས་ཤིང་བརྩེ་བར་མཛད་དུ་གསོལ། །བདག་ཀྱང་དེ་སྲིད་ཚེ་རབས་ཐམས་ཅད་དུ། །བསམ་པ་བཟང་པོ་འདི་ཡིས་རྐྱེན་བྱས་ནས། །འགྲོ་དྲུག་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི། །མཉན་པ་ལྟ་བུའི་ཆོས་རྒྱལ་ཐོབ་པར་ཤོག །བླ་མའི་ལུང་བསྟན་རྣམ་དག་ཤེལ་གྱི་མེ་ལོང་ཞེས་བྱ་བ། ཀུན་བཟང་སྟུག་པོ་བཀོད་པའི་ནགས་ཁྲོད་དབེན་པར་བཀོད་པ་ལེགས་པར་རྫོགས་སོ།། །།
རྗེ་བཙུན་བྱམས་པ་དང་། སྤྱས་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བདག་གིས། ཟླ་བ་བཅུ་གསུམ་དུ་རྫིངས་ཀྱི་ནང་དུ་ཞུགས་ནས། བླ་མ་གསེར་གླིང་པའི་སྤྱན་སྔར་ཕྱིན་པ་ན། ཟླ་བ་ལྔ་ཙམ་འདས་པའི་དུས་སུ། ལྷའི་བུ་དབང་ཕྱུག་ཆེན་པོས། ཁོ་བོའི་བྱང་ཆུབ་ཀྱི་སེམས་ལ་བར་ཆད་བྱ་བའི་ཕྱིར། མི་མཐུན་པའི་རླུང་དམར་ཆེན་པོ་གཡོས། ཆུ་སྲིན་ཉ་མིད་ཆེན་པོར་བྱས་ཏེ། མདུན་བཀག་ནམ་མཁའ་ནས་ཁོ་བོའི་སྟེང་དུ་ཐོག་ཕབ་སྟེ། དེའི་དུས་སུ་ཁོ་བོས་བྱམས་པ་དང་སྙིང་རྗེ་ཁྱད་པར་ཅན་གཅིག་བསྒོམས་པ་ལ་བརྟེན་ནས། རླུང་དམར་ཐམས་ཅད་ཞི་ནས། ཐོག་ཆེན་པོ་དྲུག་ནམ་མཁའ་ལ་ཆགས་ནས་འདུག་པ་མཐོང་། འོན་ཀྱང་ཆུ་སྲིན་ཉ་མིད་པ་དེས་མདུན་བཀག་པ་དང་། རླུང་དམར་ཆེན་པོ་དེས་རྒྱ་མཚོའི་ཁ་བསྐྱོམས་པའི་སྟོབས་ཀྱིས། རྫིངས་དེ་ཡང་དར་པོ་ཆེ་རླུང་གིས་བསྐྱོད་པ་བཞིན་དུ་འདར་བ་དང་། འཕར་བ་དང་། རབ་ཏུ་གཡོ་བ་དང་། རེས་ནམ་མཁའི་མཐོངས་ལ་འཁྱེར་བ་དང་། རེས་རྒྱ་མཚོའི་གཏིང་དུ་རྡེབ་པ་ལྟར་བྱེད་དེ། ཕྱོགས་ཀྱི་བ་དན་བཞི་པོ་བསྙལ། ཁྲོ་བུའི་ཕ་བོང་ཆེན་པོ་བཞི་རྒྱ་མཚོའི་གཏིང་དུ་བསྐྱུར་ཀྱང་། ཕྱོགས་བཞི་ནས་རྔ་བོ་ཆེ་བརྡུངས་པ་ལྟར། འུར་སྒྲ་དང་། ཆོམ་སྒྲ་དང་། འོད་དང་། སྐམ་གློག་ཆེན་པོ་བྱུང་བ་ལ་བརྟེན་ནས། འཁོར་ཐམས་ཅད་ཀྱང་ཤིན་ཏུ་སྐྲག་སྟེ། རབ་ཏུ་འདར་ཞིང་ཡོད་པ་ལ། ཡང་བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་གཅིག་ལ་ཉམས་པར་བཞག་པ་དང་། པཎྜི་ཏ་སའི་སྙིང་པོས། བླ་མ་ལ་གསོལ་བ་བཏབ་པ། བཞེངས་ཤིག་བཞེངས་ཤིག་བདག་གི་བླ་མ་སྙིང་རྗེ་ཅན། །ཁྱོད་ལ་ས་ཡི་སྟེང་ན་འགྲན་ཟླ་མ་མཆིས་ན། །དེང་སང་ནག་པོའི་ཕྱོགས་ཀྱིས་འཇིགས་ཤིང་བསྐྱོད་པ་འདི། །ཁྱོད་ཀྱི་ཐུགས་རྗེ་ཆེན་པོས་ཞི་བར་མཛད་དུ་གསོལ། །འགྲོ་བ་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བྱེད་ན། །དེང་སང་ནག་པོའི་ཕྱོགས་ཀྱིས་འདི་ལྟར་མཐོ་བརྩམས་སོ། །ཨེ་མ་རླུང་དམར་གཡོས་ཤིང་གནམ་ལྕགས་རབ་ཏུ་ཕབ། །ཉ་མིད་ཆེན་པོས་འདི་ལྟར་མདུན་ནས་འཇིགས་པར་བྱས། །རྗེ་བཙུན་འཇིགས་པ་འདི་ལས་ཐུགས་རྗེས་བསྐྱབ་ཏུ་གསོལ། །རྒྱ་མཚོ་རླུང་གིས་བསྐྱོད་ཅིང་རྦ་རླབས་མཁའ་ལ་མཆོང་། །མི་སྙན་ཤུགས་སྒྲ་འདོན་ཅིང་གློག་དམར་འོད་དུ་གཡོས། །རྫིངས་ནི་འདར་འདར་ཕྲིག་ཕྲིག་ཤིག་ཤིག་རབ་ཏུ་གཡོ། །མཁའ་ལ་ལིང་ལིང་རབ་ཏུ་འཕར་ཞིང་གཏིང་དུ་བརྡེབས། །རྗེ་བཙུན་ད་ནི་འཇིགས་པ་འདི་ལས་བསྒྲལ་དུ་གསོལ། །ཁྱོད་ཀྱི་ཡོན་ཏན་ནམ་མཁའ་ལྟ་བུར་ཡངས་པ་ལ། །བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་མཁའ་ལྡིང་ལྟར། །ལིང་ལིང་ཕྱོགས་རྣམས་བསྐོར་ཞིང་བར་ཆད་སེལ་བྱེད་ན། །དེང་སང་འདི་ན་བར་ཆོད་ལྷགས་ཀྱང་མི་སྐྱོབ་པར། །དབེན་པར་དབྱིངས་ན་བཞུགས་པ་ཐུགས་རྗེ་ཇི་ལྟར་ཆུང་། །ད་ནི་གསང་སྔགས་ཕྱི་ནང་མཁའ་འགྲོ་ཆོས་སྐྱོང་དང་། །དགྲ་བཅོམ་དཔའ་བོ་དཔའ་མོ་ཡེ་ཤེས་ལྷ་ཚོགས་རྣམས། །དཀར་པོའི་ཆོས་ལ་དགའ་བའི་ལྷ་ཚོགས་ཐམས་ཅད་ཀྱིས། །ཀུན་ནས་བསྐོར་ཞིང་དེང་སང་རྒྱ་མཚོ་ཆེན་པོ་འདིར། །བླ་མ་ཁྱེད་ཀྱི་ཐུགས་རྗེའི་དཔུང་གིས་བཟློག་ཏུ་གསོལ། །གཞན་གྱིས་མི་ཐུབ་བཅོམ་ལྡན་གཤེད་དམར་ལ། །གཤིན་རྗེ་འཇིགས་པ་བྱེ་བའི་འཁོར་གྱིས་ཡོངས་བསྐོར་ཏེ། །མི་གཡོ་མགོན་པོ་ཁྲོ་བཅུའི་ཚོགས་དང་བཅས། །འཇིགས་པ་བརྒྱད་སྐྱོབ་ལྷ་མོ་བཀྲ་ཤིས་དཔལ་འབར་མ། །ཆོས་རྒྱལ་བླ་མ་ཁྱེད་ཀྱི་དཔུང་གིས་བཟློག་ཏུ་གསོལ། །བསྟན་པའི་བདག་པོ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས། །རྗེ་བཙུན་སྤྱན་རས་གཟིགས་དབང་དྲི་མེད་དཀྱིལ་འཁོར་ཅན། །འགྲོ་བའི་སྡུག་བསྔལ་སེལ་བའི་ཆོས་རྒྱལ་ཡབ་སྲས་གཉིས། །དུས་ལ་བབ་བོ་ཐུགས་རྗེའི་ཕ་ཚན་དཔུང་དུ་བསྐྱེད། །ཟག་མེད་བྱིན་རླབས་ཆུ་རྒྱུན་ཡུན་དུ་བསྲིང་དུ་གསོལ། །
ཞེས་གསོལ་བ་ཁྱད་པར་ཅན་འདེབས་པ་ཁོ་བོས་ལེགས་པར་ཐོས་པ་དང་། ཁོ་བོ་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་སྐུ་ཁ་དོག་དམར་ལ་གསུས་ཁྱིམ་ཆེ་བ། རལ་པ་ཁམ་ནག་གྱེན་དུ་བརྫེས་པ། མིག་དམར་ཟླུམ་སྡང་མིག་ཕྱོགས་བཅུར་བལྟ་བ། དེ་མཐོང་ཙ་ན་ཁྲོ་བོ་གཞན་གྱིས་ཀྱང་ལག་ཆ་འབྲུལ་བ་གཅིག་ཏུ་བྱས་ཏེ། གཡས་རྡོ་རྗེ་བེ་ཅོན་ནམ་མཁའ་ལ་འཆར་བ། གཡོན་སྡིག་མཛུབ་དང་ཞག་ཐག་ཀླད་ལ་བསྐོར་ནས། རྡོ་རྗེ་བེ་ཅོན་གྱིས་བརྒྱབ་པས་རི་རབ་ལ་ཕོག་ནས། རི་རབ་ཚལ་བར་བཤགས་ཏེ་འོག་གསེར་གྱི་ས་གཞིའི་སྟེང་ཐུག་པར་མཚམས་ཕྱེ་སྟེ། ཡར་ལོག་རྒྱ་མཚོ་ཆེན་པོ་དཀྲུགས་པས་ཁྲག་ཏུ་ཁོལ་ནས་ཆུ་སྲིན་ཉ་མིད་པ་རུས་པ་དཀར་སངས་ཀྱིས་སོང་བའི་མོད་ལ། བྱིས་པ་གཞོན་ནུ་མ་ཤ་མེད་པ། མདོག་སྔོ་བ་གཅིག་ཏུ་བྱས་ཏེ། རྫིངས་ཀྱི་ནང་དུ་བྱུང་ནས་ཕྱག་འཚལ་ཞིང་ཐལ་མོར་སྦྱར་ཏེ། ཁྲོ་བོའི་རྒྱལ་པོ་ཤིན་ཏུ་མཐུ་སྟོབས་ཅན། །ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས་གཅིག་པུ། །བདག་ནི་འཇིགས་པས་ཤིན་ཏུ་ནོངས་མོད་ཀྱི། །ཐུགས་རྗེ་ཆེན་པོས་བདག་ལ་བསྐྱབ་ཏུ་གསོལ། །ཞེས་ཟེར་བ་དང་། བདག་ཀྱང་རྡོ་རྗེ་བེ་ཅོན་ལག་ཏུ་བླངས་ནས། ཧཱུཾ་ང་ནི་སྐྱེ་འགྲོ་ཡོངས་ཀྱི་བདག །སྲོག་བདག་ཆེན་པོ་ང་ཡིན་ཏེ། །ང་ནི་ཐུགས་རྗེ་ཆེན་པོའི་དབང་། །སྙིང་རྗེས་ཁྱོད་ནི་མ་བསྒྲལ་ལོ། །ད་ནི་བདག་གི་གདུལ་བྱ་ལ། །མུ་སྟེགས་ཆོས་ལོག་མ་བསྟན་ཅིག །མོ་བོན་རྫུན་ཆོས་མ་བཤད་ཅིག །ཁྱོད་ཀྱི་ཚེ་སྲོག་ང་དབང་ངོ་། །ཞེས་སྨྲས་པ་དང་། ཁོ་བོས་སྙན་པའི་ཚིག་ཕུལ་བ། ཐུགས་རྗེ་ཆེན་པོ་དགོངས་སུ་གསོལ། །ཁྱོད་ཀྱི་གདུལ་བྱ་རྗེས་འབྲང་ལ། །ལོག་ཆོས་གང་ཡང་མི་བསྟན་གྱིས། །ཁྱོད་ཀྱིས་བདག་ལ་བརྩེ་བར་དགོངས། །ཁྱོད་ནི་བདག་གི་སྲོག་བདག་ལགས། །ཞེས་སྐད་དོ།།
དེ་ནས་མེ་ཐབ་ཀྱི་རྩ་ནས་མི་དཀར་པོ་གཅིག་ལངས་ནས་བྱུང་སྟེ། ཁ་བ་ཅན་དུ་ཁྱོད་མ་འགྲིམ། །བལ་པོའི་རྫོང་ལ་ས་བཅད་གྱིས། །ཟངས་གླང་ལ་སོགས་གླིང་ཕྲན་དུ། །མ་འགྲིམ་ཆུ་ཡིས་བར་མཚམས་ཕྱེ། །བྷྲུཾ་ཧྲཱི་ཡཀྵ་ཞེས་པ་ཐོས། །དེ་ནས་རླུང་དམར་ཐམས་ཅད་ཞི། །རླབས་དང་འོད་དང་སྒྲ་ཐམས་ཅད་ཞི་ནས་རྫོང་ཆེན་པོ་ཡང་རྣལ་དུ་ཕེབས། དེ་ནས་ཐམས་ཅད་རང་སར་དབུགས་ཕྱིན་ཏེ། ཕན་ཚུན་དགའ་བའི་གླེང་མོ་ཁྲོལ་གྱིས་བྱུང་བ་དང་། ཁོ་བོ་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་བསྐྱེད་རིམ་མ་བཤིག་པར་རྫིངས་ཀྱི་ཁ་ཁྱེར་ལས་འཇའ་ལི་བྱས་ནས། རྡོ་རྗེ་བེ་ཅོན་འཁར་བ་བཙུགས་ནས་འདུག་པ་ལ། དེ་ནས་རྫོངས་ཆེན་པོ་ཕྲག་ཕྲིག་ཙམ་ཡང་མེད་པར་གནས་གཞི་ཆེན་པོ་བཞིན་དུ་འདུག །ཅི་ཡིན་སྙམ་ནས་བལྟས་པ་དང་། བུ་མོ་གཞོན་ནུ་མ་ཁ་ཅིག་བཞད་གད་སྒྲོག་པ་ཐོས། དེར་བལྟས་ཙམ་ན། ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ནི་པུས་མོ་མན་ཆད་རྒྱ་མཚོའི་གཏིང་དུ་འདས་པར་བྱས་ནས། སྐྱེས་པ་དར་མ་གཞོང་པ་འཛིན་པ་བཞིན་དུ། རྫིངས་ཀྱི་ཤར་ནུབ་ནས་བཅུན་ཏེ་དབུ་ཡི་ཅོད་པན་སྤྲིན་གྱི་གསེབ་ན་ལྷག་གེ་འདུག །རྫིངས་ཀྱི་ཁ་ཁྱེར་ནས་ཕ་བུ་མོ་ཉི་ཤུ་རྩ་གཅིག་ཁ་ཕྱིར་ངོས་ལ་བསྟན་ནས། འོ་སྐོལ་མིང་སྲིང་རྣམས་མིན་ན། དེ་རིང་ཁ་རྗེ་འམ་ཆེ་ཨང་ཟེར་ཞིང་སྣང་།
དེ་ནས་ཁོ་བོས་ད་རུང་ཐུགས་རྗེས་བསྐྱབ་ཏུ་གསོལ། འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་གཅོད་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱིས་སྟོངས་པར་བྱས། །ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་དང་། བུ་མོ་ཀུན་ན་རེ། བུ་སའི་སྙིང་པོ་འདི་མིན་ན། མུ་སྟེགས་ཀྱི་གྲོང་ཁྱེར་སྭ་བ་ན་ཐ་འདི་ཐལ་བར་བརླག་ཅིག་བསྙམ་པ་ཙ་ན། གསོལ་བ་འདེབས་པའི་སྒྲ་དེ་ཐོས་པ་དང་། ཨ་པོ་ཀུན་གྱིས་ཆོག་ཀྱང་། ངེད་རྣམས་ཀྱང་དེ་རིང་འདིར་འོངས། ལར་བྱིས་པ་ཁ་སྔོན་པ་འདི་ལ་གྲགས་ན་གཞུ་འཆག་ཟེར་གྱིན། བྱིས་པ་ཁོ་དེ་ཉི་མ་དེ་རིང་ཕྱིན་ཆད་ནས་བལ་པོ་རྫོང་ལ་ཕར་མ་བསྒྲལ་ཅིག །སའི་སྙིང་པོ་ལ་བོས་ནས། ཚེ་དང་ལྡན་པ། ཁྱེད་རང་མེ་ཏོག་འདི་ཀུན་སྭ་བ་ན་ཐར་རྒྱོབ་ལ་ཐོང་། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁག་ཁོ་མོ་རྣམས་ཀྱིས་ལེན་གསུངས་པ་དང་། པཎྜི་ཏ་སའི་སྙིང་པོས་ཀྱང་། ཐོག་གཅིག་སྡིགས་མཛུབ་ལ་བླངས་ཏེ་བསྐོར་ནས། མུ་སྟེགས་ཀྱི་གྲོང་ཁྱེར་སྭ་བ་ན་ཐའི་བྱང་ཕྱོགས། ལྷ་མོ་ཙཎྜི་ཀ་ཡོད་པའི་སྟེང་དུ་བརྒྱབ་པས། མུ་སྟེགས་ཀྱི་ལྷ་ཁང་ལྷ་མོ་དང་བཅས་པ་བརླག་པར་བྱས། ཡང་གཅིག་འཕངས་པས་དབང་ཕྱུག་ཆེན་པོ་རང་ཉིད་ཀྱི་རྟེན་ལ་བརྒྱབ་སྟེ་ཚལ་པར་བཀས་ནས། ཟེར་གྱིས་མུ་སྟེགས་ཀྱི་རྒྱལ་པོ་ལ་ཕོག་སྟེ་གཞོགས་གཡས་བསྐམས། གཅིག་གིས་མཐའི་ཏུ་རུ་ཀའི་ཕོ་བྲང་ལ་བརྒྱབ་པས། ལོ་བཅུ་བདུན་དུ་རྡོ་རྗེ་གདན་དུ་སོག་པོའི་འགྲིམ་འགྲུལ་ཆད། གཅིག་གིས་ཞང་ཞུང་གི་རྒྱལ་པོ་གུར་ནག་གི་ཕོ་བྲང་ལ་བརྒྱབ་པས། བོན་གྱིས་བསྟན་པ་བསྣུབས། རེ་རེ་གཉིས་གཉིས་ཡོད་པ་བྲེད་ནས་རི་བོ་གངས་ཆེན་གྱི་རྒྱུད་དུ་བྲོས། གཅིག་ལྷོ་ཕྱོགས་ཀྱི་དུག་མཚོ་ནག་པོ་ལ་བརྒྱབ་པས། ཀླུ་བདུད་ནག་པོའི་ཕོ་བྲང་བཤིག་སྟེ་ཙི་ལི་ཙོ་ལའི་ནད་རྒྱུན་ཆད། གཅིག་སྲིན་ཡུལ་ལངྐར་བརྒྱབ་པར། སྲིན་པོའི་རྒྱལ་པོ་ལ་ཆའི་ཕོ་བྲང་ཐལ་བར་བརླགས་ཏེ། སྲིན་པོ་མི་ཟན་གྱི་རབས་བཅད།
དེ་ནས་ང་རྒྱལ་གྱི་ཚིག་སྨྲས་པ། སའི་དཀྱིལ་འཁོར་འདི་ཡི་བདག་པོ་ང་ཡིན་གྱི། །ནག་པོའི་ཕྱོགས་རྣམས་བྱེར་གཅིག་བྱེར་གཅིག་ཐལ་བར་རློགས། །དཔའ་བོ་ཆེན་པོ་ང་ནི་ས་ཡི་སྙིང་པོ་ཡིན། །སྤུ་རྒྱལ་བོད་ཀྱི་ཡུལ་ན་རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར། །རློགས་ཤིག་རློགས་ཤིག་དབང་ཕྱུག་ཆེན་པོ་ཐལ་བར་རློགས། །བོན་པོའི་ལྷ་རྣམས་སོང་སོང་ནུས་པ་བརླག་པར་གྱིས། །ཨོཾ་པདྨ་ཏ་ཀྲིད་བཛྲ་ཀོ་དྷ་ཧ་ཡ་གྷྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཞེས་ཟེར་བ་ཐོས་སོ། །དེ་ནས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དང་། བཅོམ་ལྡན་འདས་སྒྲོལ་མ་གཉིས་ཀྱང་ཡུད་ཙམ་ཞིག་ལ་མི་སྣང་བར་གྱུར་ཏོ། །ཁོ་བོ་ཡང་རང་ཉིད་དགེ་སློང་གི་རྣམ་པར་གདན་ལ་འདུག་སྟེ་གདའོ། །རང་གི་རྗེས་སུ་འབྲངས་པའི་འཁོར་ཐམས་ཅད་ཀྱང་རྗེས་སུ་ཡི་རང་སྟེ། ལྷུན་གྱིས་གྲུབ་ཅིང་མ་བཅོས་པའི། །ཆོས་རྒྱལ་རིན་ཆེན་ལྷུན་པོ་འདྲ། །མཚན་རབ་ཡེ་ཤེས་མངའ་བ་དེས། །བདག་ཅག་ཐམས་ཅད་ཚིམ་པར་བྱས། །ཨེ་མ་ཧོ་མགོན་པོ་མཐུ་རྩལ་ཅན། །དེ་བཞིན་སྲིད་པའི་རྒྱ་མཚོ་ལས། །བདག་ཅག་འཇིགས་པས་ཉེན་པ་ན། །ཁྱོད་ཀྱི་ཐུགས་རྗེའི་སྐྱབས་འོག་ནས། །འཆུག་པ་མེད་པར་བསྐྱབ་ཏུ་གསོལ། །ཞེས་ཟེར་ཏེ། ཞག་ཉི་ཤུ་རྩ་གཅིག་ཏུ་གར་ཡང་ཕྱིན་པར་མ་ནུས། འཇིགས་པ་ལས་སྒྲོལ་མ་ཐག་ཏུ། ཕྱོགས་བཞིར་རླུང་གི་བ་དན་ཕྱར། ཁྲོ་ཆུའི་ཕོ་བོང་སྟེང་དུ་དྲངས། མཐུན་པའི་རླུང་དང་སྦྱར་ཏེ། ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཉིན་མཚན་མེད་པར་རྒྱ་མཚོར་ཞུགས་ཏེ་ཕྱིན་པས། ཟླ་བ་བདུན་ལྷག་ཙམ་ན། ཡང་མདུན་ནས་རླུང་དམར་ལངས་ཏེ། རྟ་པའི་ཉིན་ལམ་ཙམ་རླུང་གིས་ཕྱིར་ཁྱེར་ཡང་། བླ་མ་མཆོག་དང་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་བཏབ་པས། རླུང་དམར་ཞི་ཡང་མཐུན་པའི་རླུང་ཙམ་མ་བྱུང་བས། སེམས་ཅན་གྱི་བསོད་ནམས་ལ་བརྟེན་ནས་ཟླ་བ་ཕྱེད་ཀྱི་བར་དུ་ལུས། དེ་བཞིན་དུ་ཡང་བྱམས་པ་དང་སྙིང་རྗེའི་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་མཐུན་པའི་རླུང་དང་སྦྱར་ཏེ་ཕྱིན་པས། ཟླ་བ་བཅུ་གཉིས་དང་། ཞག་ཉི་ཤུ་རྩ་དྲུག་ནས་རྒྱ་མཚོའི་ཕ་རོལ་བརྒལ་བར་གྱུར་ཏོ། །བླ་མས་ཆོས་བཙལ་བའི་ཕྱིར་དཀའ་བ་ཇི་ལྟར་སྤྱད་པའི་རྣམ་གཞག་རྫོགས་སོ།། །།
རྒྱལ་རིགས་མཆོག་ལ་བསྟན་པའི་ཁུར་ཁུར་ནས། །སྐྱེ་དགུའི་དཔལ་དུ་བླ་མར་གང་བྱོན་པའི། །མཁས་པ་ཆེན་པོ་དཱི་པཾ་ཀ་ར་དེ། །སྤྱི་བོས་བླངས་ཏེ་གུས་པས་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་བོད་དུ་འབྱོན་བཞེད་ནས། །བླ་མ་རྣམས་ལ་ཕྱི་ཕྱག་མཛད་པ་ན། །ཐམས་ཅད་མཐུན་པར་ཞུ་བ་ཕུལ་བ་ནི། །དང་པོར་ར་ཧུ་ལ་ཡི་དྲུང་བྱོན་ཚེ། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་སྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །ར་ཧུ་ལ་ཡི་ཞལ་ནས་འདི་སྐད་གསུང་། །པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར། །རྫུ་འཕྲུལ་རླུང་ལ་ཞོན་ནས་བོད་དུ་སོང་། །རྒྱ་ཁྲ་ཧོར་པ་གཟན་ལ་འཇུམས་པ་ལྟར། །འཇུག་ངོགས་བབས་ཀྱིས་བདེ་བར་བོད་དུ་བྱོན། །དཔའ་བོ་ཆེན་པོ་གཡུལ་དུ་འཇུག་པ་ལྟར། །རིག་པ་གདེང་དང་བཅས་ཏེ་བོད་དུ་བྱོན། །ཕ་གི་སྤུ་རྒྱལ་བོད་ཀྱི་ཡུལ་ཞེས་པ། །མགོན་པོ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན། །དེ་ན་ཐོག་མེད་དུས་ནས་ཉེར་འབྲེལ་བའི། །ཁྱོད་ཀྱི་སྲས་པོ་འབྲོམ་རྗེ་ཞེས་པ་ཡོད། །དེའི་རྣམ་པ་ཇི་ལྟར་ཡོད་སྙམ་ན། །ཤེལ་གྱི་ཁྱིའུ་ཆུང་གསེར་གྱི་རལ་བུ་འཁྲོལ། །བཅུ་དྲུག་ལོན་འདྲ་མཚན་དང་དཔེ་བྱད་འབར། །སྙན་པའི་ང་རོ་ཕ་རོལ་ཕྱིན་པའི་སྒྲ། །ཡན་ལག་དྲུག་ཅུ་འབྲུ་ཆགས་མཛེས་པའི་དབྱངས། །ལྷང་ལྷང་སྙན་པ་སྐྱེ་བོའི་ཡིད་དབང་འཛིན། །གང་གིས་མཐོང་ཐོས་ཉོན་མོངས་གདུང་བ་སེལ། །སྣ་ཚོགས་སྤྲུལ་པས་འགྲོ་བའི་རེ་འདོད་བསྐོང་། །རེས་འགའ་དག་ནི་རྒྱལ་པོའི་གཟུགས་སུ་འོང་། །རེས་འགའ་དག་ནི་བློན་པོའི་གཟུགས་སུ་འོང་། །རེས་འགའ་དག་ནི་ཁྱིམ་བདག་གྲ་མའི་གཟུགས། །རེས་འགའ་དག་ཏུ་དགེ་བསྙེན་དག་ཏུ་སྟོན། །རེས་འགའ་དག་ནི་ཡོངས་འཛིན་སེམས་དཔའི་གཟུགས། །རེས་འགའ་དག་ནི་དབུལ་འཕོངས་གཟུགས་སུ་སྟོན། །རེས་འགའ་དག་ནི་རྫིངས་དང་ཟམ་པ་སྟེ། །གཙུག་ལག་འགྲོན་ཁང་ཁྱིམ་བཟང་ལ་སོགས་པའི། །སྐྱེ་རྒུའི་ཉེར་མཁོ་ཐམས་ཅད་སྤྲུལ་པར་བྱེད། །གང་ཡང་སྤྲུལ་པའི་འབྲོམ་རྗེ་དམ་པ་དེ། །སྐལ་ལྡན་ཁྱོད་ཀྱི་སྲས་ཀྱི་ཐུ་བོ་ཡིན། །དཱི་པཾ་བོད་དུ་བྱོན་ལ་གཞན་དོན་མཛོད།།
ཨ་ཏི་ཤ་ཡིས་དེ་ལ་ལན་གསོལ་བ། །མཁས་པ་བདག་གིས་ཞིང་དེར་ཕྱིན་པ་ན། །སྐྱེ་བོ་རྣམས་ནི་གདུག་རྩུབ་ཤིན་ཏུ་ཆེ། །ས་བདག་ཀླུ་གཉན་མི་མ་ཡིན་རྣམས་འཁྲུག །ཆོས་པའི་གཟུགས་བརྙན་གདོལ་པའི་ང་རྒྱལ་སྨྲ། །བན་བོན་དག་ནི་བག་མེད་སྤྱོད་པ་རྩིང་། །བདག་གིས་ཞིང་དེར་འགྲོ་དོན་ཇི་ལྟར་བྱ། །བླ་མའི་ཞལ་ནས་རྗེ་ལ་ལན་གསུངས་པ། །བོད་ལ་སྐྱོན་མེད་བསྟན་པ་དར་གྱུར་ན། །དཱི་པཾ་ཁྱོད་ཀྱིས་ཞིང་དེར་ཅི་ཞིག་བྱ། །མ་རུངས་གདུལ་དཀའི་སྐྱེ་བོ་མེད་གྱུར་ན། །པཎ་ཆེན་གང་གིས་ཕྱིན་ཀྱང་འགྲོ་དོན་འོང་། །དེ་ཕྱིར་མཁྱེན་བརྩེའི་མངའ་བདག་ཁྱོད་སོང་ལ། །རྟེན་གསུམ་ཐམས་ཅད་རབ་ཏུ་གནས་པར་མཛོད། །སྡོམ་ལྡན་ཐམས་ཅད་སྲུང་སྡོམ་མཁས་པར་མཛོད། །སྔགས་པ་ཐམས་ཅད་དམ་ཚིག་གཙང་བར་མཛོད། །སྐལ་ལྡན་ཐམས་ཅད་སེམས་བསྐྱེད་ཆེ་བར་མཛོད། །ཡོན་རྣམས་ཐམས་ཅད་བསྔོ་བས་བརྟན་པར་མཛོད། །དཀོན་མཆོག་ཐམས་ཅད་མཆོད་པས་ཕྱུག་པར་མཛོད། །སྐྱེ་བོ་ཐམས་ཅད་དད་གཞི་ཆེ་བར་མཛོད། །སྡེ་སྣོད་གསུམ་ལ་བཤད་ཉན་དར་བར་མཛོད། །བསླབ་པ་གསུམ་ལ་ཉམས་ལེན་འཕེལ་བར་མཛོད། །ཡོན་ཏན་གང་ལའང་རང་བཟོ་ཆུང་བར་མཛོད། །ཆོས་ལུགས་གང་ལའང་འདྲེས་ཁྱེར་མེད་པར་མཛོད། །བརྒྱུད་པ་གང་ལའང་དམ་ཉམས་མེད་པར་མཛོད། །སྤྱོད་པ་ཀུན་ལ་རྩིང་ཆོས་མེད་པར་མཛོད། །ལྟ་བ་ཀུན་ལ་གཡང་ས་མེད་པར་མཛོད། །སྒོམ་སྒྲུབ་ཀུན་ལ་གོལ་བ་མེད་པར་མཛོད། །ལས་འབྲས་ཀུན་ལ་ཕྲ་ཞིབ་ཆེ་བར་མཛོད། །གདུལ་བྱ་ཡོངས་ལ་སྤྱི་སྙོམས་ཆེ་བར་མཛོད། །གདུལ་བྱའི་སྣོད་ལ་བརྟག་གཞི་ཆེ་བར་མཛོད། །མཁས་པ་འདི་ནི་བསླབ་བྱ་ཆེན་པོ་ཡིན། །གསུང་དེ་ཐོས་ནས་ཤིན་ཏུ་ཚིམ་པར་གྱུར། །ད་ནི་དུས་དང་གནས་སྐབས་ཐམས་ཅད་དུ། །བསྙེལ་བ་མེད་པར་ཐུགས་ཀྱིས་འཛིན་པ་དང་། །འགྲོ་དོན་ཕུན་སུམ་ཚོགས་པའི་བྱིན་བརླབས་དང་། །འབྲལ་མེད་སྐྱེ་བ་གཏན་དུ་འགྲོགས་པ་དང་། །རྟག་པར་ཐུགས་དགོངས་རྫོགས་པར་བྱིན་གྱིས་རློབས། །རི་ནག་པོའི་གཙུག་ལག་ཁང་གི་ཕོ་བྲང་ནས། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ར་ཧུ་ལ་གུཔྟས་རི་བོ་གངས་ཆེན་གྱི་རྒྱུད་དུ་ལུང་བསྟན་པ། རྒྱུ་མཚན་གནད་ཀྱི་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།
སྐྱེས་མཆོག་བླ་མ་རྣམས་ལ་གུས་བཏུད་ནས། །ཆོས་ཀྱི་རྒྱལ་པོ་དཱི་པཾ་ཀ་ར་དེ། །བླ་མ་རྣམས་ཀྱིས་ལུང་བསྟན་བརྙེས་པ་ཡི། །ལེགས་བཤད་འབྲེལ་བའི་གཏམ་འདི་བཤད་ཀྱིས་ཉོན། །དྷརྨ་རཀྵི་ཏ་ཡི་དྲུང་དུ་བྱོན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་སྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །དྷརྨ་རཀྵི་ཏ་ཡིས་ལན་གསུངས་པ། །ཁྱོད་ཀྱི་གདུལ་བྱ་ཁ་བ་ཅན་དུ་ཡོད། །འགྲོ་དོན་གདུལ་བྱ་རྣམས་ཀྱི་བློ་དང་བསྟུན། །ཐེག་པ་ཆེ་ཆུང་ཐམས་ཅད་རང་སོར་ཤོད། །སྐབས་དོན་ཆོས་རྣམས་མཉམ་པ་ཉིད་དུ་བསྒོམས། །མ་ཞུམ་དཔའ་བོ་ཆེན་པོ་བྱང་དུ་རྒྱུགས། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་སུ་རྒྱུགས། །རྩི་ཤིང་ནགས་ཚལ་རྒྱས་པའི་ཁྲོད་དུ་རྒྱུགས། །རི་བོ་སྤོས་ངད་ལྡན་པའི་ངོགས་སུ་རྒྱུགས། །ནེའུ་གསིང་མེ་ཏོག་བཀྲ་བའི་ཚུལ་དུ་རྒྱུགས། །བག་ཕེབས་རི་དྭགས་རྒྱུ་བའི་ཡུལ་དུ་རྒྱུགས། །ལྷ་བྱ་གླུ་དབྱངས་འཚེར་བའི་གནས་སུ་རྒྱུགས། །ཆུ་བྱ་ངང་པ་ལྡིང་བའི་ངོགས་སུ་རྒྱུགས། །ཆུ་མིག་བསིལ་ངད་ལྡང་བའི་ཞིང་དུ་རྒྱུགས། །ཤང་ཤང་མེ་ཏོག་མཛེས་པའི་ནགས་སུ་རྒྱུགས། །རྫིང་བུ་ཡིད་ཀྱིས་བཀོད་པའི་ལྗོངས་སུ་རྒྱུགས། །དབྱར་དགུན་སྟོན་དཔྱིད་ཕྱེད་པའི་ཕྱོགས་དེར་རྒྱུགས། །བཀྲ་ཤིས་སྐྱེ་བོས་གང་བའི་ཡུལ་དེར་རྒྱུགས། །དམ་ཆོས་ཐེག་ཆེན་བྲིམ་པའི་གླིང་དེར་རྒྱུགས། །གང་དུ་འང་རིགས་མ་ངེད་པའི་ས་དེར་རྒྱུགས། །རྒྱུགས་རྒྱུགས་མཁའ་ལ་མདའ་འཕངས་བཞིན་དུ་རྒྱུགས། །བཀའ་སྡོད་སྲུང་མ་དཔུང་དུ་ཟློག་ལ་རྒྱུགས། །ཡེ་ཤེས་མཁའ་འགྲོ་གྲོགས་སུ་ཁྲིད་ལ་རྒྱུགས། །སངས་རྒྱས་བསྟན་པ་སྤྱི་བོས་ལོང་ལ་རྒྱུགས། །མགོན་མེད་སེམས་ཅན་ཐུགས་རྗེས་དམིགས་ལ་རྒྱུགས། །མཐའ་འཁོབ་ཀླ་ཀློ་བོད་དུ་འདུལ་དུ་རྒྱུགས། །རྒྱུགས་རྒྱུགས་ཐམས་ཅད་མཁྱེན་པ་མྱུར་དུ་རྒྱུགས། །ཡིག་འབྲུ་བཅུ་ཡི་ཧཱུཾ་སྒྲ་སྒྲོག་ཅིང་རྒྱུགས། །གཡོ་བ་མེད་པར་བསྐྱང་བསྐུམ་བསྒྲད་ཅིང་རྒྱུགས། །མེ་དཔུང་ཀློང་ནས་ཁྲོ་ཆུང་འགྱེད་ཅིང་རྒྱུགས། །བདུད་རིགས་ཐམས་ཅད་ཐལ་བར་རློག་ཅིང་རྒྱུགས། །མུ་སྟེགས་ངན་པ་རྡོག་པས་རྫི་ཞིང་རྒྱུགས། །ནག་པོའི་ཕྱོགས་རྣམས་དམ་ལ་འདོགས་ཤིང་རྒྱུགས། །རྒྱུགས་རྒྱུགས་སྙིང་རྗེ་ཆེན་པོ་ལ་གོར་རྒྱུགས། །ལྟ་བ་ངན་པ་གཡང་ལ་སྐུར་ཅིང་རྒྱུགས། །ལས་འབྲས་ཞིབ་མོ་ཕྱེ་རུ་འཐག་ཅིང་རྒྱུགས། །སྡེ་སྣོད་གསུམ་གྱི་རྩིང་ཞིབ་ལྟ་ཞིང་རྒྱུགས། །བསླབ་པ་གསུམ་གྱི་ཟན་དུ་འགྲིལ་ཞིང་རྒྱུགས། །སྐྱེས་བུ་གསུམ་གྱི་ཁ་རུ་འཇུག་ཅིང་རྒྱུགས། །དཀོན་མཆོག་གསུམ་གྱི་ལག་བདེ་བྱེད་ཅིང་རྒྱུགས། །བརྒྱུད་པ་གསུམ་གྱི་དམ་ཉམས་སྒྲོལ་ཞིང་རྒྱུགས། །འདྲེས་ཁྱེར་ཆོས་ལ་ཐོ་ལོས་འདེབས་ཤིང་རྒྱུགས། །རང་བཟོའི་ཆོས་ལ་རྨ་འབེབས་བྱེད་ཅིང་རྒྱུགས། །རྒྱུགས་རྒྱུགས་མཁས་པ་ཆེན་པོ་བྱང་དུ་རྒྱུགས། །གཉེན་པོ་ཐོབ་པའི་དཔའ་བོ་བྱང་དུ་རྒྱུགས། །ཤེས་ནས་བྱེད་པའི་མཁས་པ་བྱང་དུ་རྒྱུགས། །ལོག་ཆོས་ཐམས་ཅད་སུན་འབྱིན་བྱེད་དུ་རྒྱུགས། །ཅལ་ཅོལ་ཐམས་ཅད་གྱི་ནར་གཏོང་ཞིང་རྒྱུགས། །རྒྱུགས་རྒྱུགས་མཁས་པ་ཆེན་པོ་བྱང་དུ་རྒྱུགས། །ཁ་ལྟ་ཐམས་ཅད་ས་ལ་བརྡེབ་ཏུ་རྒྱུགས། །སྒྲོ་བསྐུར་ཐམས་ཅད་རང་སར་འཇོམས་སུ་རྒྱུགས། །ཐ་མལ་ཐམས་ཅད་ཆོས་ལ་འགོད་དུ་རྒྱུགས། །འབག་འབོག་ཐམས་ཅད་ཤན་ཤུན་འབྱེད་དུ་རྒྱུགས། །རྒྱུགས་རྒྱུགས་སྙིང་སྟོབས་ཆེན་པོ་ད་ལྟ་རྒྱུགས། །ཕཊ་ཕཊ་བདུད་སྡེ་ཐམས་ཅད་མ་ར་ཡ། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །གཡས་ན་ཁྲོ་ཆུང་ཐམས་ཅད་གར་དུ་གཡོ། །གཡོན་ན་ལྷ་མོ་ཐམས་ཅད་བྲོ་རུ་རྩེ། །རྒྱབ་ན་བཀའ་སྡོད་ཐམས་ཅད་དཔུང་དུ་འཁྲིགས། །མདུན་ན་ཡི་དམ་ཐམས་ཅད་དངོས་གྲུབ་སྟེར། །སྟེང་དུ་བླ་མ་དཀོན་མཆོག་སྤྲིན་དུ་འཁྲིགས། །དྲུང་ན་རྒྱལ་བའི་འབྱུང་གནས་སྲས་སུ་མཚར། །ད་ནི་མདུན་མའི་ཁྲིགས་ལེགས་ཕུན་སུམ་ཚོགས། །མ་འགྱིང་མ་འགྱིང་ཁ་བ་ཅན་དུ་སོང་། །དེ་ནི་ང་ཡི་བསླབ་བྱ་ཆེན་པོ་ཡིན། །རྦད་སྔགས་རྡོ་རྗེའི་ཆར་པ་དེ་ཕབ་པས། །ཨ་ཏི་ཤ་ཡང་ཉམས་དང་ཤེས་པ་འབར། །བཀའ་དྲིན་ཆེན་པོ་དྷརྨ་རཀྵི་ཏ། །བདག་གི་དགེ་ལེགས་ཆོས་འབྱོར་སྤེལ་དུ་གསོལ། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སྐྱེ་བ་གཏན་དུ་ཁྱེད་དང་མཇལ་བར་སྨོན། །ཞེས་བྱ་བ་སྟེ། དེ་དག་གིས་ནི་རི་བོ་ནག་པོའི་ཁོང་གསེང་ནས་རྣལ་འབྱོར་པ་ཆེན་པོ་དྷརྨ་རཀྵི་ཏས་གངས་ཆེན་རྒྱུད་དུ་ལུང་བསྟན་པ་རྦད་སྔགས་རྡོ་རྗེའི་མགུར་ཆེན་ཞེས་བྱ་བ་རྫོགས་སོ།། །།
རྒྱལ་པོའི་རིགས་ལས་འཕགས་པའི་དགྲ་བཅོམ་བརྙེས། །ཚོགས་གཉིས་དཔལ་ལས་རྒྱལ་བ་གཉིས་པར་གྱུར། །མདུན་མ་དགེ་མཐར་ཕྱིན་པས་ཀུན་གྱིས་བསྔགས། །འགྲན་གྱི་དོ་མེད་དེ་ལ་གུས་བཏུད་ནས། །ལུང་བསྟན་བརྙེས་ནས་གངས་རིར་གང་བྱོན་པའི། །སྙན་པའི་བ་དན་ཅུང་ཟད་བཤད་ཀྱིས་ཉོན། །རྗེ་བཙུན་ཌོཾ་བྷི་པ་ཡི་དྲུང་དུ་བྱོན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་སྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བལ་མའི་ཞལ་ནས་འདི་སྐད་གསུངས། །ཁྱོད་ཀྱི་གདུལ་བྱ་སྤུ་རྒྱལ་ཡུལ་ན་ཡོད། །འགྲོ་དོན་གདུལ་བྱ་རྣམས་ཀྱི་བློ་དང་བསྟུན། །ཐེག་པ་ཆེ་ཆུང་ཐམས་ཅད་རང་སར་ཞོག །སྐབས་དོན་ཆོས་རྣམས་མཉམ་པ་ཉིད་དུ་སྒོམས། །ཕ་གི་རི་བོ་གངས་ཆེན་རྒྱུད་དུ་སྒོམས། །ངམ་ནག་སྤོས་རྒྱ་ལྟ་བུའི་སུལ་དུ་སྒོམས། །ཟུར་གསུམ་ཧོམ་ཁུང་ལྟ་བུའི་འཛོམས་སུ་སྒོམས། །བྲག་ལྟོངས་ཤས་སུལ་ལྟ་བུའི་རྩེ་ལ་སྒོམས། །ཀླུ་ཤིང་བྲ་མ་འཛུགས་སའི་ནགས་སུ་སྒོམས། །རླུང་དམར་དགུ་ཀློང་འཁྱིལ་བའི་དཀྱིལ་དུ་སྒོམས། །ཆུ་བོ་ཀི་སྒྲ་འདེབས་པའི་ངོགས་སུ་སྒོམས། །རྡོ་ཤིང་ཚེར་མ་ཆེན་པོའི་རོང་དུ་སྒོམས། །སྙིང་རྗེས་འགྲོ་བ་ཡོངས་ལ་དམིགས་ཀྱིན་སྒོམས། །བྱམས་པས་ཕྱོགས་རིས་མེད་པར་ཁྱབ་པར་སྒོམས། །གནས་ལུགས་གཉིས་སུ་མེད་པར་གློད་ལ་སྒོམས། །དཱི་པཾ་ཀ་ར་གངས་རིའི་ཁྲོད་དུ་སོང་། །སངས་རྒྱས་བསྟན་པ་གླིད་ལ་སྒོམས། །སྐྱབས་མེད་སེམས་ཅན་དང་དུ་ལོང་ལ་སོང་། །ཐེག་པ་ཐམས་ཅད་རང་སར་འབྱེད་དུ་སོང་། །སྙིང་སྟོབས་ཆེན་པོ་ཁྱོད་ཀྱིས་མ་ཕྱིན་ན། །བོད་ཀྱི་སེམས་ཅན་ཤིན་ཏུ་ཕྱི་ཐག་ཆུང་། །ཤུལ་རིང་ལམ་ལ་བགྲོད་ཚེ་ཇི་ལྟར་བྱ། །བོད་ཀྱི་སེམས་ཅན་ཤིན་ཏུ་ཕྱི་ཐག་ཐུང་། །ངན་པ་རྣམས་ལ་སུ་ཡིས་ཕན་འདོགས་བྱེད། །བོད་ཀྱི་སེམས་ཅན་མ་རུངས་ཁྲེལ་གཞུང་ངན། །གདུག་རྩུབ་གཤིས་ངན་རྣམས་ལ་སུ་ཡིས་བསྐྱབ། །བོད་ཀྱི་སེམས་ཅན་ཤིན་ཏུ་སྤྱོད་པ་ངན། །ཕན་པའི་བསླབ་བྱ་དམ་པ་སུ་ཡིས་བྱེད། །བོད་ཀྱི་སེམས་ཅན་གསར་འགྲོགས་མཐོ་ཁ་འགྲིམ། །དེ་འདྲའི་སེམས་ཅན་དམ་པ་གང་གིས་བསྐྱབ། །ཐུགས་རྗེ་ཆེན་པོ་ཁ་བ་ཅན་དུ་སོང་། །སྙིང་རྗེ་ཆེན་པོས་ཐམས་ཅད་དབང་དུ་བསྡུས། །བྱམས་པ་ཆེན་པོས་ཐམས་ཅད་ཐབས་ཀྱིས་སྐྱོངས། །རེ་ལྟོས་མེད་པར་ཕན་བདེའི་གོ་ཆ་གྱོན། །དྲིན་ལན་རང་གི་སྲོག་ལ་རྒོལ་གྱུར་ཀྱང་། །སྐྱེ་བོ་ཡོངས་ལ་ལྷག་པར་སྙིང་རྗེ་བསྐྱེད། །ངན་པ་འགྲིལ་ནས་བསྐུར་བ་བཏབ་གྱུར་ཀྱང་། །ཡིད་འབྱུང་མ་བྱེད་དཔའ་བོའི་གོ་ཆ་གྱོན། །ཐམས་ཅད་དམ་ཚིག་ཉམས་ཤིང་ཁྲིམས་འཆལ་ཀྱང་། །ཁྱེད་རང་མ་སྐྱོ་ལྷག་པར་གོ་ཆ་གྱོན། །ཐུགས་རྗེ་ཆེན་པོས་ཁ་བ་ཅན་དུ་སོང་། །འདྲེ་སྲིན་གདུག་པ་བྱམས་པའི་སེམས་ཀྱིས་ཐུལ། །ས་གཞི་གཉན་པོ་ཐུགས་རྗེའི་ཞབས་ཀྱིས་ཆོགས། །ལྷ་ཁང་གཉན་པོ་རྡོ་རྗེའི་ཟེར་གྱིས་ཐུལ། །གསང་སྔགས་ཐམས་ཅད་རང་གི་སེམས་ལ་བརྟེན། །མདོ་སྡེ་ཐམས་ཅད་ཡོངས་ལ་ཐང་མར་བརྡོལ། །ལེགས་ཉེས་ཐམས་ཅད་རྒྱུ་འབྲས་ལས་ལ་རྩིས། །བློ་ཕུགས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་གཏོད། །མདུན་མ་ཐམས་ཅད་བྱམས་དང་སྙིང་རྗེར་དྲིལ། །སྙིང་སྟོབས་ཆེན་པོ་ཁ་བ་ཅན་དུ་བྱོན། །དེ་ན་ཁྱོད་ཀྱི་སྲས་པོ་འབྲོམ་རྗེ་ཡོད། །སྲོད་ལ་རྡོ་རྗེ་གར་གྱི་དཀྱིལ་འཁོར་རྩེ། །གུང་ལ་མཉམ་ཉིད་སེམས་ཀྱི་མེ་ལོང་བལྟ། །ཐོ་རངས་སྐྱེ་དགུ་ཐམས་ཅད་བྱམས་བརྩེ་བསྡུས། །སྔ་སྐད་སྒྱུ་མ་གར་གྱི་མཆོད་པ་རྩེ། །ཉིན་གུང་རིག་པ་འཕྲུལ་གྱི་གཟུགས་བརྙན་འགྱེད། །ཕྱི་སྐད་བསླབ་པ་གསུམ་གྱི་འཁོར་ལོ་བསྐོར། །གསང་སྔགས་ནང་དུ་བསྟེན་པས་དམ་ཚིག་གཙང་། །སྐྱེ་བོ་བྱམས་པས་བསྐྱངས་པས་ཀུན་གྱིས་བཀུར། །རྒྱུ་འབྲས་ལས་ལ་མཁས་པས་ཕྲ་ཞིབ་ཆེ། །སྣང་སྟོང་སྒྱུ་མར་ཤེས་པས་དངོས་འཛིན་བྲལ། །སེམས་ཉིད་རང་སར་གྲོལ་བས་འཆིང་བ་ཆོད། །སྐྱབས་སུ་དཀོན་མཆོག་བསྟེན་པས་འཇིགས་པ་སྤངས། །སྟོང་ཉིད་སྙིང་པོ་འབྱོངས་པས་ས་བཅུ་བརྙེས། །རྡོ་རྗེའི་ལུས་འདྲ་ཤིན་ཏུ་སྤྱན་མིག་ཡངས། །ཚངས་པའི་གསུང་འདྲ་དམ་པ་ཆོས་ཀྱི་སྒྲ། །ཤེས་བྱ་ཀུན་རིག་མཁྱེན་བརྩེའི་ཕ་རོལ་ཕྱིན། །སྣ་ཚོགས་གཟུགས་འགྱེད་རྗེ་བཙུན་སྤྲུལ་པའི་སྐུ། །དེང་སང་ཡོངས་སུ་གྲགས་པ་ཆོས་འཕེལ་ཡིན། །དེ་ནི་ཆོས་རྒྱལ་ཁྱོད་ཀྱི་སྲས་པོ་ལགས། །དེ་ལ་སོམས་ལ་ཁ་བ་ཅན་དུ་སོང་། །ཁྱོད་ཀྱི་འགྲོ་དོན་ཐུབ་པའི་དབང་པོ་འདྲ། །མགོན་པོ་ཁྱོད་ཀྱིས་བོད་ཁམས་མ་བཏུལ་ན། །མགོན་མེད་རྣམས་ཀྱི་མགོན་སྐྱབས་སུ་ལ་རེ། །དེང་སང་དུས་ན་མཁས་པ་ཆེན་པོ་ཁྱོད། །ཉེ་དབང་དབུས་ན་ལྷ་དབང་བརྒྱ་བྱིན་ལྟར། །དམ་པ་གཞན་ལས་ཁྱད་པར་འཕགས་པ་ལགས། །དེ་ཕྱིར་ཁ་བ་ཅན་གྱི་སེམས་རྣམས། །ལས་ཀྱིས་བསྡམས་ཤིང་གཤིན་རྗེས་དྲངས་པའི་ཚེ། །རང་དབང་མེད་ཅིང་སྡུག་བསྔལ་སྨེ་སྔགས་འདོན། །སྐྱབས་མེད་མགོན་མེད་སྡུག་བསྔལ་འདི་རུ་ཚུད། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོས་བསྐུལ་བ་ལགས། །དེ་ལྟར་ལགས་པས་ཁྱོད་ཀྱི་སྐུ་མཆོག་ནི། །ལྷ་སྐུའི་སྣང་བས་རྡོ་རྗེའི་ཤུགས་ཀྱིས་བསྒྲོད། །ངག་གི་ཕན་བདེའི་འབྱུང་གནས་དབྱངས་ཀྱི་ཕུལ། །ཡིད་ནི་མཁྱེན་བརྩེའི་མངའ་བདག་དབྱིངས་སུ་དྲོངས། །ཐུགས་རྗེ་ཆེན་པོས་བོད་དུ་བསྐྱོད་པ་ན། །སྤྲིན་མེད་མཁའ་ལ་དབྱིངས་སུ་དྲོངས། །ཐུགས་རྗེ་ཆེན་པོས་བོད་དུ་བསྐྱོད་པ་ན། །སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་ལྟར། །མི་ཤེས་གཏི་མུག་ཐམས་ཅད་འཇིག་པར་འགྱུར། །ཀུན་གྱིས་ལས་འབྲས་ཐམས་ཅད་ཕྱེད་པར་འགྱུར། །བླ་མའི་གསུང་དེ་ཐོས་ནས་དགྱེས་པ་ཡིས། །ལན་གྱི་ཚུལ་དུ་གསོལ་བ་འདི་བཏབ་པ། །དེ་ལྟར་མད་ལགས་ཤིན་ཏུ་ངོ་མཚར་ཆེ། །ལས་ཀྱི་འབྲེལ་བ་བརྟག་ལ་གསུང་དེ་བསྒྲུབ། །ནུས་པ་གང་ཡོད་ལྷོད་པར་མ་བྱ་སྟེ། །ཁུར་ཆེན་སྤྱི་བོས་བླངས་ནས་བོད་དུ་འགྲོ། །ཀུན་ཏུ་ཁྱོད་ཀྱིས་བར་ཆོད་ཞི་བ་དང་། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །ཡང་ཡང་བླ་མ་ཁྱེད་དང་མཇལ་བ་དང་། །དམ་ཚིག་གཙང་ཞིང་འགྲོ་དོན་འཕེལ་བར་ཤོག །དེ་དག་གིས་ནི་རྗེ་བཙུན་ཌོཾ་བྷི་པས། །རི་ནག་པོའི་ཁོང་གསེང་ནས། རི་བོ་གངས་ཆེན་གྱི་རྒྱུད་དུ་ལུང་བསྟན་པ། ཐུགས་རྗེ་ཆེན་པོ་ལ་བསྐུལ་མ་བཏབ་པ། ཕན་བདེའི་དབྱངས་ཡོངས་སུ་རྫོགས་སོ།། །།
བསྟན་པའི་རྩ་ལག་བླ་མ་སྙིང་རྗེ་ཅན། །འགྲོ་བའི་མགོན་སྐྱབས་སྙིང་རྗེ་ཆེན་པོའི་དཔལ། །མཚུངས་པ་མེད་པའི་རྗེ་བཙུན་ཆེན་པོ་དེ། །སྤྱི་བོས་བླངས་ཏེ་གུས་པས་ཐལ་སྦྱར་སྟེ། །དམ་པས་ལུང་བསྟན་རྒྱ་མཚོའི་ལྟ་བུ་ལས། །ཐོར་བུ་ཙམ་ཞིག་བདག་གིས་བཤད་ཀྱིས་ཉོན། །བླ་མ་ཨ་ཝ་དྷཱུ་ཏིའི་དྲུང་དུ་ཕྱིན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་སྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བླ་མའི་ཞལ་ནས་འདི་སྐད་གསུངས། །ཅི་ཟེར་ཁྱོད་ཀྱི་གདུལ་བྱ་བོད་ན་ཡོད། །ཚམ་ཚོམ་མ་མང་མྱུར་དུ་བོད་དུ་སོང་། །འགྲོ་དོན་སྐྱེ་དགུ་ཐམས་ཅད་དབང་དུ་བསྡུས། །བཤད་དུས་ཤོད་ལ་སྒོམ་དུས་གྲིལ་ལ་སྒོམས། །རྒྱ་གར་སངས་རྒྱས་བསྟན་པའི་འབྱུང་གནས་ན། །གྲུབ་ཐོབ་བྱ་ལོང་ལྟ་བུར་ཟམ་མ་ཆད། །ལྷ་ཁང་ཐམས་ཅད་རང་ས་རང་སར་གཏོད། །མི་ཁྱོད་བོད་ཀྱི་སེམས་ཅན་བློས་བཏང་ནས། །གླ་ཆེན་སྨྱོན་པ་ལྟ་བུར་གང་དུ་འབྱམས། །དེང་སང་མགོན་མེད་སེམས་ཅན་བསྒྲལ་དུ་གསོལ། །ཐུགས་རྗེ་ཆེན་པོའི་གོ་ཆ་གང་དུ་སྐྱུར། །བོད་ཀྱི་ཆོས་རྒྱལ་དམ་པ་གཤེགས་གཤེགས་སུ། །ཆོས་རྒྱལ་སྐྱིད་འདོད་རོ་ལ་གང་དུ་ཞེན། །མི་ཁྱོད་མགོ་བོ་དུང་དུ་སོང་སོང་དུ། །ད་དུང་དཀའ་སྤྱད་སྙིང་ལ་མི་ལེན་ན། །མུ་སྟེགས་འཆལ་བའི་གདོན་གྱིས་གང་དུ་གོས། །ཕཊ་ཕཊ་ད་ནི་ཁྱོད་ཀྱི་སྨྱོ་བྱེད་ནག་པོའི་གདོན་ལ་ཡ། །གྲིབ་ནོན་ཆེན་པོའི་གདོན་ལ་ཡ། །
སྡུག་བསྔལ་སེམས་ཅན་སེམས་ཀྱིས་བཟོད་པ་ཡིས། །མི་དང་ནོར་རྫས་མང་པོ་གྲོན་ཞེས་ཐོས། །ཁྱོད་ཀྱི་དེ་ཡི་སྡིག་པ་ཇི་ལྟར་འབྱོངས། །དགེ་སློང་ཆེད་དུ་མི་སྲོག་ཕྲལ་རུང་ངམ། །བོད་ཀྱི་སེམས་ཅན་བསླུས་པར་མ་གྱུར་ཏམ། །ཕུ་ཡ་ཕུ་ཡ་དཱི་པཾ་ཀ་ར་ལ། །འདི་ལྟར་ཁེངས་པའི་གདོན་གྱིས་གང་དུ་བརླམས། །ཕར་སོང་སྙིང་རྗེའི་ཕ་ཚན་བསྐྱེད་ལ་སོང་། །སྐལ་ལྡན་ཐར་པའི་ལམ་ལ་འདྲེན་དུ་སོང་། །རིན་ཆེན་སྦས་པའི་གཏེར་ལ་སྦྱོར་དུ་སོང་། །མཐའ་འཁོབ་རྒྱལ་བའི་ཞིང་དུ་སྦྱོར་དུ་སོང་། །འཁོར་བའི་ནགས་ཀྱི་གཡུལ་ངོ་བཟློག་ཏུ་སོང་། །དམ་ཚིག་ངན་པའི་སྤྱོད་པ་རྫི་རུ་སོང་། །ཁྱོད་ཀྱིས་རིག་པ་རྙེད་ནས་གནས་ལུགས་བསྟན། །ཡང་དང་ཡང་དུ་བྱམས་སེམས་གོ་ཆ་གྱོན། །མི་རེས་ཐེག་པ་ཆེན་པོའི་དབང་སྐུར་བྱས། །ད་ནི་རང་དོན་ཡལ་བར་མི་འདོར་བར། །གདུལ་བྱ་དམུ་རྒོད་དག་ལ་འཇིགས་པ་ཡི། །ཕལ་ཆེན་སྡེ་པའི་གདོན་གྱིས་གོས་པར་ཉེ། །ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཨ། །གསང་སྔགས་རྡོ་རྗེའི་ཐེག་པར་ཞུགས་ཀྱིས་ཨ། །ད་ནི་དམ་བཅའི་ཁུར་ལས་འདོར་བྱེད་པའི། །ཉན་ཐོས་ངན་པའི་རྒབ་ཏུ་འཁྲིས་པར་ཉེ། །ད་འདིར་ཁྱོད་ལ་གྲོགས་ངན་སུ་ཡིས་བསྒོམ། །དཔའ་བོ་རྣམས་ཀྱི་གསེར་ཟམ་མ་བཅག་ཅིག །དམ་པ་རྣམས་ཀྱི་རྣམ་སྲོལ་མ་སྣུབ་ཅིག །ལེ་ལོའི་འགོང་པོས་གཞན་དོན་མ་བརླག་ཅིག །ཅི་ཟེར་ཁྱོད་ཀྱི་གདུལ་བྱ་བོད་ན་ཡོད། །ངེས་པར་ཁྱོད་ཀྱི་འཕྲིན་ལས་བོད་དུ་འཇུག །ཁྱོད་ཀྱི་སློབ་མ་བོད་ཀྱི་དགེ་བསྙེན་ཡིན། །རྒྱ་གར་དམ་པའི་ཆོས་ཀྱི་མ་འཕོངས་ཀྱིས། །མ་འདུག་མ་འདུག་ཁ་བ་ཅན་དུ་སོང་། །དཔའ་བོའི་གོ་ཆ་གྱོན་ལ་གཞན་དོན་གྱིས། །བསྟན་པའི་སྲོག་ཤིང་ཟུང་ལ་གཞུང་ལུགས་སྐྱོངས། །རང་དོན་ཡལ་བར་དོར་ལ་འགྲོ་རྣམས་བསྡུས། །ཆོས་རྣམས་གཅིག་ཏུ་གྲིལ་ལ་ཉམས་སུ་ལོང་། །དཀའ་སྤྱད་དང་དུ་ལོང་ལ་སྙིང་རུས་བསྐྱེད། །རང་འདོད་གདོན་དུ་སོམས་ལ་སྲོག་རྩ་ཆོད། །རྣམ་རྟོག་འདྲེ་རུ་སོམས་ལ་མགོ་ནས་བརྡུངས། །སྐྱིད་འདོད་བྱུར་དུ་སོམས་ལ་དཀའ་བ་སྤྱོད། །གཞན་དོན་སྨན་དུ་སོམས་ལ་ཡུན་དུ་བསྟེན། །ཅི་བྱེད་ཐམས་ཅད་དམ་པའི་ཆོས་སུ་གྲིལ། །གང་བྱུང་ཐམས་ཅད་སྔོན་གྱི་ལས་ལ་སོམས། །མི་ཁྱོད་དུས་རྣམ་རྟག་ཏུ་རྟོག་པ་རགས། །ཡིན་མིན་བཟེ་རེ་ཐམས་ཅད་མགོ་ནས་བརྡུངས། །ཚུལ་ཁྲིམས་མཆོག་ཏུ་འཛིན་པའི་ཆོས་མ་བྱེད། །བརྟུལ་ཞུགས་སྨན་དུ་རེ་བའི་ཟས་མ་ཟ། །ངའོ་ང་རྒྱལ་རློམས་པའི་ཚུགས་མ་འཛིན། །སྐྱིད་འདོད་སྙིང་ལ་ཞུགས་པའི་ཆོས་མ་བྱེད། །ཁོག་པ་དུག་གིས་ཁེངས་པའི་གྲོས་མ་བྱེད། །བློ་སྣ་བཏུངས་ཀྱིས་བཏུང་ལ་བརྒྱངས་ཀྱིས་སྲིངས། །བྱ་བྱེད་ཐམས་ཅད་སྐྱུར་ལ་གོ་ཆ་གྱོན། །མི་ཁྱོད་ནམ་ཡང་མཐོན་པོའི་རྩེ་མ་འགྲིམ། །གང་དུའང་སྡུག་སོགས་ཞེན་པའི་གཞི་མ་འདིངས། །ང་ཁྱོད་ཆགས་སྡང་འཆིང་བའི་དགྲ་མ་ཚོལ། །མོ་བོན་རྩིས་དང་ཟོག་གི་ཐབས་མ་མཁས། །ལུང་ཁུངས་མེད་པའི་ཆོས་ཀྱི་རྒྱུས་མ་ཆེ། །རྒྱུད་པ་མེད་པའི་མན་ངག་རྒྱ་མ་ཆེ། །ཕ་རྗེས་ཐམས་ཅད་དམ་པའི་ཆོས་ཀྱིས་ཟུང་། །རྣམ་ཐར་ཐམས་ཅད་མ་འདྲེས་རང་སར་སྐྱོངས། །གཞན་གྱི་ཆོས་ལ་སྐུར་བའི་སྡིག་མ་གསག །རང་གི་ཆོས་ལ་ཞེན་པའི་སྒྲོ་མ་བཏགས། །མངོན་ཤེས་པར་སུའང་སྡིག་མ་གསག །ཕྱོགས་རིས་མེད་པར་འཆོལ་བའི་ཚིག་མ་གཏང་། །ཐོས་པ་མེད་པར་ཆོས་ཀྱི་རྒྱུས་མ་ཆེ། །མངོན་ཤེས་མེད་པར་གཞན་གྱི་ཚོད་མ་འཛིན། །དཱི་པཾ་གདམས་ངག་བྱ་བ་སེམས་ལ་ཐོབ། །སློབ་མ་བྱ་བ་ཤེས་ན་སྙིང་གིས་སྐྱོངས། །གུས་པ་མེད་པའི་མི་ལ་ཆོས་མ་བཤད། །ཚོགས་མ་བསགས་པའི་མི་ལ་སེམས་མ་དབབ། །ཁ་ཚོད་ལྟ་བའི་མི་ལ་དོན་མ་བསྟན། །ཅོ་འདྲི་བྱེད་པའི་མི་ལ་ལན་མ་གདབ། །དམ་ཚིག་མེད་པའི་མི་ལ་སེམས་མ་བསྟུན། །མཚམས་མེད་བྱས་པའི་མི་དང་གཏན་མ་འགྲོགས། །དཀོར་ནག་ཟ་བའི་མི་དང་འབྲེལ་མ་གཞུག །འགོང་པོས་ཁྱེར་བའི་མི་ལ་སྤྲིས་མ་གཞོལ། །དཱི་པཾ་གདམས་ངག་དེ་དག་གནད་པར་སོམས། །ཆོས་དེ་བརྩེ་བར་སོམས་ལ་དང་དུ་ལོང་། །གསུང་དེ་ཐོས་ནས་རང་སེམས་ཞུ་མ་གྱུར། །ཕ་ཡིས་བུ་ལ་བརྩེ་བ་མ་གཏང་བར། །གྱད་གྱིད་མེད་པར་ཕན་པའི་གསུང་བྱོན་པ། །བཀའ་དྲིན་ཆེ་འོ་ཤིན་ཏུ་ཐུགས་ལ་བཏགས། །ད་རུང་མདུན་མ་དགེ་མཐར་ཕྱིན་པ་དང་། །ཚེ་རབས་ཀུན་ཏུ་ཡང་ཡང་མཇལ་བ་དང་། །དམ་ཚིག་གཙང་མར་དྲུང་དུ་བསྟེན་པ་དང་། །འགྲོ་དོན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །དེ་དག་གིས་ནི་རི་བོའི་ཟོམ་གྱི་རྒྱུད་ནས། བླ་མ་དམ་པ་ཨ་ཝ་དྷཱུ་ཏི་པས། རི་བོ་གངས་ཆེན་གྱི་རྒྱུད་དུ་ལུང་བསྟན་པ། ཕན་བདེའི་དབྱངས་སུ་བཀོད་པ་རྫོགས་སོ།། །།
ཡོན་ཏན་རྒྱ་མཚོས་འགྲོ་བའི་དཔལ་གྱུར་ཅིང་། །ཤེས་རབ་རྒྱ་མཚོས་སྒྲོ་བསྐུར་སྐྱོན་སྤངས་པའི། །ཆོས་ཀྱི་རྒྱལ་པོ་འགྲན་ཟླ་བྲལ་བ་དེ། །སྤྱི་བོས་བླངས་ཏེ་གུས་པས་ཕྱག་འཚལ་ནས། །མཁས་པ་ཆེན་པོ་བོད་དུ་ལུང་བསྟོན་པའི། །སྙན་པའི་བ་དན་ཅུང་ཟད་བསྒྲག་གིས་ཉོན། །ཀུ་སུ་ལུ་ཡི་དྲུང་དུ་བྱོན་པ་ན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་སྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བླ་མའི་ཞལ་ནས་འདི་སྐད་གསུངས། །ཁྱོད་ཀྱི་གདུལ་བྱ་ཁ་བ་ཅན་ན་ཡོད། །དེར་བྱོན་དཔའ་བོ་རྣམས་ཀྱི་རྣམ་ཐར་སྐྱོངས། །ཁྱོད་ཀྱི་འགྲོ་དོན་འདི་ལྟར་བཤད་ཀྱིས་ཉོན། །དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །དད་གུས་དྲག་པོས་མཆོད་ཅིང་གསོལ་བ་ཐོབ། །དེ་ནས་གདུལ་བྱ་ཐམས་ཅད་གཏན་ལ་ཕོབ། །སྣོད་དང་མཐུན་པར་དམ་ཆོས་བདུད་རྩི་བྲིམས། །ང་རྒྱལ་མ་ཆེ་གཟི་བྱིན་ཆེ་བར་བསྐྱེད། །ཁས་ལེན་མ་ཆེ་ཕན་སེམས་དང་དུ་ལོང་། །ལྟ་བ་མ་མཐོ་སྤྱོད་པ་རྣལ་དུ་ཕོབ། །བྱ་བྱེད་མ་མང་ཐོས་བསམ་སྒོམ་པར་དྲིལ། །བློ་སྣ་མ་མང་ཉམས་ལེན་གཅིག་ཏུ་གྲིལ། །རྣམ་རྟོག་མ་མང་སྙིང་རྗེས་ཕན་སེམས་གཅིག་ཏུ་དྲིལ། །འདོད་པ་མ་ཆེ་རྟག་པར་དཀོན་མཆོག་མཆོད། །རྟག་འཛིན་མ་ཆེ་བརྩོན་པའི་ལྕག་གིས་བསྐུལ། །འདི་རུ་མ་འདུག་གདུལ་བྱ་བོད་ན་ཡོད། །དེར་ནི་རྒྱལ་བ་རྣམས་ཀྱི་སྤྱོད་པ་མཛོད། །སྔོན་ལ་ཐབས་མཁས་ཞི་དུལ་ཆེ་བར་མཛོད། །ཕྱོགས་ཆ་མེད་པར་བུ་བཞིན་བྱམས་པར་མཛོད། །ང་ཁྱོད་མེད་པར་ཆགས་སྡང་ཆུང་བར་མཛོད། །སྡོམ་ཁྲིམས་མནོས་ལ་ཐོས་བསམ་སྒོམ་པར་མཛོད། །རང་རྒྱུད་ཐུལ་ལ་གཤིས་ངན་ཕྱིན་པར་མཛོད། །དད་གཞི་ཟུང་ལ་ལྟ་སྤྱོད་འཛོམས་པར་མཛོད། །དཱི་པཾ་སྦས་པའི་བརྟུལ་ཞུགས་མ་ཤེས་ན། །སྙིགས་མའི་དུས་འདིར་ཤིན་ཏུ་ལྷ་འདྲེ་རྒོད། །སྐྱེ་བོའི་ཚོགས་ཀྱང་ཤིན་ཏུ་སྒྲོ་སྐུར་རེམ། །ཀུ་སུ་ལུ་ཡིས་གཞན་དོན་བྱས་ན་བཙན། །ཝར་ཝུར་མང་པོ་ཤིན་ཏུ་ཕྱི་ཐག་ཐུང་། །ཀོག་རྒྱངས་ཆེན་པོས་ཆོས་ལ་བར་ཆོད་མང་། །ཁས་ལེན་ཆེན་པོས་ཕྱི་ནང་དགྲ་བོ་ཚོལ། །བྱ་བྱེད་མང་པོས་ཕྱོགས་ནས་མི་ཁ་སྡུར། །གྲུབ་རྟགས་མང་པོས་རྒྱུད་ལ་སྒྲོ་སྐུར་འབྱུང་། །མི་མཐོང་མངོན་ཤེས་ལོག་ལྟ་སྐྱེ་བའི་རྒྱུ། །དངོས་གྲུབ་ཆང་ཆུང་ལམ་ནས་ལྡོག་པའི་རྐྱེན། །ཕན་ཡོན་ཆལ་ཆོལ་ལོག་ལྟར་སྦྱོར་བའི་ཆོས། །ཡོན་ཏན་ཡོད་ཀྱང་བུམ་པའི་མར་མེ་ལྟར། །མངོན་ཚན་ཆུང་ལ་ནང་དུ་གསལ་བར་གྱིས། །གཞི་མ་བརྟན་ལ་སྤྱོད་པ་ཟབ་པར་གྱིས། །ལྟ་བ་བཟང་ལ་གཡང་ས་མེད་པར་གྱིས། །དཱི་པཾ་གདམས་ངག་ཟབ་མོ་གང་སྟོན་ཀྱང་། །གཞི་མར་འཁོར་འདས་སྐྱོན་ཡོན་ཆོད་པར་གྱིས། །མི་རྟག་བསྐུལ་མས་སེམས་ལ་གནས་པར་གྱིས། །དཀོན་མཆོག་གསུམ་ལ་ཡིད་ཆེས་བརྟན་པར་གྱིས། །བྱང་ཆུབ་མཆོག་ལ་བསམ་པ་གོམས་པར་གྱིས། །སྟོབས་བཞིའི་སྦྱོར་བས་ཉེས་སྒྲིབ་དག་པར་གྱིས། །བསྔོ་བ་བཟང་པོས་ཁ་ལོ་ཆུན་པར་གྱིས། །སྟོང་ཉིད་ཆེན་པོས་རྒྱས་འདེབས་དག་པར་གྱིས། །ཀུན་ལ་འགྲོགས་ཤེས་ཞེ་འགྲས་མེད་པར་གྱིས། །གྲོགས་པོས་མི་སྡོད་གཉེན་པོ་ཐོབ་པར་གྱིས། །འདི་ནི་ཀུ་སུ་ལུ་ཡི་གདམས་པ་ཡིན། །ཉིན་དང་མཚན་དུ་སེམས་ལ་ཞེན་པར་མཛོད། །གསུང་དེ་ཐོས་ནས་ཚིམ་ཞིང་བཀའ་དྲིན་ཅན། །ཐུགས་ལ་བཏགས་ཞེས་ཞབས་ལ་སྤྱི་བོས་གཏུགས། །ཚེ་རབས་རྟག་ཏུ་ཁྱེད་དང་མི་འབྲལ་བར། །དམ་ཚིག་གཙང་ཞིང་འགྲོ་དོན་འཕེལ་བར་ཤོག །དེ་དག་གིས་ནི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནས། ཀུ་སུ་ལུ་རིན་ཆེན་སྡེས། རི་བོ་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་གནད་ཀྱི་སྒྲོན་མ་ཞེས་བྱ་བ་ལེགས་པར་རྫོགས་སོ།། །།
ཤེས་རབ་དབྱིངས་སུ་མཁྱེན་པ་རྒྱས་གྱུར་ཅིང་། །ཏིང་འཛིན་གཅིག་ཏུ་ཆོས་རྣམས་སྡུད་མཛད་པའི། །ཚུལ་ཁྲིམས་དཔའ་བོ་ལྷ་མིའི་བཀུར་གནས་ཏེ། །སྤྱི་བོས་བླངས་ཏེ་གུས་པར་ཕྱག་འཚལ་ནས། །བླ་མས་ལུང་བསྟན་རྣམ་ཐར་མཛེས་པ་ཡི། །ལེགས་བཤད་ཅུང་ཟད་བཤད་ཀྱིས་གུས་པར་ཉོན། །རིགས་པའི་ཁུ་བྱུག་དྲུང་དུ་བྱོན་པ་ན། །མཁས་པ་ཆེན་པོ་བདག་གི་གདུལ་བྱ་གང་། །མཁས་པ་བདག་གིས་འགྲོ་དོན་ཇི་ལྟར་བྱ། །མཁས་པ་བཤད་དམ་སྒོམ་མམ་ཇི་ལྟར་བྱ། །མཁས་པ་བདག་ལ་ལུང་བསྟན་མཛད་དུ་གསོལ། །སྐྱེས་མཆོག་བླ་མའི་ཞལ་ནས་འདི་སྐད་གསུངས། །མཐའ་བྲལ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །སྒྲོ་སྐུར་རང་སར་གྲོལ་བའི་དབུ་མ་པ། །ལུང་རིགས་གདམས་པས་ཕྱུག་པའི་མཁས་པ་ཁྱོད། །རི་བོ་ཁ་བ་ཅན་གྱི་ལྗོངས་སུ་སོང་། །དེ་ན་ཁྱོད་ཀྱི་འཕྲིན་ལས་ཞུགས་པ་ཡི། །འཇིག་རྟེན་དབང་ཕྱུག་དགེ་བསྙེན་གཟུགས་སྟོན་པ། །བྱམས་དང་སྙིང་རྗེ་ཕྱོགས་རིས་མི་མངའ་བར། །འགྲོ་བའི་བདེ་སྐྱིད་ཆོས་ཀྱི་འཕེལ་བ་ཡོད། །དེ་ནི་ཉིན་མཚན་དུས་དྲུག་དག་ཏུ་ཡང་། །ཁྱོད་ལ་དམིགས་ནས་དར་དཀར་གཡབ་མོ་བྱེད། །སྐྱོ་བའི་གླུ་ལེན་ཕ་ལ་གསོལ་བ་འདེབས། །དཀོན་མཆོག་མཆོད་ཅིང་སྨོན་ལམ་དག་པ་སྦྱོར། །ཤེལ་དཀར་མེ་ལོང་ཕྱིས་ཤིང་ཁྱོད་ལ་ལྟ། །འགྲོ་དྲུག་སེམས་ཐམས་ཅད་སྐྱིད་པ་དང་། །བདག་གི་ཕ་དེ་ནམ་འབྱོན་སྙམ་པ་ལས། །གཞན་གྱི་རྣམ་རྟོག་གང་ཡང་མི་རྒྱུའོ། །དེ་ལྟ་བས་ན་ཁ་བ་ཅན་བྱོན་ལ། །དམ་པ་ཆོས་ཀྱི་དཔལ་འབྱོར་རྒྱས་པར་མཛོད། །ཆགས་ཐོགས་མེད་པར་རྫུ་འཕྲུལ་ཤུགས་ཀྱིས་བྱོན། །སྐྱོ་བ་མེད་པར་སྙིང་སྟོབས་ཆེན་པོས་བྱོན། །མགོན་པོ་ཁྱོད་ཀྱིས་ཞིང་དེར་བྱོན་པ་ན། །དང་པོ་ས་ཕྱོགས་ཐམས་ཅད་དུལ་བར་འགྱུར། །དེ་ནས་མི་ཡི་འགྲོ་བ་དུལ་བར་འགྱུར། །དེ་ནས་ཆོས་ཀྱི་དཔལ་འབྱོར་རྒྱས་པར་འགྱུར། །ལག་ལེན་དག་ཅིང་ཚུལ་ཁྲིམས་གཙང་བར་འགྱུར། །མདོ་སྡེ་ལྟ་ཞིང་ལས་འབྲས་སེམས་པར་འགྱུར། །ཐོས་པ་ཚོལ་ཞིང་ལམ་ལ་མཁས་པར་འགྱུར། །ཡོངས་འཛིན་བསྟེན་ཅིང་རང་བཟོ་ནུབ་པར་འགྱུར། །བཀའ་སྡོད་བསྟེན་ཅིང་བར་ཆད་ནུབ་པར་འགྱུར། །དཀོན་མཆོག་མཆོད་ཅིང་ཚོགས་གཉིས་སོག་པར་འགྱུར། །ཐོ་ཆོ་ཆུང་ཞིང་ཕྲ་ཞིང་ཆེ་བར་འགྱུར། །འཇུག་ལྡོག་མཁས་ཤིང་ཉམས་ལེན་བཟང་བར་འགྱུར། །སྲུང་སེམས་ཆེ་ཞིང་ཚུལ་ཁྲིམས་གཙང་བར་འགྱུར། །ངོ་ཚ་ཤེས་ཤིང་ཁྲེལ་ཡོད་རྒྱས་པར་འགྱུར། །མི་རུང་འཛེམས་ལ་དག་སྣང་ཆེ་བར་འགྱུར། །དེ་ལྟར་ལགས་པས་བོད་དུ་བྱོན་མཛོད་དང་། །མི་རྟག་གཡོ་བ་ཆུ་ཡི་ལྦུ་བ་འདྲ། །བྱས་པའི་ལས་ལ་སྙིང་པོ་མ་མཐོང་གི །ཐུགས་རྗེ་ཆེན་པོས་གཞན་དོན་གོ་ཆ་གྱོན། །ཚེ་འདིའི་མདུན་མ་བྱིས་པའི་རྩེད་ཁྱིམ་འདྲ། །སྙིང་པོ་མེད་པར་མྱུར་དུ་འཇིག་པའི་ཆོས། །ཡུད་ཅིག་སྐྱིད་ལ་དགའ་བར་མ་སེམས་པར། །གོ་ཆ་ཆེན་པོས་མགོན་མེད་སྐྱབས་འཚལ་ལོ། །
ཚེ་འདིའི་མདུན་མ་བྱིས་པའི་ཁང་ཁྱིམ་འདྲ། །བརྟག་དཔྱད་མི་གཏོང་འབྲས་ཀྱི་གསེབ་ཏུ་འཆའ། །འབྲས་ཀྱི་བདག་པོས་ལོང་མེད་བཅད་པ་ན། །སྐྱིད་འདོད་བསམས་ཤིང་ཆུང་བས་སྡུག་བསྔལ་རྒྱུ། །འདི་བདེ་སྙིང་པོ་མེད་ཀྱིས་གཏན་བདེ་སོམས། །མཁས་པ་ཁྱོད་ཀྱིས་སྲིད་པ་རབ་སྤངས་ནས། །ལྷག་མ་མེད་པར་ཞི་བདེ་བརྙེས་གྱུར་ནས། །སྡུག་བསྔལ་མགོན་མེད་ཐུགས་རྗེ་མ་བསྐྱངས་ན། །རྒྱལ་བ་རྣམས་ཀྱིས་སྨད་པར་འགྱུར་བ་ལགས། །དེ་ལྟ་བས་ན་ཁ་བ་ཅན་བྱོན་ལ། །བྱོལ་སོང་ལྟ་བུར་སྡུག་བསྔལ་གྱུར་པ་རྣམས། །སྐལ་བ་འཚམ་པར་ཆོས་ཀྱི་སྨན་སྦྱོར་ལ། །ཉོན་མོངས་འདུས་པའི་ནད་ལས་བསྐྱབ་ཏུ་གསོལ། །ཨེ་མ་བདག་གིས་ཁ་བ་ཅན་ལྗོངས་དེར། །ཁྱོད་ལ་གང་བསྒོ་ང་ལའང་བབ་ན་ཡང་། །རྣམ་པ་གཅིག་ཏུ་མི་ལོ་སུམ་བརྒྱ་འདས། །ཚེ་མཐར་ཕྱིན་པས་འགྲོ་བའི་མཐུ་མེད་མཆིས། །རྣམ་པ་གཅིག་ཏུ་ཁོ་བོ་ཡོན་ཏན་ཆུང་། །བོད་དེ་བཙན་སར་ཕྱིན་པའི་གདུལ་བྱ་ཡིན། །མཁས་པ་ཁྱོད་ཀྱི་ཡོན་ཏན་ཆུང་། །བོད་དེ་བཙན་སར་ཕྱིན་པའི་གདུལ་བྱ་ཡིན། །མཁས་པ་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་འདྲ། །གང་ནས་བཅུས་ཀྱང་བྲི་གང་ག་ལ་ནུས། །མཁས་པ་ཁྱོད་ཀྱི་བཟོད་སྟོབས་ལྷུན་པོ་འདྲ། །མི་མཐུན་ཕྱོགས་ཀྱིས་རྫི་བར་ནུས་མ་ཡིན། །དེ་ལ་བསམས་ནས་ཁྱོད་ལ་བསྐུལ་བྱས་ཀྱི། །ངེས་པ་ཆེན་པོ་བོད་དུ་འགྲོ་དོན་མཛོད། །གསུང་དེ་ཐོས་ནས་ཤིན་ཏུ་ཡིད་ཚིམ་ཞིང་། །བཀའ་དྲིན་ཆེ་ཞེས་ཞབས་ལ་གུས་བཏུད་ནས། །བླ་མ་ཁྱོད་དང་ནམ་ཡང་མི་འབྲལ་བར། །སྐྱེ་བ་གཏན་དུ་ཐུགས་རྗེས་འཛིན་པ་དང་། །དམ་ཚིག་གཙང་ཞིང་འགྲོ་དོན་འཕེལ་བ་དང་། །བྱིན་རླབས་དངོས་སུ་ཞུགས་ཏེ་སྨིན་པར་ཤོག །
དེ་དག་གིས་ནི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནས། བླ་མ་དམ་པ་རིགས་པའི་ཁུ་བྱུག་གིས། རི་བོ་གངས་ཅན་གྱི་རྒྱུད་དུ་ལུང་བསྟན་པ། གཞན་ལ་ཕན་པའི་དབྱངས་ཞེས་བྱ་བ་སྟེ། དེ་ཡན་ཆོད་ཀྱིས་ཇོ་བོ་ལ་བླ་མ་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་ཀྱི་ནང་ནས། བོད་མཐའ་འཁོབ་ཀྱི་སེམས་ཅན་ལ་ཐུགས་བརྩེ་བར་མཛད་པའི་བླ་མ་རྣམས་ཀྱིས་ལུང་བསྟན་ཚུལ་ཉེ་བར་མཚོན་པ་ཙམ་གཅིག །རི་བོ་གངས་ཅན་གྱི་རྒྱུད་ཀྱི་རྣལ་འབྱོར་པ། འབྲོམ་ཛ་ཡན་ཨ་ཀ་རས། མི་མངོན་པའི་དབྱིངས་སུ་སྦྱར་བ། རྣམ་དག་ཤེལ་གྱི་མེ་ལོང་ཞེས་བྱ་བ་ལེགས་པར་རྫོགས་སོ།། །།
རྗེ་བཙུན་བྱམས་པ་དང་། སྤྱན་རས་གཟིས་ལ་ཕྱག་འཚལ་ལོ། །དེ་ནས་བླ་མ་དམ་པ་གསེར་གླིང་པས། །བྱམས་པ་ཐོགས་མེད་རྗེས་སུ་འབྲངས་པ་ཡི། །བསམ་པ་སེམས་བསྐྱེད་གདམས་ངག་དུ་མས་བསྐྱངས། །ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་འགྲེལ་རྣམས། །ཐམས་ཅད་ཡོངས་སུ་རྫོགས་པར་རྗེ་ལ་གནང་། །ཐེག་པ་ཐུན་མོང་རྣམ་པར་བཞག་པ་དང་། །གྲུབ་མཐའི་འདོད་ལུགས་དུ་མའང་རྣམ་པར་བསྟན། །མདོར་ན་ཐེག་པ་ཆེ་ཆུང་མ་ལུས་པའི། །རྣམ་པར་བཞག་པ་ཐམས་ཅད་བསྟན་རྗེས་སུ། །རྒྱ་གར་དམ་པ་ཆོས་ཀྱི་ཕོ་བྲང་ན། །མཁས་པའི་པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱིས། །དགེ་སློང་ཞིག་ལ་སྤྲིང་ཡིག་འདི་བསྐུར་བ། །སངས་རྒྱས་རྣམས་དང་དེའི་བསྟན་པ་དང་། །ཡོངས་འཛིན་རྣམས་ཀྱི་ཞབས་ལ་གུས་བཏུད་ནས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དཀའ་བ་བརྒྱ་ཕྲག་སྤྱད་ཅིང་ཐར་པར་བྱོན། །མགོན་པོ་དེའི་གསུང་རབས་ཐམས་ཅད་ལ། །ཁྱོད་ནི་ཚད་མའི་སྐྱེས་བུར་གྱུར་པ་ལགས། །མཁས་པ་ཁྱོད་ཀྱིས་བསྟན་པའི་སྒོར་ཞུགས་ནས། །སོ་སོར་ཐར་པའི་བླང་དོར་ཞིབ་མོ་ལ། །མཁས་པ་ཀུན་གྱིས་མཁན་པོར་བཀུར་བ་ན། །དགྲ་བཅོམ་རྣམས་ཀྱིས་སྨད་པར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་སྨོན་འཇུག་སེམས་བསྐྱེད་ནས། །བུ་ཅིག་པ་ལ་མ་ནི་བརྩེ་བ་ལྟར། །འགྲོ་བ་ཐམས་ཅད་དང་དུ་བླངས་པ་ན། །སྐྱེས་བུ་ཆེན་པོས་སྨད་པར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་གསང་སྔགས་སྒོར་ཞུགས་ནས། །རྡོ་རྗེ་ཐེག་པར་དཔའ་བོ་བསྟེན་པ་ན། །ཐམས་ཅད་ལྷའི་ངོ་བོར་གཟིགས་པའི་ཚེ། །རྡོ་རྗེ་འཆང་གིས་སྨད་པར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་བླ་མ་བསྟེན་པ་ན། །ཐམས་ཅད་མཉེས་ཤིང་དམ་ཚིག་ཕུན་ཚོགས་ནས། །ཤེས་བྱ་ཀུན་གྱི་བདག་པོར་གྱུར་པ་ན། །ཕྱོགས་བཅུའི་སྒྲོན་མེར་སྨད་པར་གྱུར་མ་ལགས། །ཁྱོད་ཀྱིས་ཐོས་བསམ་སྒོམ་གསུམ་མ་ལུས་པ། །བསྡུས་ཏེ་གདན་ཐོག་གཅིག་ཏུ་སྤྲུགས་པ་ན། །སྐྱེ་འཕགས་ཐམས་ཅད་དབང་དུ་བསྡུས་པའི་ཚེ། །རྒྱུ་འབྲས་ལས་ཀྱི་ཁྲེལ་བར་གྱུར་མ་ལགས། །མཁས་པ་ཁྱོད་ཀྱིས་རྒོལ་བ་བཟློག་པ་ན། །ཉི་མ་དང་པོར་ཀུན་གྱིས་གོ་མོད་ཀྱི། །བཞི་ལྔ་ཙམ་ལ་མཁས་པ་ཕལ་གྱིས་གོ །
དེ་ནས་ཁྱོད་ཉིད་ལྷམ་མེར་གྱུར་པ་ལགས། །ཉི་མ་བཅུ་པའི་དུས་ཚོད་གྱུར་པ་ན། །མུ་སྟེགས་སྟོན་པས་རྫུ་འཕྲུལ་སྣ་ཚོགས་བཀྱེས། །དེ་ཚེ་བར་སྣང་ཁྱོད་ཀྱི་གར་གྱིས་བཀང་། །དགྲ་བོ་ཐམས་ཅད་མ་ལུས་བསོད་མ་ཞེས། །ཁྱོད་ཉིད་ཕྱོགས་ལས་རྒྱལ་བར་གྱུར་པ་ལགས། །ཉི་མ་བཅུ་གསུམ་དུས་སུ་གྱུར་པ་ན། །མུ་སྟེགས་བྱེད་ཀྱི་དཀྱིལ་འཁོར་རླུང་ལ་བསྐུར། །མེ་དང་ཆུ་རྣམས་ཁྱོད་ཀྱི་ཐལ་མོས་བཅོམ། །བཅུ་གསུམ་གདུགས་ནི་ཁྱོད་ལ་ཕུབ་པ་ལགས། །དེ་ནས་པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱིས། །ལྷ་ཁང་བརྒྱ་དང་རྩ་བརྒྱད་ལྡེ་མིག་རྣམས། །བསྟན་པའི་བདག་པོར་ཤེས་ནས་ཁྱོད་ལ་གཏད། །ཀུན་གྱིས་སྤྱི་བོའི་གཙུག་གིས་བཀུར་བ་ལགས། །དེ་ནས་མཁས་པ་ཁྱོད་ཀྱིས་རྫིངས་བཅས་ནས། །གཅེན་པོ་ས་ཡི་བདག་པོའི་འགྲན་ཟླ་བཅོམ། །མཁས་པ་ཁྱོད་ཀྱིས་དགྲ་བཅོམ་དུ་མ་བསྡུས། །སྐྱེ་བོ་ཡོངས་ཀྱི་ཡིད་དབང་ཕྲོགས་པ་ལགས། །དེ་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་ན། །བདུད་དང་མུ་སྟེགས་གཅིག་ཏུ་ཁ་འགྲིལ་ནས། །ས་དང་རླུང་གཡོས་རྒྱ་མཚོ་དཀྲུགས་པའི་ཚེ། །བསྟན་སྲུང་ཐམས་ཅད་དམག་ཏུ་འཐིབས་པ་ལགས། །དེ་ནས་རྒྱ་མཚོའི་དཀྱིལ་དུ་སླེབས་པ་ན། །དབང་ཕྱུག་ཆེན་པོས་ཁྱོད་ལ་བསྡོས་པའི་ཚེ། །ཁྱོད་ཁྲོས་བེ་ཅོན་རི་ལ་བརྒྱབ་པ་ཡིས། །བཤགས་ནས་མཚོ་སྐོལ་དབང་ཕྱུག་བརྟུལ་བ་ལགས། །ཨེ་མ་ཁྱོད་ཀྱིས་རྫིངས་བཅས་དེང་སང་བར། །ལོ་བདུན་ཟླ་བ་བཅུ་གཅིག་འདས་པ་ན། །བདག་ཅག་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ། །ཁྱོད་བསམས་ད་དུང་བྱོན་པར་མ་གྱུར་ལགས། །ཨེ་མ་མཁས་པ་ཁྱོད་ཉིད་མི་བཞུགས་པས། །ཡུལ་གྱི་དབུས་འདི་མཐའ་འཁོབ་ལྟ་བུར་གྱུར། །ད་ནི་མཁས་པ་ཆེན་པོ་མྱུར་དུ་བྱོན། །ཞིང་དེའི་ཆོས་ཀྱི་གྲགས་པ་ཡོངས་གསོལ་བའི། །ཡོངས་འཛིན་ཁྱོད་ཀྱིས་ངེད་ཀྱི་ལྷ་དེ་རྫོངས། །རིགས་ངན་གླིང་ནི་རྒྱལ་པོའི་ཕོ་བྲང་མིན། །རྔ་མོའི་བྲེས་སུ་གླང་པོའི་སྣ་མི་ཤོང་། །མཁའ་ལྡིང་ཆེན་པོས་ཅོ་གའི་ཚང་ཞུགས་ཀྱང་། །ཚང་དེར་སོར་མོ་ཙམ་ཡང་ག་ལ་ཤོང་། །རྒྱ་མཚོའི་ནང་དུ་ཆུ་ཕྲན་བླུགས་གྱུར་ཀྱང་། །གཏིང་མཐའ་ཡངས་པས་བྲི་གང་ག་ལ་ནུས། །འབྲུ་ཤོད་འབྲས་ཀྱི་ཡུལ་ན་ལྕོག་མོ་ཞིག །འབྲས་ཕུལ་གང་གིས་བྱ་བརྒྱ་བོག་ཅེས་ཐོས། །ངམ་ཤོད་བྱེ་མའི་རོང་ན་མེར་མོ་ཞིག །རྒྱལ་བློན་རྒྱལ་སྲིད་སྐྱོང་བའི་མདུན་མ་ལས། །མ་སྨད་འཁྲུག་པ་བསྡུམས་ན་བྱ་དགའ་ཡོང་། །རྒྱལ་བློན་ཁོ་རེ་ཆུང་ཞེས་ཟེར་བ་ཐོས། །ནགས་ཁྲོད་སྤེན་ཚེ་ཅན་གྱི་ཕོ་བྲང་ན། །བྱི་བའི་རྒྱལ་པོ་ཧོམ་ཟི་བྱ་བ་དེ། །ནགས་སྟོད་འགྲིམ་ཞིང་སྟག་གི་རྒྱལ་པོ་ལ། །འགྱིང་ཞིང་གླལ་བ་བསླབ་བྱ་བྱེད་པ་མཐོང་། །ད་ནི་རིང་པོར་མི་ཐོགས་རྒྱ་མཚོ་ལ། །འཁོར་བཅས་རང་གི་རྫིངས་སུ་ཞུགས་ཏེ་བྱོན། །གཏམ་དེ་གསེར་གླིང་རྒྱལ་པོའི་སྙན་དུ་རྒྱུད། །དེ་མ་ཐག་ཏུ་བླ་མས་འཛུམ་མཛད་ནས། །སའི་བདག་པོས་རྒྱལ་སྲིད་རྣམ་སྤངས་ནས། །འབངས་ཀྱི་ཚུལ་དུ་བླ་མ་བརྒྱ་ཕྲག་བསྟེན། །ཆགས་པ་མེད་པར་དཀའ་སྤྱད་གོ་གོན་ནས། །ཤེས་བྱ་འདི་ལ་ཕྱོགས་རིས་མེད་པར་བསླབས། །འོན་ཀྱང་ནོར་རྫས་འབྱོར་པས་བལྟམས་གྱུར་ནའང་། །ལེགས་པར་སྦྱར་བའི་གཡོ་བསྔགས་མ་ཟོས་ན། །ཟས་ཀྱི་རྐྱེན་གྱིས་ལུས་སྲོག་འབྲལ་བའང་སྲིད། །དེ་ཕྱིར་མཁས་པས་ཤེས་ནས་དྲུང་འདིར་འོངས། །གང་ལ་ཡོན་ཏན་གཞན་གྱིས་བརྗོད་པ་ལས། །རང་གིས་ཉམས་སུ་མྱོང་བ་ཚད་མ་ཡིན། །འོན་ཀྱང་དཱི་པཾ་དེ་ལ་ཤོག་ཅེས་གསུང་། །ཨ་ཏི་ཤ་ཡིས་དྲུང་དུ་བྱོན་པ་དང་། །བླ་མ་དེའི་ཞལ་ནས་འདི་སྐད་གསུངས། །མཁས་པ་ཁྱོད་ཀྱིས་ང་ཡི་དྲུང་བཞུགས་ནས། །ལོ་དྲུག་ཟླ་བ་བདུན་དུ་སོང་བ་ལ། །བདག་གིས་ཡོན་ཏན་ཐམས་ཅད་རྫོགས་པར་བྱས། །ད་ནི་རེ་ཞིག་རྒྱ་གར་དབུས་སུ་སོང་། །ཐེག་པ་ཆེ་ཆུང་ཡོངས་ཀྱི་བདག་པོ་མཛོད། །མཐོ་ཁུར་དམའ་སྐྱོང་མཉམ་དང་འགྲོགས་ཤེས་གྱིས། །ངང་བསྲིང་རྒྱུད་ཐུལ་བསྟན་པ་སྤྱི་ལ་སོམས། །དབུས་ཀྱི་གཙུག་ལག་ཁང་རྣམས་ཟུང་གྱིས་ལ། །རལ་བ་གསོས་ལ་ཞུ་དག་ག་དར་མཛོད། །པཎ་ཆེན་བརྒྱ་ཕྲག་མགོར་ཐེག་གུས་པས་བསྟེན། །གནས་བརྟན་རཏྣ་ཨ་ཀ་ར་ལ་ཞུས། །གནས་ལ་ངེས་མེད་གཙུག་ལག་ཡོངས་སུ་འགྲིམས། །ཕྱི་ནང་ཤགས་ཕྱེ་བསྟན་པའི་དཔང་པོ་མཛོད། །ལེགས་པར་གཏན་ལ་ཕེབས་ནས་ཡང་འདིར་ཤོག །ལན་དུ་ཨ་ཏི་ཤ་ཡིས་འདི་སྐད་གསུངས། །པཎ་ཆེན་ལྔ་བཅུ་རྩ་གཉིས་ཐུགས་རྒྱལ་ཆེ། །བླ་མ་ཁྱེད་ནི་ཞིང་ས་ཤིན་ཏུ་གཉན། །རེ་ཞིག་གསུང་རྣམས་བདག་གིས་བསྒྲུབ་པར་བགྱི། །ལམ་དུ་ཉེ་ཞོ་མེད་པར་བྱིན་གྱིས་རློབས། །དེ་ནས་བླ་མ་རྒྱ་མཚོའི་འགྲམ་དུ་བསྐྱལ། །དེ་ཚེ་བླ་མས་འཁོར་རྣམས་ཐམས་ཅད་ལ། །འགྲོ་བའི་སྐྱེས་འདི་བརྩེ་བས་སྙན་དུ་ཕུལ། །རྟག་ཏུ་དཱི་པཾ་ཀ་ར་གུས་པས་བསྟེན། །ཕྲ་ཞིབ་ལས་ལ་འཛེམ་བག་ཆེ་བར་མཛོད། །ང་རྒྱལ་ཆུང་ཞིང་སྒྱིད་ལུག་མེད་པ་དང་། །ཆགས་སྡང་མེད་ཅིང་རང་ཚུགས་ཟིན་པ་དང་། །ཀུན་ལ་འགྲོགས་ཤེས་བྱམས་བརྩེ་ཆེ་བར་མཛོད། །འཁོར་གྱི་ཚོགས་ཀྱིས་དེ་ལ་ལན་གསོལ་བ། །བླ་མ་རྡོ་རྗེ་གདན་ལ་སྙོམས་པར་ཞུགས། །བདག་ཅག་རྣམས་ལ་ཐུགས་རྗེས་རྒྱང་སྲིངས་ལ། །འཕྲིན་ལས་བཟང་པོས་ཉོན་མོངས་གདུང་བ་ཆོད། །ཡིད་དབང་ཚིམ་ལགས་ད་རུང་མཇལ་བར་སྨོན། །དེ་ནས་རྫིངས་བསྡམས་ཟླ་བ་དགུ་ཙམ་དུ། །རྫིངས་ལ་འོངས་ནས་རྡོ་རྗེ་གདན་དུ་བྱོན། །དབུས་པ་ཡོངས་ཀྱིས་རྗེ་ལ་བསུ་བ་མཛད། །དེ་ནས་ཆོས་རྒྱལ་རྣམས་དང་པཎ་ཆེན་དང་། །དགེ་འདུན་ཐམས་ཅད་རང་སར་ཐུགས་མཐུན་པར། །གཙུག་ལག་ཁང་ཆེན་བརྒྱ་རྩ་བརྒྱད་ཕུལ་ནས། །ཆོས་རྒྱལ་ཆེན་པོར་ཀུན་གྱིས་མངའ་དབང་བསྐུར། །
དེ་ནས་གཙུག་ལག་ཁང་རྣམས་ཐམས་ཅད་དུ། །ཤནྟི་པ་དང་ནཱ་རོ་པ་ལ་སོགས། །ཞུ་དག་མཛད་ཅིང་བསྟན་ཆོས་མང་དུ་མཛད། །གཞན་ཡང་སར་པའི་ས་བདག་ཡོངས་བསྐུལ་ནས། །གཙུག་ལག་ཁང་གི་རལ་གྲུམ་ཐམས་ཅད་བཅོས། །དེ་ཡི་དུས་སུ་ཕྱོགས་དང་ཕྱོགས་མཚམས་སུ། །ཨ་ཏི་ཤ་ཡི་བསྟན་པས་ཁྱབ་པར་གྱུར། །ལྷག་པར་རྒྱ་ནག་སྟོང་ཀུན་རྒྱལ་པོ་ཡིས། །ཨ་ཏི་ཤ་ཡི་སྙན་པ་ཆེར་ཐོས་ནས། །དཀའ་སྤྱད་ཆེན་པོས་ཇོ་བོ་སྤྱན་དྲངས་ཀྱང་། །བསོད་ནམས་དབང་གིས་ཇོ་བོ་སྤྱན་མ་འདྲོངས། །གཞན་ཡང་རྒྱ་གར་ལྷོ་བྱང་ཐམས་ཅད་དང་། །ཤར་ནུབ་མཐའི་རྒྱལ་པོ་ཀུན་གྱིས་ཀྱང་། །སྤྱན་དྲངས་བསོད་ནམས་དབང་གིས་སྤྱན་མ་འདྲོངས། །དེ་ནས་གདན་འདྲེན་ཡོངས་ལ་ཐུགས་བརྩེ་ཞིང་། །གཤེགས་པར་མ་ནུས་བཞིན་དུ་ཐུགས་སྐྱོ་བས། །
དཔོན་གཡོག་ལྔ་བཅུ་ཚོང་པར་བཅས་པ་ཡིས། །རང་གི་རྫིངས་སུ་ཞུགས་ཏེ་རྒྱ་མཚོ་ལ། །ཟླ་བ་དགུ་ཙམ་གསེར་གླིང་ཉིད་དུ་བྱོན། །ལོ་གཉིས་ཉེ་བར་གསེར་གླིང་པ་ལ་བརྟེན། །ཆོས་ཀྱི་ལེ་ལག་ལྔ་བརྒྱ་ཙམ་ཞིག་ཞུས། །དེ་ཡང་རབ་གནས་སེམས་བསྐྱེད་བསྔོ་བ་དང་། །ཁྲུས་དང་ཆོས་སྐོར་སཙྪ་བྱིན་རླབས་དང་། །རུས་ཆོག་ལམ་སྲུང་རྟེན་འབྲེལ་བརྟག་པ་དང་། །མདོ་སྡེ་ཀློག་ཐབས་མཎྜལ་བྱ་ཐབས་དང་། །ཐ་ན་ངན་སོང་སྦྱོང་ཐབས་ཡན་ཆད་ནས། །སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་སོགས་པའི། །ཕན་ཆ་ཐམས་ཅད་བརྩེ་བའི་ཐུགས་ཀྱིས་གནང་། །ཨེ་མ་བླ་མ་དེ་ནི་སྙིང་རྗེ་ཆེ། །འགྲོ་ལ་བྱམས་ཤིང་བག་ཡོད་ལྡན་གྱུར་པས། །ཆོས་སྤྱོད་དགེ་བའི་ལས་ཀ་ཅི་བྱེད་ཀྱང་། །བདེན་བདེན་ཏིག་ཏིག་ལྟ་བུར་ནན་ཏན་མཛད། །ལྟ་བའང་སྣང་བ་ཙམ་གྱི་དབུ་མ་འཛིན། །ཕལ་ཆེར་སེམས་ཙམ་ལྟ་བུར་གསུང་བ་ལ། །ལན་གཅིག་ཇོ་བོས་ཟླ་གྲགས་གསུང་བཞིན་དུ། །མི་གནས་པ་ཡི་དབུ་མའི་གསུང་གླེངས་པས། །བླ་མའི་གསུངས་ནས་མཁས་པ་ལས་སོམས་དང་། །བྱ་ཁྱུང་ཆེན་པོས་ནམ་མཁའི་མཐའ་སྤྱོད་ཀྱང་། །རྒྱུ་འབྲས་ས་ཡི་སྟེང་དུ་བརྩི་བ་ཡིན། །གནས་ལུགས་ནམ་མཁའ་ལྟ་བུར་དག་སྲིད་ཀྱང་། །ལས་འབྲས་འདི་ལ་གཅེས་སྤྲས་བྱ་འཚལ་ལོ། །ལན་གཅིག་ཇོ་བོས་མཆོད་པ་བཤམས་གྱུར་ཏེ། །ཡན་ལག་བདུན་པ་རྒྱས་པར་ཕུལ་བ་ན། །བླ་མའི་ཞལ་ནས་ལེགས་སོ་འདི་ལྟར་ལེགས། །ཇི་སྲིད་བཙན་ས་ཟིན་པར་མ་གྱུར་པ། །
འདི་ལྟར་གུས་པ་ཆེན་པོས་ཚོགས་གསོག་ཅིང་། །དགེ་སྡིག་ལས་ལ་འཇུག་ལྡོག་བྱ་འཚལ་ལོ། །
གཞན་ཡང་ཇོ་བོས་ཐབས་ལ་མཁས་པ་ཡིས། །མདོ་དང་བསྟུན་ཅིང་གནས་ལུགས་ཞུས་པ་ན། །
བླ་མའི་ཞལ་ནས་བདེན་མོད་འོན་ཀྱང་སྙིང་རྗེ་ཟབ། །ད་རུང་སྟོང་པའི་ཐད་ཁམས་ཆེས་གྱུར་ན། །
ཕྲ་ཞིབ་ལས་ལ་བསྐུར་བ་བཏབ་པ་སྲིད། །གཞན་ཡང་ཇོ་བོས་ཐབས་མཁས་དུ་མ་ཡིས། །ལྟ་བ་དབུ་མ་ཆེན་པོ་དྲངས་གྱུར་ཀྱང་། །ཅུང་ཟད་འགྱུར་ཀྱང་གཏིང་ནས་མ་འགྱུར་བས། །ལན་གཅིག་དངུལ་གདུགས་ཅན་གྱི་ཕོ་བྲང་དུ། །སྒྲོལ་མ་ཡུམ་ལ་གསོལ་བ་གུས་བཏབ་པས། །སྒྲོ་བསྐུར་དྲི་མའི་སྐྱོན་གྱིས་མ་བསླད་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་གང་། །ཆོས་ཀྱི་གནས་ལུགས་མཐའ་བྲལ་སྙིང་པོའི་དོན། །བླ་མ་འདི་ཡི་ཐུགས་ལ་བསྐྱེད་དུ་གསོལ། །དེ་ནས་ལོ་གཉིས་ཟླ་བ་ཕྱེད་ལྷག་ན། །ཇོ་བོས་དབུས་སུ་འབྱོན་པར་ཆས་པའི་ཚེ། །བླ་མས་བོད་དུ་ལུང་བསྟན་གསུངས་པ་ནི། །ལྷ་གཅིག་འདི་རུ་མ་བཞུགས་བྱང་དུ་བྱོན། །བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་དུ་བྱོན། །དེ་ནི་རི་བོ་སྤོས་ངད་ལྡན་པའི་ངོགས། །ཀུན་ནས་སྤང་ལྗོངས་མེ་ཏོག་བཀྲ་བའི་ཚལ། །རྩི་ཤིང་ནགས་ཚལ་ཕྱོགས་མཐར་རྒྱས་པའི་ཁྲོད། །ཆུ་མིག་ནེའུ་གསིང་རྫིང་བུས་བརྒྱན་པའི་འགྲམ། །བུང་བ་འཕུར་ལྡིང་གླུ་དབྱངས་ལེན་པའི་ས། །ལྷ་བྱ་འཕུར་ལྡིང་བག་ཕེབས་རྒྱུ་བའི་ཡུལ། །ཆུ་བྱ་དབྱངས་སྙན་སྒྲ་དབྱངས་འཚེར་བའི་གནས། །རི་མཐོ་ས་གཙང་སྤོས་རྒྱ་ལྟ་བུའི་ཡུལ། །ཆུ་བོ་བཞི་འབབ་དབྱར་དགུན་ཕྱེད་པའི་ཕྱོགས། །སྤྱན་རས་གཟིགས་ཞིང་ཆོས་རྒྱལ་སྤྲུལ་པའི་སྐུ། །ཁྱེད་ཀྱི་སྲས་ཡིན་སྣ་ཚོགས་སྤྲུལ་པ་འགྱེད། །སྤྱན་རས་གཟིགས་ཡིན་འགྲོ་རྣམས་ཐུགས་རྗེས་སྐྱོང་། །ཞིང་ཁམས་དེ་ན་དུག་སྦྲུལ་གླང་ཆེན་དང་། །སྟག་དང་མི་རྒོད་གཅན་གཟན་འཇིགས་པ་དང་། །དྲེད་དང་ཆུ་སྲིན་ས་གཡོས་ལྕེ་འབབ་པའི། །འཇིགས་པ་མེད་པར་སྐྱེ་བོ་བག་ཕེབས་རྒྱུ། །སྐྱེ་བོ་མ་ཎི་པདྨེའི་གླུ་དབྱངས་སྒྲོག །ཐེག་ཆེན་བློར་ཤོང་མུ་སྟེགས་འཇིགས་པ་མེད། །འོན་ཀྱང་བླུན་པས་འཇུག་ལྡོག་རྣལ་མི་ཤེས། །ཆོས་པ་ཉུང་ཤིང་ཡོད་པ་ཐོ་ཆོ་ཆེ། །ཕྲ་ཞིབ་ལས་ལ་འཛེམ་པ་ཆེས་ཉུང་བས། །ཁྱོད་སོང་བོད་ཁམས་ཡོངས་ཀྱི་བདག་པོ་མཛོད། །དེ་ནས་ཇོ་བོས་བོད་ལ་ཕར་གཟིགས་པས། །བོད་ཀྱི་སྣང་ཚུལ་མཐོང་སྟེ་སྐྲག་པར་གྱུར། །འོན་ཀྱང་བླ་མའི་གསུང་ལ་ལན་བཏབ་པ། །ཐུགས་རྗེ་ཆེན་པོ་བདག་ལ་གསན་སུན་གསོལ། །བོད་དེ་དབུ་འཐོམས་བྱིས་པ་གདོལ་པའི་ཡུལ། །ས་རྩུབ་རོང་དོག་གཡང་ས་ཤིན་ཏུ་ཆེ། །ངམ་ནག་འཕྲང་དོག་རི་མགོ་གངས་ཀྱིས་བསྐོར། །རྣམ་གཞག་བར་ཚང་གཙང་རྩོག་ཤན་མི་ཕྱེད། །ཞེ་སྡང་སྡུག་རྩུབ་རྒོད་བག་ཤིན་ཏུ་ཆེ། །བློ་མང་མཐོ་འགྲིམ་ཕྱི་ཐག་ཤིན་ཏུ་ཐུང་། །བྱད་དམར་སྣ་ལེབ་ཤ་དམར་ཟས་སུ་ཟ། །སྣ་རྣོ་གཡོ་ཆེ་ཀུན་ལ་ཁྲམ་དུ་རྒྱུགས། །ཕ་མ་རྒན་རབས་དག་ལ་དེར་མི་འཛིན། །གཙོ་བོ་མཁན་སློབ་དག་ལ་དེར་མི་འཛིན། །བསོད་ནམས་ཐམས་ཅད་སའི་དུར་དུ་སྦེད། །ཡོན་བསྔོ་དགེ་རྩ་བསགས་སྦྱང་མིང་མ་མཆིས། །མཆོད་གཏོར་བསྙེན་བཀུར་ཁ་ཏོན་སྡོམ་ཁྲིམས་བྲལ། །བུད་མེད་རེ་བ་ནག་པོ་སྐེད་ལ་དཀྲིས། །མིག་དམར་རལ་པའི་མགོ་ལ་སྟག་མགོ་འཆང་། །ཤ་ཟ་ཁྲག་འཐུང་ཕུང་བའི་འཁོར་ལོ་བསྐོར། །སྒྱུ་མ་སྡོག་ཅིང་རྒྱུ་མའི་ཞགས་པ་འཕེན། །གཙུག་ལག་ཁང་ན་བུད་མེད་བུ་ཆུང་དང་། །ཁྱི་དང་ཁྱིམ་བྱ་ལ་སོགས་བོང་སྐད་འདོན། །དཀོར་གཉེར་དཀོར་ཟ་སྐྱེ་བོ་སྡིག་ལ་སྦྱོར། །སྡེ་དགོན་འཐབ་ཅིང་ང་བདག་རུས་པ་རྩོད། །དམ་པའི་ངག་ལ་མི་ཉན་རང་དགར་སྨྲ། །དམ་ཉམས་ཁྲིམས་འཆལ་འབོག་ཅོལ་ཆེན་པོའི་ཡུལ། །ཞིང་དེ་བདག་གིས་གདུལ་བར་ཅང་ནུས་སམ། །ཨེ་མ་ཧོ་བདག་གིས་མཐའ་འཁོབ་ཇི་ལྟར་ཐུལ། །འོན་ཀྱང་སྤྲུལ་པའི་མི་རེང་དཀར་པོ་གཅིག །གངས་ཀྱི་རི་ལ་དཔའ་བའི་སྤྱང་སློག་གྱོན། །ལྕང་ལོའི་སྐྲ་ཡིས་ཁམས་གསུམ་དཔུང་པ་མནན། །མུ་ཏིག་ཕྲེང་བས་ཐབས་དང་ཤེས་རབ་སྦྲེལ། །གྲི་ཆེན་བཞི་ཡིས་བདུད་བཞིའི་སྲོག་རྩ་གཅོད། །སྐེ་རགས་དྲུག་འཁྱུད་ཕ་རོལ་ཕྱིན་པས་བསྡམས། །སྤྱན་ཡངས་ཟླུམ་པོར་བལྟ་བས་བར་ཆོད་ཟློག །མཆེ་བ་ལན་ཕུར་གཙིགས་པས་ཁྲོ་བོར་སྟོན། །འཛུམ་ཞིང་དུལ་བར་བཞུགས་པས་ཞི་བར་སྟོན། །ཆ་ལུགས་དཀར་པོར་བསྟན་པས་སེམས་དཔའི་གཟུགས། །ཉོན་མོངས་གདུག་རྩུབ་ཞི་བས་ཉན་རང་ཚུལ། །སྟོང་ཉིད་སྙིང་རྗེ་གནས་པས་བདེ་གཤེགས་སྐུ། །སྦས་པའི་བརྟུལ་ཞུགས་མཛད་པས་གསང་སྔགས་ལྷ། །སྤྲུལ་པ་དུ་མས་བདེ་གཤེགས་འཕྲིན་ལས་སྐྱོང་། །དེ་ནི་བདག་གི་ཐུ་བོ་དམ་པར་མཐོང་། །ཡ་མཚན་འོད་ཟེར་འབར་བའི་དཀྱིལ་འཁོར་དེར། །བདག་གི་འཕྲིན་ལས་ཆེན་པོ་སྐལ་བ་བཟང་། །བདག་གི་བླ་མ་མགོན་པོ་གསེར་གླིང་པ། །ཁྱེད་ཀྱི་གསུང་དང་འགལ་བར་མི་བགྱིའོ། །བླ་མ་མཉེས་ཤིང་སྨོན་ལམ་ཆེན་པོ་བཏབ། །ཟླ་བ་བཅུ་རུ་རྫིངས་སུ་ཞུགས་ནས་བྱོན། །དེ་ནས་འཁོར་བཅས་འོད་མའི་ཚལ་དུ་བྱོན། །གཙུག་ལག་ཁང་རྣམས་ཕུན་སུམ་ཚོགས་པར་མཛད། །དེ་ནས་ཀཽ་ཤམྦྷི་ཡི་གནས་སུ་བྱོན། །ཟླ་བ་གཉིས་སུ་ཞིག་རལ་ཆེན་པོ་གསོས། །རྟེན་གསུམ་ཐམས་ཅད་ཕུན་སུམ་ཚོགས་པར་མཛད། །
དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །ཀུན་དགའ་ར་བ་ཤིན་ཏུ་མཛེས་པར་མཛད། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ་བྱོན། །བདེ་གཤེགས་མཆོད་རྟེན་ཐམས་ཅད་མཛེས་པར་མཛད། །དེ་ནས་མཉན་ཡོད་རྒྱལ་བྱེད་ཚལ་དུ་བྱོན། །ཉམས་པ་གསོས་ཤིང་གཙུག་ལག་རྒྱས་པར་མཛད། །དེ་ནས་གྲོང་ཁྱེར་རྩྭ་མཆོག་གནས་སུ་བྱོན། །ཉན་ཐོས་མཆོད་རྟེན་ཐམས་ཅད་རྒྱས་པར་མཛད། །དེ་ནས་སྒྲོལ་མ་འབར་བའི་ཚལ་དུ་བྱོན། །ཀུན་དགའ་ར་བ་བཅུ་གསུམ་རྒྱས་པར་མཛད། །མདོར་ན་རྡོ་རྗེ་གདན་དང་ནཱ་ལེནྡྲ། །ཀྲ་མ་ལ་དང་མཻ་ཏྲིའི་གཙུག་ལག་ཁང་། །ལི་ཡི་རྒྱལ་པོའི་ཕོ་བྲང་ལ་སོགས་པའི། །གཙུག་ལག་ཁང་ཆེན་བརྒྱ་དང་བརྒྱད་དག་དང་། །མཆོད་རྟེན་ཉི་ཁྲི་ཆོས་ཁྲི་སུམ་བརྒྱ་དག །འགྲན་གྱིས་དོ་མེད་བླ་མ་འདི་ཡིས་གསོས།།
དེ་ཚེ་མཐའ་འཁོབ་གླིང་ཕྲན་ཐམས་ཅད་དུ། །སྐྱེས་བུ་དམ་པའི་སྙན་པས་ཁྱབ་པར་གྱུར། །རིམ་གྱིས་བོད་ཀྱི་རྒྱལ་པོའི་སྙན་དུ་སོང་། །བླ་མ་དེ་ཡི་རྣམ་ཐར་ཐོས་པ་དང་། །མེས་ཆེན་རྣམས་ཀྱི་རྣམ་སྲོལ་དྲན་པ་དང་། །དེང་སང་དུས་ཀྱི་ཆོས་པའི་གཤིས་ལུགས་དང་། །སྐྱེ་བོ་རྣམས་ཀྱི་ལོག་སྒྲུབ་སྣ་ཚོགས་དང་། །གཙུག་ལག་མཆོད་རྟེན་ཞིག་རལ་མང་བ་དང་། །གསོས་ན་འདྲེ་སྲིན་གདུག་རྩུབ་ཆེ་བ་དང་། །ཁ་བལྟ་མཐོ་ཡང་གྲུབ་ཐོབ་ཉུང་བ་དང་། །བོད་ཀྱི་ལྷ་འདྲེ་དཔུང་ཚོགས་ཆེས་པ་དང་། །ཅི་ལ་སོང་ཡང་མཁ་པའི་པཎ་ཆེན་དེ། །གང་ལ་བསམས་ཀྱང་ཐོགས་པ་མི་གདའ་བས། །སྙིང་རུས་བསྐྱེད་ལ་ནོར་ལ་མ་རྩེགས་པར། །ཅི་ལ་ཐུག་ཀྱང་ལྷ་དེ་སྤྱན་དྲངས་ལ། །བོད་དུ་སངས་རྒྱས་བསྟན་པ་དར་བར་བྱ། །ཡབ་མེས་རྣམས་ཀྱི་རྣམ་སྲོལ་བསྐྱང་སྙམ་སྟེ། །ལན་གྲངས་བཅུ་དྲུག་བར་དུ་ཕོ་ཉ་རྫངས། །མི་ཤི་ནོར་གྲོན་གང་ལའང་སྤྱན་མ་འདྲོངས། །ཤེས་པ་སྐྱོ་ཞིང་ལྷ་ལ་གསོལ་བ་བཏབ། །ལན་གཅིག་བརྩོན་འགྲུས་སེངྒེར་གྲགས་པ་དེ། །རྒྱ་གར་མཁས་པའི་དྲུང་དུ་འགྲོ་བ་ན། །ལྷ་ཆེན་ཡེ་ཤེས་འོད་ཀྱིས་ཞུ་ཕུལ་བ། །རྒྱལ་རིགས་མཆོག་ལས་རྒྱལ་སྲིད་རྣམ་སྤངས་ཤིང་། །ཐར་པར་བྱོན་པ་མཁས་པར་གྱུར་པའི་ཚེ། །འཇིག་རྟེན་ལྷ་དང་བཅས་པས་ཁྱེད་བཀུར་ཞིང་། །སངས་རྒྱས་བསྟན་པའི་སྲོག་འཛིན་བྱེད་ཅེས་ཐོས། །ཁྱེད་ཀྱི་ཐུགས་རྗེ་ཕྱོགས་རིས་མི་མངའ་ཞིང་། །སངས་རྒྱས་བསྟན་ལ་ཐུགས་རྗེས་སེམས་གྱུར་ན། །ཁ་བ་ཅན་ན་སྔན་ཆད་ཕུན་ཚོགས་ཀྱང་། །དེང་སང་དུས་ན་སེམས་ཅན་བསོད་ནམས་ཉམས། །དེ་ཡི་སྟོབས་ཀྱི་བོད་ཀྱི་རྒྱལ་པོ་ང་། །མྱ་ངན་ཐང་ལ་ཚད་པས་གདུགས་པ་ན། །ཆུ་ཡི་འདུ་ཤེས་ཡིད་ལ་བྱེད་པ་ལྟར། །ཉིན་དང་མཚན་དུ་མགོན་པོ་ཁྱོད་བསམས་ན། །བདག་ལ་ཐུགས་ཀྱིས་བརྩེ་བར་མཛད་དུ་གསོལ། །ཞེས་པའི་ཚིག་དང་གསེར་དངུལ་དུ་མ་བསྐུར། །མགོན་པོའི་དྲུང་དུ་འཕྲོད་ཚེ་ཐུགས་བདེ་ཞིང་། །རྒྱལ་བ་བོད་དུ་འབྱོན་པར་བཞེད་ན་ཡང་། །གཙུག་ལག་ཁང་དུ་མའི་བདག་པོར་གྱུར་པ་དང་། །རྒྱ་གར་ཆོས་ཀྱི་བྱ་བ་ཆེ་བ་ཡིས། །མགོན་པོ་བོད་དུ་ཐེངས་པར་གྱུར་མ་ལགས། །ལན་གཅིག་བླ་མ་དམ་པ་གསེར་གླིང་པས། །སྒྲོལ་མའི་དྲུང་དུ་ཡན་ལག་བདུན་པ་ཕུལ། །དཱི་པཾ་ཀ་རས་བསྟན་པའི་ལྟ་བ་འདི། །སྒྲོ་བསྐུར་མེད་པའི་ལྟ་བ་ལགས་སམ་ཞེས། །གསོལ་བ་བཏབ་ཚེ་སྒྲོལ་མའི་ཞལ་མངའ་ནས། །མགོན་པོ་དུས་གསུམ་རྒྱལ་བ་ཐམས་ཅད་ལ། །འཁྲུལ་པའི་ལྟ་བ་མངའ་འམ་ཞེས་གསུངས་པས། །བླ་མ་དགྱེས་ཤིང་དེ་ནུབ་དགོངས་པ་དང་། །ལྟ་བའི་གནས་ལུགས་དབུ་མ་ཆེན་པོར་གོ །ནངས་པར་དུས་སུ་རང་གི་སྲས་གྱུར་པའི། །དགེ་སློང་ལྷ་དབང་བློ་གྲོས་དྲུང་བོས་ནས། །དགེ་སློང་དེང་སང་ཀྲ་མ་ལ་རུ་སོང་། །དགེ་སློང་དཱི་པཾ་ཀ་རའི་དྲུང་དུ་སོང་། །བདག་གི་གཏམ་འདི་དབེན་པར་སྙན་དུ་ཞུས། །མཁས་པ་དམ་པའི་སྤྱོད་པས་གཡེངས་པ་ན། །འཆིང་བའི་མདུད་པ་གྲོལ་བས་ང་དྲུང་འདིར། །ཡུན་རིང་མ་ཐོགས་དཔའ་བོས་མདའ་འཕངས་བཞིན། །རྫུ་འཕྲུལ་མངའ་བ་བརྩོན་པས་འབྱོན་པར་ཞུ། །དེ་མ་ཐག་ཏུ་ལྷ་དབང་བློ་གྲོས་ཀྱིས། །ཚོང་པའི་ཞོར་ལ་ཀྲ་མ་ལ་རུ་སོང་། །ཇོ་བོའི་དྲུང་དུ་གཏམ་དེ་ཞུས་པ་དང་། །གསན་མ་ཐག་ཏུ་གསེར་གྱི་གླིང་དུ་བྱོན། །ཟླ་བ་དྲུག་གིས་རྒྱ་མཚོའི་ཕ་རོལ་བཅད། །ཐུགས་རྗེས་མཁྱེན་ནས་རྒྱང་ནས་བསུ་བ་མཛད། །མཇལ་མ་ཐག་ཏུ་གུས་པས་འདི་སྐད་གསུངས། །ཤེས་བྱ་རྒྱ་མཚོ་སྒྲོ་བསྐུར་སྐྱོན་སྤངས་པ། །དགེ་ལེགས་བཤེས་གཉེན་ཡང་དག་དོན་མངའ་བ། །བསོད་ནམས་བསགས་པས་གོ་འཕང་གང་བརྙེས་པའི། །ཁྱོད་ཀྱི་ལྟ་བ་གང་ཡིན་ཚུར་ཕུལ་དང་། །ཨ་ཏི་ཤ་ཡིས་དེ་ལ་ལན་གསོལ་བ། །མདའ་གསུམ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། །སྒྱུ་མ་མཁན་གྱིས་གླང་པོ་གཉིས་སྤྲུལ་ཏེ། །གླང་པོ་གཅིག་གིས་གླང་པོ་གཅིག་བསད་ན། །བསད་དམ་ཤི་འམ་སྒྱུ་མ་ཉིད་ཡོད་དམ། །བླ་མ་གསེར་གླིང་པ་ཡིས་ལན་མཛད་པ། །རྨི་ལམ་རྫུན་གྱི་སྒྱུ་མ་མཁན་པོས་ཅི། །དེ་ཡི་སྤྲུལ་པའི་གླང་པོའི་ཤི་བསད་ཅི། །དཱི་པཾ་རྨི་པོའི་ཤེས་པ་དཔེར་ལེན་ནམ། །གླང་པོ་གཉིས་ཀྱི་ཤེས་པ་དཔེ་རུ་ལེན། །ཨ་ཏི་ཤ་ཡིས་དེ་ལ་ལན་གསུངས་པ། །རྨི་བཞིན་པ་ཡི་ཤེས་པ་ཙམ་དཔེར་ལེན་གྱི། །རྨི་བཞིན་ལོག་པའི་དཔེ་དོན་ཆ་གཅིག་ཡིན། །སད་ཤེས་ཡང་དག་དཔེ་དོན་ཆ་གཅིག་ཡིན། །གླང་པོའི་གཟུང་འཛིན་དོན་དམ་དཔེ་དོན་ཡིན། །འོན་ཀྱང་གཟུང་འཛིན་ལྟ་བུར་སྣང་བ་ནི། །མིང་ཙམ་ཀུན་རྫོབ་ཡིན་གྱི་དོན་དམ་མིན། །དེ་ཕྱིར་ཁོ་བོས་བླ་མའི་རྗེས་འབྲངས་ནས། །སངས་རྒྱས་རྣམས་ཀྱིས་ཆོས་རྣམས་གང་བསྟན་པ། །ཐམས་ཅད་བདེན་པ་གཉིས་སུ་ཡང་དག་འདུས། །འཇིག་རྟེན་པ་ལ་ཀུན་རྫོབ་བདེན་པ་བདེ། །དམ་པ་རྣམས་ལ་དོན་དམ་བདེན་པ་བདེ། །བདེན་ཞེན་ཅན་ལ་ལོག་པའི་དཔེ་དོན་འགྲིག །རང་རྒྱུད་པ་ལ་སྣང་ཙམ་ཀུན་རྫོབ་བདེ། །སྐྱེས་བུ་མཆོག་ལ་མིང་ཙམ་ཀུན་རྫོབ་འཐད། །ཡེ་ནས་གནས་པའི་གནས་ལུགས་དོན་དམ་མཆོག །རྨི་ལམ་རྨིས་པའི་ཡུལ་གྱི་གླང་པོ་གཉིས། །ཤེས་པ་ཡིན་ན་མེད་པའམ་གསུམ་དུ་འགྱུར། །མིན་ན་སེམས་ཙམ་པ་ནི་ཅི་ཞིག་མཆིས། །གལ་ཏེ་སད་ཚེ་ཡུལ་མེད་ཤེས་ཡོད་ན། །ཤེས་པ་དེ་ནི་མདང་གི་ཤེས་པའམ། །སྔར་མེད་སྣང་འདྲ་གློ་བུར་བ་ཞིག་ཡིན། །གལ་ཏེ་ཤེས་པ་སྔར་གྱི་དེ་ཉིད་ན། །ནངས་པར་འགལ་ཞིང་སྔར་གྱི་ཡིན་པ་ཉམས། །གལ་ཏེ་སྣང་འདྲ་གློ་བུར་བ་ཉིད་ན། །འོ་ན་གླང་པོ་གཉིས་ཀྱང་ཅིས་མི་རིགས། །དེས་ན་ཡུལ་དང་ཡུལ་ཅན་མི་མངའ་བར། །གླང་པོ་གླང་པོ་ཡུལ་དུ་བྱས་པ་ལྟར། །སེམས་དང་ཡུལ་འདི་གཅིག་མིན་ཐ་དད་མིན། །ཡུལ་དང་ཡུལ་ཅན་གཞི་ནས་མི་གནས་པ། །དེ་ནི་དོན་དམ་ཡིན་པར་ཆོས་ཉིད་སྨྲ། །གསེར་གླིང་པ་ཡི་ཞལ་ནས་འདི་སྐད་གསུངས། །རྟེན་འབྲེལ་སྟོང་ཉིད་ཡིན་པར་གང་གིས་ཤེས། །དེ་ནི་བརྟེན་ས་བར་མེད་གཟོད་ནས་ཞི།།
ཨ་ཏི་ཤ་ཡི་ཞལ་ནས་འདི་སྐད་གསུངས། །ས་ལུད་ལ་བརྟེན་མྱུ་གུ་འབྱུང་བ་ན། །དང་པོར་མྱུ་གུ་མེད་པར་ཀུན་གྱིས་ཤེས། །ས་བོན་དེ་ལ་བརྟེན་ཁ་ཚོལ་ཙམ་ན། །དེ་ཡི་ཚེ་ན་མྱུ་གུ་ཡོད་མིན་ཞིང་། །མྱུ་གུའི་ཚེ་ན་ས་བོན་འགགས་གྱུར་ཏེ། །རྟེན་པ་ཡོད་ཀྱང་བརྟེན་པ་པོར་མེད་ཕྱིར། །དུས་མཉམ་མི་སྲིད་འདི་ནི་སྟོང་ཉིད་དེ། །རང་ལ་མཐུ་མེད་གཞན་བརྟེན་རང་ཚུགས་བྲལ། །འདི་ནི་ཡེ་ནས་གནས་པའི་ཆོས་ཉིད་ཡིན། །བླ་མ་ཆོས་རྣམས་དེ་ལྟར་མཁྱེན་པར་མཛོད། །དེ་ཡི་ཚིག་དེ་ཡོངས་སུ་རྫོགས་པ་དང་། །བླ་མ་གཟིགས་ཁང་ནང་དུ་སླེབས་པ་གཉིས། །དུས་མཉམ་ཉིད་དུ་དཀྲོངས་ཏེ་བྱུང་བ་ན། །མགོན་པོ་ཨ་ཏི་ཤ་ཡིས་འདི་གསུངས་པ། །ཆོས་ཀྱི་གནས་ལུགས་དབུ་མར་མ་ཤེས་པར། །མཁས་ཀྱང་ཕྱི་རོལ་ཉིད་ནས་གནས་པ་ཡིན། །
འདི་ལྟར་ཆོས་དེ་ཡོངས་སུ་རྟོགས་པ་དང་། །ནང་ཞུགས་དུས་མཉམ་རྟེན་འབྲེལ་ཆེན་པོ་ཡིན། །གསེར་གླིང་པ་ཡི་ཞལ་ནས་འདི་སྐད་གསུངས། །ཨེ་མ་འདུ་ཤེས་མེད་ཀྱང་འདི་ལྟར་འགྲིག །ད་ནི་ལྟ་བ་གཉིས་སུ་མེད་པར་བྱ། །དཔེ་དོན་བཅུ་དྲུག་སེམས་ལ་གོམས་པར་བྱ། །དཱི་པཾ་དོན་ཆེ་ལྟ་བ་རྣམ་པར་དག །ཁྱོད་ནི་བསོད་ནམས་བསགས་པའི་སྐྱེས་བུ་ཡིན། །གང་དུ་ཁྱོད་ཀྱི་འཕྲིན་ལས་བསྐྱངས་གྱུར་ཀྱང་། །འགྲོ་དོན་ཕུན་སུམ་ཚོགས་པར་ཐེ་ཚོམ་མེད། །འདི་ནས་ཕ་རོལ་གཙུག་ལག་མ་ལུས་པ། །ནཱ་རོ་པ་དང་རྗེ་བཙུན་ཌོཾ་བྷི་པ། །ཀརྞ་པ་དང་རྗེ་བཙུན་ཤནྟི་པ། །ནག་པོ་པ་དང་རཏྣ་ཨ་ཀ་ར། །གཞན་ཡང་གྲུབ་ཐོབ་མཁས་གྲུབ་བརྙེས་པ་རྣམས། །རང་ས་རང་སར་ཐབས་ཀྱིས་བསྟོད་མཛོད་ལ། །སྙིང་རྗེ་ཆེན་པོས་བོད་ཀྱིས་ཡུལ་དུ་བྱོན། །བདག་ཀྱང་དངོས་གྲུབ་བརྙེས་ནས་གངས་ཅན་དེར། །ཁྱེད་ཀྱི་འཕྲིན་ལས་ལྟ་ཕྱིར་ཡང་ཡང་འོང་། །ངེས་པར་ཁྱེད་ཀྱི་ཐུགས་རྗེས་སྤེལ་དུ་གསོལ།།
མགོན་པོ་ཨ་ཏི་ས་ཡིས་ལན་གསུངས་པ། །དེ་ལྟར་ཞུ་ལགས་མཁས་པས་གཟིགས་སུ་གསོལ། །ད་ནི་ཁོ་བོ་རྒྱ་གར་ཡུལ་དུ་འགྲོ། །དེ་ནས་སྤུ་རྒྱལ་བོད་ཀྱི་ཡུལ་དུ་འགྲོ། །དེ་ནས་རྗེ་བཙུན་བྱམས་པའི་དྲུང་དུ་འགྲོ། །ཐུགས་རྗེ་ཆེན་པོ་ཞིང་དེར་བདེར་བཞུགས་ལ། །སྟོང་ཉིད་སྙིང་རྗེས་འགྲོ་ལ་གཟིགས་པར་གསོལ། །དེ་ནས་ཟླ་བ་བཅུ་གཅིག་དེར་བཞུགས་ནས། །དེ་ནས་ཟླ་བ་བདུན་དུ་རྫིངས་ལ་བྱོན། །མགོན་པོས་རྒྱ་གར་ཕྱོགས་སུ་སླེབས་གྱུར་ཏེ། །གཙུག་ལག་ཁང་རྣམས་རིམ་གྱིས་འགྲིམ་མཛད་ཅིང་། །དཀོན་གཉེར་གནས་བརྟན་རེ་ཙམ་ཐབས་ཀྱིས་བསྐོས། །རྟེན་གསུམ་རྣམས་ཀྱི་དཀར་ཆག་བརྒྱ་རྩ་བརྒྱད། །དཀོན་གཉེར་གནས་བརྟན་རྣམས་ལ་ལེགས་པར་སྤྲད། །དེ་ནས་རྡོ་རྗེ་གདན་དུ་སླེབས་པ་ན། །བྷི་ཀྲ་མ་ལ་པུ་རིའི་གཙུག་ལག་ན། །བོད་ཀྱི་རྒྱལ་པོས་སློབ་གཉེར་ལ་བཏང་བའི། །དགེ་སློང་གཅིག་གིས་སླེབས་ཞེས་ཟེར་བ་གསན། །གསན་མ་ཐག་ཏུ་བུ་ཡི་འདུ་ཤེས་ཀྱིས། །དགེ་སློང་དེ་ཡིས་དགའ་བའི་འདུ་ཤེས་འཁྲུངས། །མགོན་པོས་དགེ་སློང་དེ་ལ་བརྟགས་གྱུར་ཏེ། །ཕལ་ཆེར་སློབ་གཉེར་དག་ལ་མ་འོངས་ཤིང་། །ཁོ་བོ་བོད་དུ་འབོད་དུ་འོངས་པར་ངེས། །དེ་ནི་པཎ་ཆེན་རྣམས་ཀྱིས་མ་ཚོར་བར། །མཁས་པ་རྣམས་ལ་གཙུག་ལག་རང་སར་གཏད། །གཞུང་ལུགས་རྣམས་ཀྱིས་བཀའ་བསྒོ་ལེགས་པར་བྱས། །སྡིག་ཏོ་ཅན་ལ་ཅ་ཁ་ལེགས་པར་བྱས། །ཆོས་སྐྱོང་རྣམས་ལ་བར་ཆོད་བཟློག་ཅེས་བསྒོ། །ཨེ་མའོ་སྙམ་དུ་དེ་དག་ཐབས་ཀྱིས་མཛད། །
དེ་ནས་བྷི་ཀྲ་མ་ལར་བྱོན་པའི་ཚེ། །ནུབ་ཅིག་སྒྲོལ་མ་འབར་བའི་གཙུག་ལག་ཏུ། །ཡན་ལག་བདུན་པ་རྒྱས་པར་མཛད་པ་ན། །སྲོད་ལ་བུ་མོ་ཆས་ཀྱིས་བརྒྱན་པ་ཞིག །མོ་བརྒྱན་ཐམས་ཅད་སིལ་སིལ་བྱུང་བ་ན། །གནས་བརྟན་འདུལ་བ་འཛིན་གྱི་ཐུགས་དགོངས་ལ། །ཁོ་བོ་དགེ་སློང་གཙང་མ་ཡིན་པ་ལ། །བུད་མེད་དག་ལ་ལྟ་བར་མི་རུང་ཞེས། །མ་གཟིགས་ཅུང་ཟད་བསྐྱེད་རིམ་བསྒོམས་པ་ན། །བུ་མོ་དེ་ཡིས་ཚིགས་བཅད་འདི་སྨྲས་པ། །ཉོན་མོངས་འཆིང་བས་བསྡམས་པའི་སྐྱེ་བོ་དག །འཕགས་པའི་ཚོགས་ལ་མི་བལྟ་ཉོན་མོངས་ལྟ། །བུ་གཅིག་ཁྱོད་ཀྱི་མཉམ་བཞག་ཐུན་མཚམས་སུ། །བཅོམ་ལྡན་འདས་མ་ང་ལ་གསོལ་བཏབ་ན། །ང་འདིར་འོངས་ཚེ་མ་ལ་ཅིས་མི་གཟིགས། །གསུང་དེ་ཐོས་ནས་སྒྲོལ་མ་ཡིན་པར་མཁྱེན། །དགའ་བའི་སེམས་ཀྱིས་མ་ལ་བརྐྱངས་ཕྱག་འཚལ། །གདུང་བའི་སེམས་ཀྱིས་གསོལ་བ་འདི་བཏབ་པ། །མ་གཅིག་ཐུགས་རྗེའི་དབྱིངས་ན་རབ་བཞུགས་པའི། །འཇིགས་པ་བརྒྱད་ལས་སྐྱོབ་པའི་མཐུ་སྟོབས་ཅན། །ལས་ཀྱི་ལྷ་མོ་བཀྲ་ཤིས་དཔལ་འབར་མ། །སྒྲོལ་མ་ཁྱོད་ནི་བདག་གི་མ་གཅིག་ཡིན། །ཐུགས་རྗེ་ཀུན་ལ་སྙོམས་པའི་ཡུམ་ཆེན་མ། །དཱི་པཾ་བདག་གི་གདུལ་བྱ་གང་ན་ཡོད། །མཐའ་འཁོབ་སྐྱེ་བོ་བདག་གིས་ཐུལ་ལགས་སམ། །འོན་ཏེ་རྒྱ་གར་བསྟན་པའི་བདག་པོ་བྱ། །དགྲ་བཅོམ་དུ་མའི་མཁན་པོ་བྱ་ལགས་སམ། །མཐའ་འཁོབ་སྐྱེ་བོ་ཆོས་ལ་གཞུག་པར་བྱ། །ཨེ་མ་བདག་གི་ཐེ་ཚོམ་གཅད་དུ་གསོལ། །བསམ་པ་རྙེད་ནས་ཁྱོད་ལ་ཆགས་པས་བལྟས། །བདུད་མོ་འདོད་ཆགས་ཚོགས་ལ་མ་ཕེབས་པར། །ཁོ་བོའི་སྒོ་གསུམ་མངོན་དུ་གྱུར་པ་ལགས། །ནོངས་པ་མཆིས་ན་བཟོད་པར་བཞེས་སུ་གསོལ།།
མ་གཅིག་ཏཱ་རའི་ཞལ་ནས་འདི་སྐད་གསུངས། །ཀུ་མུ་ཏའི་ཚལ་གྱི་རྒྱ་མཚོ་ན། །པུན་ཊ་རི་ཀ་པདྨ་གེ་སར་ཡང་། །འདམ་གྱིས་མ་གོས་རང་གི་གཟུགས་བཀྲ་ཞིང་། །གང་གིས་མཐོང་བའི་སྐུ་དགུ་ཡིད་དབང་གཡོ། །བུང་བ་གླུ་ལེན་དགའ་བས་བསྟེན་པ་ལྟར། །རི་བོ་གངས་ཅན་པདྨའི་འདབ་འདྲ་བ། །གངས་ལ་མེ་འབར་ལྟ་བུའི་འོད་ཟེར་འཕྲོ། །བྲག་རིའི་སུལ་མང་ནགས་ལ་མེ་འབར་ལྟར། །ཀུན་ནས་མཛེས་ཤིང་མཁའ་ལ་བཀྲམ་པ་འདྲ། །རྡོ་འཛེང་དཀར་པོ་ཀུ་མུ་ཏ་འདྲ་བ། །ཟུར་མང་འོད་ཆགས་ཀུན་ནས་མཛེས་པའི་རྡོ། །རྩི་ཤིང་ནགས་ཚལ་འདབ་བུའི་ཚལ་འདྲ་བ། །ལོ་འདབ་མེ་ཏོག་རྒྱས་ཤིང་ཀུན་ནས་མཛེས། །མཚོ་མོ་མཚོ་ཕྲན་ངང་པ་ལྡིང་བའི་ཡུལ། །ཆུ་མིག་ནེའུ་གསིང་བསིལ་ངད་ལྡང་བའི་ལྗོངས། །རི་བོ་སྤོས་ཀྱི་ངད་ལྡང་བལྟ་ན་སྡུག །ཆུ་བོ་ཆུ་ཕྲན་སྒྲ་སྙན་དལ་བུས་འབབ། །བླ་གབ་གུར་སྔོན་མཐོང་གིས་སྦྲ་ཕུབ་པའི། །ནང་ན་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་མཛེས། །ལྷོ་སྤྲིན་དཀར་པོ་བྱང་དུ་ཕོ་ཉར་རྒྱུགས། །ལྷ་གཅིག་འབྲོམ་རྗེས་ལྷ་སའི་མཐིལ་དུ་འབོད། །སྤྱན་རས་གཟིགས་ཞིང་བྱང་ཕྱོགས་དབུས་ཀྱི་ཆ། །སྟེང་ནི་འཁོར་ལོ་རྩིབས་བརྒྱད་གདུགས་སུ་ཕུབ། །འོག་ནི་པདྨ་འདབ་བརྒྱད་གདན་དུ་བཏིང་། །ཕྱོགས་ནི་བཀྲ་ཤིས་རྟགས་བརྒྱད་མཆོད་པས་བསྐོར། །ཡུལ་ནི་ལྷ་ས་སྡེ་བཞི་རིན་ཆེན་གླིང་། །དེ་ནི་ཁྱོད་ཀྱི་སྲས་པོ་འབྲོམ་རྗེའི་གནས། །ཁྱོད་ཀྱི་ཡི་དམ་ལྷ་མོ་སྒྲོལ་མ་དང་། །ཙན་དན་ཤིང་ལ་རང་དུ་འཁྲུངས་པ་ཡོད། །ཁྱོད་ཀྱི་སྲས་པོ་སྤྱན་རས་གཟིགས་དབང་ནི། །རིན་ཆེན་རྫས་ལས་རང་དུ་འཁྲུངས་པ་ཡོད། །ཁྱོད་ཀྱི་ངོ་བོ་བསྟན་པའི་བདག་པོ་ནི། །བྱང་ཆུབ་ཆེན་པོར་དངོས་སུ་བཞུགས་པ་ཡོད། །ཁྱོད་ཀྱི་བླ་མ་མར་མེ་མཛད་པ་དང་། །རྗེ་བཙུན་བྱམས་པའང་དེ་ན་དངོས་སུ་བཞུགས། །ཁྱོད་ཀྱི་བླ་མ་མར་མེ་མཛད་པ་དང་། །རྗེ་བཙུན་བྱམས་པའང་དེ་ན་མཛེས་སུ་བཞུགས། །གོས་སྔོན་ཅན་དང་བདུད་རྩི་འཁྱིལ་བ་དང་། །སྨེ་བ་བརྩེགས་དང་རྒྱལ་ཆེན་བཞི་པོ་དང་། །སེམས་དཔའ་སེམས་མ་བཅུ་དྲུག་བཅུ་དྲུག་དང་། །མི་གཡོ་བ་དང་རྟ་མགྲིན་རྒྱལ་པོ་སོགས། །འོད་ཟེར་འཕྲོས་པའི་ལྷ་རིགས་དུ་མ་བཞུགས། །དེ་ནི་འབྲོམ་རྗེ་རྒྱལ་པོར་གྱུར་པའི་ཚེ། །བདག་དང་ཁྲོ་གཉེར་ཅན་གྱིས་ཡུམ་བྱས་ནས། །སྤྲུལ་པའི་རྒྱལ་པོ་དཔག་ཏུ་མེད་པ་ཡིས། །སྤྲུལ་པའི་བཟོ་བོ་བློན་པོར་བཅས་པ་རྣམས། །བསམ་པ་གཅིག་ཏུ་ཕོ་བྲང་དེ་བཞེངས་ནས། །དེང་སང་ལྷ་མིའི་མཆོད་རྫས་ཕུན་སུམ་ཚོགས། །བསམ་ཡས་དབུ་རྩེ་རིགས་གསུམ་མཛེས་པ་ཡང་། །འབྲོམ་རྗེ་རྒྱལ་པོར་གྱུར་ཚེ་བཞེངས་པ་ཡོད། །
དེ་ཡང་སྤྲུལ་པས་བཞེངས་པ་བསམ་མི་ཁྱབ། །དེ་ལ་སོགས་པ་བོད་ཀྱི་ཞིང་ཁམས་ན། །སྤྲུལ་པའི་འབྲོམ་རྗེས་བཞེངས་པའི་གཙུག་ལག་ཁང་། །བད་ནི་ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །མགྲིན་པ་རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར། །ལུས་ནི་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཟུར་བཞི་ཚད་མེད་བཞི་ཡི་གཤོག་པ་ཅན། །གདོང་བཞི་དཔའ་བོ་སེངྒེའི་སྟོབས་བཞི་རྔམ། །ཀུན་ནས་རིན་ཆེན་དྲིལ་བུའི་མཆོད་རྫས་འཁྲོལ། །དེ་འདྲའི་ལྷ་ཁང་ཆེན་པོ་ས་མ་ཡ། །ཞིང་དེ་ཐུགས་རྗེ་ཆེན་པོས་བྱིན་བརླབས་པས། །མེ་ཆུ་གླང་ཆེན་ལྕགས་སྒྲོག་འཇིགས་པ་དང་། །གཅན་གཟན་དུག་སྦྲུལ་འཇིགས་པ་ཡོང་མ་མཆིས། །དེ་ན་མུ་སྟེགས་དངོས་མེད་བདུད་སྡེ་མེད། །ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་ཡིན། །དཱི་པཾ་ཨུ་པ་སི་ཀ་ལ་བརྟེན་ནས། །ཞིང་དེར་ཁྱོད་ཀྱི་འགྲོ་དོན་དཔག་མེད་འབྱུང་། །ཅིས་ཀྱང་མྱུར་དུ་མགོན་པོ་བོད་དུ་བྱོན། །ཨ་ཏི་ཤ་ཡིས་དེ་ལ་ལན་ཞུས་པ། །ཨུ་པ་སི་ཀ་ད་ལྟ་གང་ན་བཞུགས། །ཐུགས་རྗེ་ཆེན་པོ་འགྲོ་དོན་ཇི་ལྟར་མཛད། །སྒྲོལ་མའི་ཞལ་ནས་དེ་ལ་ལན་གསུངས་པ། །དེང་སང་མདོ་ཁམས་ས་ཡི་ཆ་ན་ཡོད། །བླ་མ་སེ་བཙུན་ཆེན་པོའི་དྲུང་ན་ཡོད། །སྒོ་གསུམ་བླ་མའི་བྲན་དུ་འཁོལ་གྱིན་ཡོད། །ཀྱེ་ཧོ་བོད་ཀྱི་ཨུ་པ་སི་ཀ་དེ། །སྲོད་ཀྱི་ཆ་ལ་གཡོག་པོ་གླ་ལེན་བཞིན། །ཕྱེ་ཁལ་ལྔ་ལྔ་ཞིབ་པར་འཐག་པ་ན། །བྲན་གཡོག་ཐམས་ཅད་བདེ་བར་ཞལ་དུ་འཇུག །དཔེ་ཆ་ཡོས་སྟེགས་སྲི་སྐྱོགས་ངོས་ལ་བཀྲམ། །ཕྱག་གཡས་རང་འཐག་བསྐོར་ཞིང་གཡོན་པས་སྲི། །མར་མེའི་འོད་ཀྱིས་ཆོས་མཆོག་གཞན་ཡང་གསལ། །ཟིན་ནས་གཡོག་པོའི་ལུས་ལ་ཕྱེ་སྐྱ་འདེབས། །ནམ་གུང་བཙན་རྒོད་རི་རྩིབས་གཅོད་པ་ལྟར། །བེར་དམར་ཁྲབ་ལ་སྐར་མའི་རྨོག་གོན་ནས། །ཐོག་མདའ་འཕེན་ཞིང་བྲག་གཞུ་སྦྲིང་སྦྲིང་བརྡུང་། །མེ་ལྕེའི་མཚོན་ཐོགས་ཅང་ཤེས་འོག་ཏུ་ཞོན། །དགྲ་འཇོམས་འདྲེ་སྡིགས་ནོར་རྣམས་དབུས་སུ་སྡུད། །ཐོ་རངས་དུས་ན་གཡོག་མོ་གླ་ལེན་ལྟར། །སྐོམ་རླག་ཁྲག་ཁྲད་ཟངས་བུམ་རྒྱབ་ཏུ་ཁུར། །ཟངས་སྐྱོགས་ཐོགས་ཏེ་སྐྱབས་འགྲོའི་རྒྱང་གླུ་ལེན། །ནམ་གྱི་ཆ་ལ་ཟངས་ཆེན་ཆབ་ཀྱིས་འགེངས། །གཡོ་ངག་ཟས་ཀྱི་དུས་སུ་སླེབས་པ་ན། །མཛེས་པའི་ཁྱེའུ་ཆུང་འཁྱུག་པའི་ལག་བདེ་བྱེད། །རས་གོས་སིལ་སིལ་བྱམས་པའི་སྐྱོགས་བཟུང་ནས། །ཟག་མེད་བདུད་རྩི་འཁྱིལ་བའི་གཡོས་རྣམས་སྦྱོར། །དལ་འཁྱུག་འཛུམ་ཆགས་འཁོབས་པར་བསྙེན་བཀུར་འབྲིམ། །གང་གིས་བལྟས་ཀྱང་མཛེས་པའི་ཡིད་སྨོན་འཆོར། །སྔ་དྲོ་ཕྱི་དྲོའི་དུས་སུ་གྱུར་པ་ན། །འཇམ་དབྱངས་དྲུང་ན་གཞོན་ནུ་ནོར་བཟང་བཞིན། །འབྲོམ་རྗེ་གདན་ལ་མཛེས་པའི་ཆས་གསོལ་ནས། །འོད་མའི་ཁྲི་ལ་བཟང་བའི་གཟའ་ཀ་ལི། །རྒྱལ་བའི་ཡུམ་གྱི་གཏམ་དེ་ལྟ་བར་བྱེད། །ཨེ་མ་སྤྱན་གྱི་ཟུར་གཅིག་རྗེ་ལ་བལྟ། །སྤྱན་གྱི་ཟུར་གཅིག་ཡིག་འབྲུ་རྣམས་ལ་བལྟ། །མཛེས་པས་སྐྱེ་བོ་ཐམས་ཅད་ཡིད་སྨོན་འཆོར། །གཙོ་བོ་ཐམས་ཅད་གྲོས་ལ་འཚོགས་པ་ན། །ལྷ་དབང་གང་ལ་ཉེ་དབང་འདུད་པ་ལྟར། །མདུན་མའི་ཁ་ལོ་འབྲོམ་རྗེས་སྒྱུར་བར་བྱེད། །གཞོན་ནུ་འདུས་ནས་གླུ་གར་རྩེ་བ་ན། །དྲི་ཟའི་རྒྱལ་པོ་གླུ་དབྱངས་འཚེར་བ་ལྟར། །ཀུན་དགའ་འབྲོམ་རྗེས་ཡིད་དབང་འཛིན་པར་བྱེད། །སེར་ཆགས་ཆེན་པོའི་གྲལ་ཤོམས་བྱེད་པ་ན། །སྒྱུ་མ་མཁན་པོས་བཀོད་པ་བྱེད་པ་ལྟར། །ལྷག་ཆག་མེད་ཅིང་ཀུན་ཡིད་ཚིམ་པར་བྱེད། །འདུས་པའི་དབུས་ན་ཉན་ཆོས་འཆད་པ་ན། །ཆོས་ཀྱི་འཕགས་པས་འགྲོ་བ་སྡུད་དང་མཚུངས། །བླ་མའི་ཐུགས་ཟིན་སྐྱེ་བོ་ཡོངས་ཀྱིས་བཀུར། །སྙན་པས་ཕྱོགས་ཁྱབ་ཐོས་ཚད་ཡིད་སྨིན་འཆོར། །གང་ལྟར་བྱས་ཀྱང་ཆོས་འཕེལ་བསམ་པ་ནི། །ད་ནི་ཟླ་དགུ་ཞག་པོ་བཅུ་གཅིག་ན། །རྒྱལ་པོའི་མངའ་རིས་སྟོད་དུ་སྲས་དང་མཇལ། །དེ་ལ་སོམས་ལ་ཁ་བ་ཅན་དུ་སོང་། །ཚེ་ལོ་ཉི་ཤུ་འཕྲི་བར་འགྱུར་ན་ཡང་། །འཕྲིན་ལས་འགྲོ་དོན་ཕུན་སུམ་ཚོགས་གྱུར་ནས། །བདུན་བཅུ་གཉིས་ལ་བྱམས་པའི་ཕོ་བྲང་དུ། །ཐོགས་པ་མེད་པར་པདྨོ་ལས་འཁྲུངས་ནས། །ནམ་མཁའ་དྲི་མ་མེད་པར་ཡོངས་གྲགས་པའི། །ས་བཅུའི་དབང་ཕྱུག་ཐུ་བོ་དམ་པར་འགྱུར། །མགོན་པོས་ལྷ་མོའི་གསུང་དེ་གསན་གྱུར་ནས། །ཨུ་པ་སི་ཀ་དེ་ལ་གཟིགས་ཙ་ན། །མ་གཅིག་གསུངས་པ་ལྷག་ཆད་མི་གདའ་ན། །དེ་ཚེ་རྗེ་དང་སྒྲོལ་མའི་ཞབས་དྲུང་ན། །དགེ་ཚུལ་ཨེ་ལ་དྷ་རི་ཡོད་པ་དེས། །མ་བསྒྲིབས་སྒྲོལ་མའི་གསུང་རྣམས་ཐོས་གྱུར་ནས། །མགོན་པོ་ཨ་ཏི་ཤ་ལ་འདི་སྐད་ཞུས། །བདག་གི་བླ་མ་རྗེ་བཙུན་ཨ་ཏི་ཤ །བོད་ཀྱི་ཆོས་རྒྱལ་ཨུ་པ་སི་ཀ་དེ། །དེང་སང་ཅི་མཛད་བདག་ལ་བསྟན་དུ་གསོལ། །མགོན་པོས་མ་བཟོད་སྤྱན་ཆབ་ཕྲུལ་མཛད་ནས། །ངའི་ཨུ་པ་སི་ཀ་འོ་རེ་བརྒྱལ། །གཉའ་གླང་གཉའ་བཞིན་དུ་སོང་ནས་གདའ། །བྱིན་པ་ཤ་རོ་ཆེན་པོར་སོང་ནས་གདའ། །ཕྱག་མཐིལ་རྨེན་པ་བཞིན་དུ་སོང་ནས་གདའ། །སེ་བཙུན་སེམས་དཔའ་འདི་ལ་འདི་ཕོད་པ། །འཕགས་པ་ཡིན་ཡང་སྒྲིབ་པས་མི་གོས་སམ། །མཚན་རབ་འབར་བའི་ལུས་འདི་བཀོད་རུང་ངམ། །ཨེ་ལ་དྷ་རི་ཨུ་པ་སུ་ཀ་དེ། །ད་ལྟ་ཡོས་འཐག་དེ་ནས་རི་རྩིབས་འགྲིམ། །དེ་ནས་ཆུ་སྐྱེལ་དེ་ནས་ལག་བདེ་བྱེད། །དེ་ནས་ཆོས་ཉན་དེ་ནས་གཙོ་བོ་བྱེད། །སེ་བཙུན་ཆེན་པོའི་བསོད་ནམས་སྐལ་བ་ཡིན། །ནོར་བུ་རིན་པོ་ཆེ་དང་འདྲ་བར་སྣང་། །སློབ་མ་འདི་དང་མྱུར་དུ་མཇལ་བར་སྨོན། །
དེ་ནས་ཨེ་ལ་དྷ་རིས་འདི་ཞུས་པ། །བདག་ཀྱང་ཨུ་པ་སི་ཀ་ལྟ་ཕྱིར་འགྲོ། །མཁན་པོ་བདག་ཀྱང་བོད་དུ་འཁྲིད་དུ་གསོལ། །བོད་ཀྱི་ཨུ་པ་སི་ཀའི་རྣམ་ཐར་དང་། །མཛད་སྤྱོད་ཡོན་ཏན་ཕུན་སུམ་ཚོགས་པ་དང་། །བླ་མ་ཡབ་སྲས་གཉིས་ཀྱི་གསུང་གླེང་དང་། །བྱ་ལམ་ཐམས་ཅད་ཕུན་སུམ་ཚོགས་པ་འོང་། །ཇོ་བོ་ཆེན་པོས་ཞུ་བ་དང་དུ་བླངས། །ལན་གཅིག་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །ཇོ་བོ་བཞུགས་པའི་ཞབས་ཀྱི་པདྨོ་ལ། །ལོ་ཆེན་བརྩོན་འགྲུས་སེངྒེས་གུས་བཏུད་དེ། །རྗེ་བཙུན་ཆེན་པོ་བདག་ལ་གསན་དུ་གསོལ། །ལན་གྲངས་དུ་མར་བོད་ཀྱིས་གནང་བ་ཞུས། །བློ་སེམས་ཕབ་ནས་སྙིང་གཏམ་སྙན་དུ་ཕུལ། །མགོན་པོ་ཐུགས་རྗེ་ཆུང་བ་མིན་ན་ཡང་། །བྱ་བ་ཆེན་པོས་ད་རུང་མ་ཐོན་ལགས། །དེང་སང་དུས་ན་བོད་ཀྱི་རྒྱལ་པོ་དེས། །ཚུལ་ཁྲིམས་རྒྱལ་བ་ཞེས་པའི་དགེ་སློང་ཞིག །འདུལ་བ་འཛིན་པ་བཟང་པོར་བཞུགས་པ་དེ། །གདན་འདྲེན་ཆེད་དུ་གགས་པོར་བཏང་ནས་བྱུང་། །དེ་ལ་གདན་འདྲེན་ཡིན་སྐད་མ་བྱས་པར། །རཏྣ་ཨ་ཀ་ར་ཡི་ཞབས་དྲུང་ན། །སློབ་གཉེར་བྱེད་པ་སྐད་དུ་བཞུགས་ནས་ཡོད། །ད་ལན་ཅིས་ཀྱང་བོད་དུ་མ་བྱོན་ན། །བོད་ལ་ལོག་ལྟ་ཆེན་པོ་སྐྱེ་ཉེན་གདའ། །བོད་ཀྱི་རྒྱལ་པོ་ཆེན་པོ་དེ་ཉིད་ཀྱང་། །ཁྱོད་ཀྱི་ཕྱིར་དུ་གར་ལོག་རྒྱལ་པོས་བཟུང་། །རྒྱལ་པོའི་སྐུ་ལུས་བྱིན་པོ་ཙམ་པ་ཡི། །གསེར་གྱིས་བསླུས་ཀྱང་གར་ལོག་མ་ཉན་སྐད། །ཁོང་རང་ཙམ་གྱི་གསེར་གྱིས་བསླུ་ཟེར་བ། །དེ་ལ་རྒྱལ་པོ་ཆེན་པོ་མ་ཉན་ཏེ། །ང་ནི་གར་ལོག་ངན་པའི་རྒྱལ་པོ་ལ། །བཞི་ནམ་གཅིག་གིས་ཆོག་ཀྱང་མི་སྟེར་ཏེ། །འདི་ཡིས་ད་རུང་པཎ་ཆེན་སྤྱན་དྲོངས་གསུངས། །
དེ་ནས་ལྷ་བཙུན་ཆེན་པོས་གསེར་བསྐུར་ནས། །འདུལ་བ་འཛིན་པ་ཕྱོགས་འདིར་སླེབས་ནས་ནི། །སྔོན་ཆད་ཟླ་བ་གཉིས་ཙམ་སོང་ན་ཡང་། །ད་རུང་ཁྱོད་དང་མ་མཇལ་སྐྱོ་ཡིན་གདའ། །ད་ལན་ཅིས་ཀྱང་བོད་དུ་འབྱོན་པ་ཞུ། །ཞུས་པས་ཇོ་བོའི་ཞལ་ནས་འདི་སྐད་གསུངས། །ཨ་རེ་བོད་ཀྱི་རྒྱལ་པོ་འོ་རེ་བརྒྱལ། །གར་ལོག་རྒྱལ་པོ་སྡུག་པ་སྙིང་རེ་རྗེ། །ཆོས་རྒྱལ་དེ་རང་ད་ཚོད་གཤེགས་ནས་ཡོད། །མ་གཤེགས་པ་ལ་ཁོ་བོས་མ་སླེབས་པ། །རྒྱལ་པོའི་མི་ནོར་ཅི་ཙམ་པ་ཅིག་གྲོན། །ཁོ་བོ་རྒྱལ་པོ་དེ་ལ་ཤིན་ཏུ་གནོང་། །ད་ནི་དཀོན་མཆོག་གསུམ་ལ་གསོལ་བ་གདབ། །ལན་གཅིག་བརྩོན་འགྲུས་སེངྒེའི་གཟིམས་ཁང་དུ། །ཚུལ་ཁྲིམས་རྒྱལ་བས་ཇོ་བོ་སྤྱན་དྲངས་ནས། །གསེར་སྲང་བདུན་བརྒྱ་ཀ་ཏོ་རར་བླུགས་ནས། །ཨེ་མ་ཧོ་མགོན་པོ་ཐུགས་རྗེ་ཆེན་པོ་ལགས། །བོད་ཀྱི་ཆོས་རྒྱལ་ཐུགས་རྗེ་ཆེན་པོ་དེས། །ཡབ་མེས་རྣམས་ཀྱི་རྣམ་སྲོལ་དྲན་པ་དང་། །བོད་ཁམས་རྣམས་ཀྱི་སྡུག་བསྔལ་མ་བཟོད་ནས། །ལུས་སྲོག་ཐེད་ལ་བོར་ནས་དམ་ཆོས་བསམས། །དཀའ་བ་དུ་མས་མགོན་པོ་སྤྱན་དྲངས་ཀྱང་། །མི་ནོར་གྲོན་ཅིང་མགོན་པོ་སྤྱན་མ་དྲོངས། །དེང་སང་དུས་ཀྱང་མགོན་པོ་སྤྱན་འདྲེན་ཕྱིར། །རྒྱལ་པོས་བལ་པོར་བྱོན་ནས་གསེར་བཙལ་བས། །མུ་སྟེགས་ངན་པའི་རྒྱལ་པོས་ཆོས་རྒྱལ་བཟུང་། །ཆོས་ཀྱི་རྒྱལ་པོར་སྣང་ཞེས་གནག་པ་བྱས། །ཤུལ་ན་ལྷ་བཙུན་ཡོད་པས་དེ་གསན་ནས། །གསེར་སྲང་བརྒྱ་ཙམ་ཁྱེར་ནས་བསླུས་པ་དང་། །སྡིག་རྒྱལ་ན་རེ་རང་དང་མཉམ་པ་དགོས། །དེ་ལས་གཞན་དུ་ཆོས་རྒྱལ་མི་གཏོང་ཟེར། །
དེ་ནས་ལྷ་བཙུན་ཆེན་པོས་གསེར་བཙལ་བས། །རྒྱལ་པོའི་མགྲིན་པ་མན་ཆད་དང་མཉམ་པའི། །གསེར་རྙེད་ཆོས་རྒྱལ་བསླུ་རུ་བྱོན་པ་དང་། །སྡིག་རྒྱལ་ན་རེ་ཐམས་ཅད་མ་ལོངས་ན། །རྒྱལ་པོ་མི་གཏོང་ད་རུང་ཚོལ་ཞེས་ཟེར། །དེ་ནས་ཆོས་རྒྱལ་སྡིག་རྒྱལ་ཁྲི་མུན་ན། །སྐུ་ལུས་དར་གྱིས་བཅུད་ནས་ཡོད་པ་ལ། །ཕན་ཚུན་ལྷ་བཙུན་ཉིད་དང་ཚིག་ཕྲད་པས། །ཆོས་རྒྱལ་དེའི་ཞལ་ནས་འདི་སྐད་གསུངས། །མུ་མཐའ་མེད་པར་སྐྱེ་འཆི་བརྒྱུད་ན་ཡང་། །དམ་པའི་ཆོས་ཀྱི་ཕྱིར་དུ་སྲོག་མ་བཏང་། །ད་ལན་ལུས་འདི་རྒས་ཤིང་འཁོགས་པ་ལ། །དེ་ཙམ་གསེར་གྱིས་ཁོ་བོ་བསླུ་བ་ནི། །དཀོན་མཆོག་གསུམ་ལ་ཁོ་བོ་ངོ་ཚ་བས། །ཁྱོད་ཀྱིས་སྔོན་ཆད་རྙེད་པའི་གསེར་རྣམས་ལ། །རི་རིལ་ཙམ་ཡང་འདི་ལ་མི་སྦྱིན་གྱིས། །ད་ནི་ཇི་ལྟར་རིང་ཡང་ལོ་བཅུ་ཙམ། །དེ་ལ་བསླུ་རིན་མེད་ཀྱི་བློས་ཐོངས་ལ། །གསེར་འདིས་ཅིས་ཀྱང་མགོན་པོ་སྤྱན་དྲོངས་མཛོད། །ཚེ་འདིར་མགོན་པོ་དེ་དང་མཇལ་འདོད་ཀྱང་། །བསོད་ནམས་རྒུད་པས་མཇལ་བར་མ་གྱུར་མོད། །འོན་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་དེ་ཡི་ཐུགས་ཀྱིས་འཛིན་ཏེ་མཆིས། །འོན་ཀྱང་གང་འགྲོས་འཕྲིན་འདིའང་མཛོད་ཅེས་གསུངས། །དེང་སང་ཁ་བ་ཅན་གྱི་བྱང་ཕྱོགས་སུ། །ཕ་མེས་བཟང་པོའི་རྣམ་སྲོལ་བསྐྱང་བའི་ཕྱིར། །ཡེ་ཤེས་འོད་ཀྱིས་ཁྱེད་ཕྱིར་འབད་པ་ཡིས། །སྡིག་གི་རྒྱལ་པོས་སྲོག་དང་བྲལ་བར་བྱས། །བསོད་ནམས་ཆུང་བས་བདག་དང་མ་མཇལ་ཡང་། །བདག་གི་བསམ་པ་ཚིམ་པར་མཛད་དུ་གསོལ། །ཞེས་པའི་ཞུ་ཡིག་གསེར་དང་བཅས་པ་བསྐུར། །
དེ་ནས་སྡིག་གི་རྒྱལ་པོས་དཀྲོངས་པ་ན། །ཆོས་རྒྱལ་ཆེན་པོ་སྨོན་ལམ་འདི་བཏབ་པ། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཆོས་ཕྱིར་སྲོག་ལ་ཕངས་པ་མེད་པ་དང་། །དཀོན་མཆོག་གསུམ་དང་འབྲལ་བ་མེད་པ་དང་། །སྙིང་སྟོབས་ཆེན་པོས་གཞན་དོན་བྱེད་པར་ཤོག །དེ་ནས་ལྷ་ཆེན་ཞི་བར་གཤེགས་པར་གྱུར། །རྗེས་ནས་བྱང་ཆུབ་འོད་ཀྱིས་བདག་བསྐུལ་ནས། །དེང་སང་དཀའ་བ་ཆེན་པོས་དྲུང་འདིར་འོངས། །ད་ལན་ཅིས་ཀྱང་བོད་དུ་འབྱོན་པར་ཞུ། །ལན་དུ་ཇོ་བོའི་ཞལ་ནས་འདི་སྐད་གསུངས། །ཚེ་དང་ལྡན་པ་ཁྱོད་བདེན་ཤིན་ཏུ་མད། །བོད་ཀྱི་རྒྱལ་པོ་དེ་ལ་ཁོ་བོ་གནོང་། །རྒྱལ་པོའི་མི་ནོར་མང་པོ་ཡང་ཡང་ཟད། །ཁོ་བོ་སྙིང་རྗེ་ཆུང་བ་མིན་ན་ཡང་། །ལྷ་ཁང་བརྒྱ་དང་བརྒྱད་ཀྱི་ལྡེ་མིག་ཡོད། །ཚེ་དང་ལྡན་པ་མང་པོའི་བདག་གཉེར་བབ། །ཕོངས་པ་མང་པོས་གཙེས་ཤིང་རྒབ་ནས་མནན། །འདི་ལྟར་ན་རྒས་མགོ་བོའང་དཀར་པོར་སོང་། །དེ་ཡི་སྟོབས་ཀྱིས་ད་རུང་མ་ཐོན་ལགས། །ད་རུང་དུ་ཡང་ཐོན་པར་དཀའ་མོད་ཀྱིས། །འོན་ཀྱང་ཚེ་དང་ལྡན་པས་ལོ་ཙཱ་སློབས། །ཡང་དང་ཡང་དུ་ལྕེ་སྦྱོང་དག་པོ་གྱིས། །མ་ནོ་མ་ཧཱ་ཀ་རུ་ཎི་ཀ་ཡཱ། །ན་མོ་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་ཡཱ། །ན་མོ་སན་ཏཱ་ཐཱ་ག་ཏ་ཡ། །ན་མོ་ཛ་ཡན་ཨ་ཀ་ར་ན་ཡཱ། །ཞེས་པས་ཉིན་མཚན་རྟག་ཏུ་ངག་སྦྱོངས་དང་། །དེ་ལྟར་མཛད་ན་བོད་དུ་ཕྱིན་པར་འགྱུར། །སྐལ་ལྡན་གང་གིས་ཁོ་བོ་འགྲུབ་པར་འགྱུར། །ཚེ་དང་ལྡན་པ་སློབ་གཉེར་རེམ་ལ་གྱིས། །ད་དུང་འབོད་དུ་ཡོང་སྐད་མ་ཟེར་བར། །དཔེ་ཆ་ལ་སོགས་སྟ་གོན་ལེགས་པར་གྱིས། །སྙིང་ལ་ནུས་པ་ཐོན་ལ་བྱ་བ་སྒྲུབས། །བྱ་བ་ཀུན་ལ་གཟབ་པ་ཤིན་ཏུ་གཅེས། །དེ་ནས་དགེ་བཤེས་ནག་ཚོས་སྒྲ་རྣམས་བསླབས། །འགྲོ་བའི་ཆས་ཀ་ཐམས་ཅད་ལེགས་པར་བྱས། །ཨ་ཏི་ཤས་ཀྱང་དེ་ལྟར་རྒྱ་གར་གྱི། །ཆོས་ཀྱི་བྱ་བ་ཐམས་ཅད་ཚར་བར་མཛད། །དེ་དག་གིས་ནི་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ་ལེགས་པར་རྫོགས་སོ།། །།
རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ལྟར་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཀྱིས་ཀྱང་། རྗེ་བཙུན་ཆེན་པོ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་བྱོན་ཞེས་ལུང་བསྟན་ཡང་། རྗེ་བཙུན་ཆེན་པོ་བསྟན་པའི་བྱ་བ་གཞི་ཆེས་པ་དང་། གནས་བསྟན་རཏྣ་ཨ་ཀ་ར་ལ་སོགས་པ་རྗེ་བཙུན་བོད་དུ་འབྱོན་པ་ལ་ཆེས་ཆེར་མི་དགའ་བ་རྣམས་ཀྱིས་ཚོར་གྱིས་དོགས་པ་དང་། རྡོ་རྗེ་གདན་གྱི་རྒྱལ་པོ་ལ་སོགས་པ་རེ་རེ་ཙམ་གྱིས་ཤུགས་ཀྱིས་བཤོལ་བཏབ་པ་ལ་བརྟེན་ནས་ཡུན་རིང་དུ་ལམ་དུ་མ་ཚུད་པར། གཙུག་ལག་ཁང་རྣམས་སུ་མཆོད་ཡུན་པ་ལ་ཡོམ་ཡོམ་ལ་ལུས་ཏེ། ལན་གཅིག་རྡོ་རྗེ་གདན་དུ་བྱོན་པའི་རྗེས་སུ། ལོ་ཙཱ་བ་བརྩོན་སེང་དང་། གུང་ཐང་པ་གཉིས་ཀྱིས་བྱོན་ནས། ཞབས་ལ་གཏུགས་ཤིང་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས། མིག་གདོང་མཆི་མས་དག་བཞིན་དུ། མགོན་པོ་ངེད་བོད་ཀྱིས་སེམས་ཅན་སྙིང་མི་རྗེའམ། ལྷག་པར་དུ་ཡང་། ངེད་གཉིས་པོ་འདིས་ཇི་ཙམ་པའི་དཀའ་ལས་གཅིག་བྱས། འདོད་པའི་དོན་མ་གྲུབ་པ་ངེད་གཉིས་པོ་འདི་སྙིང་མི་རྗེའམ། དེའི་ནང་ནས་ཀྱང་ང་གུང་ཐང་པ་ཚུལ་ཁྲིམས་རྒྱལ་བས། ས་མཐའ་མང་པོ་བགྲོད་མ་མྱོང་། སྐྱ་བོའི་དུས་སུ་ཕ་མའི་གཅེས་ཕྲུག་གྲ་མ་ཉམས། རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བསམ་གྱི་བྱ་བ་མ་གཏོགས་པ་མི་འགྲུབ་པའི་བྱ་བ་མ་བབ། འཚོ་བའི་ཡོ་བྱད་ཀྱིས་ཉོན་མ་མོངས། སངས་རྒྱས་ཀྱི་བསྟན་པ་ལ་གཉེན་པོའི་གཞི་ཚུགས་པའི་སྟོབས་ཀྱིས་ཆོས་རྒྱལ་ཁུ་དབོན་ཡབ་སྲས་ཀྱིས་དབུ་བགྱིས་པ། ཡུལ་མངའ་རིས་སྐོར་གསུམ་གྱི་མི་ཆེ་འབྲིང་ཆུང་གསུམ་གྱིས་ངའི་སྙན་པ་ཐོས། ཡང་གཏམ་དེ་ལ་བརྟེན་ནས་ཆོས་རྒྱལ་ཁུ་དབོན་གྱིས་དབུ་བགྱིས་པ་རྣམས་ཀྱིས། ཁྱོད་མགོན་པོ་སྤྱན་འདྲེན་པའི་ཕོ་ཉ་ལ། མོ་དང་རྩིས་བྱས་པས་ང་ལ་ཟིན། ང་ཡུལ་གུང་ཐང་གེར་གྱི་ལྷ་ཁང་ན་གཏན་ལ་ཕབ་པའི་བདེ་ཉལ་ནས་ཕྱུང་ནས། རྒྱལ་པོའི་མངའ་རིས་སུ་ཁྲིད། རྒྱལ་པོ་ལྷ་བཙུན་པས་ང་གདན་གྱི་གུང་ལ་བཞག །བསྙེན་བཀུར་མཁན་བཙུན་བཟང་གསུམ་གྱི་བསྟོད་རས་ཆེ་བསྟོད་ནས། གཏམ་གྱི་ཁོག་འདི་རྣམས་ཀྱིས་ཕུལ། ལགས་འདུལ་བ་འཛིན་པ་ལ་ཞུ་ན། ང་ཡི་ཕ་མེས་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས། སྲོག་བཏོད་དར་ཞིང་རྒྱས་པར་མཛད་པ་ཡིན་པ་ལ། དུས་དེང་སང་སངས་རྒྱས་ཀྱི་བསྟན་པ་ཉམས་དམས། བདུད་རིས་ཀྱི་སེམས་ཅན་ང་རྒྱལ། མཁས་པ་དང་བཙུན་པ་ཐམས་ཅད་ལ་ཤེས་པ་སྐྱོ་བར་གྱུར་པས། ངེད་ཁུ་དབོན་གཉིས་ཀྱིས་མི་འདི་གོ་ཆོད་དམ། འདིས་བློ་གཏད་ཐུབ་བམ། འདིས་སངས་རྒྱས་ཀྱི་བསྟན་པ་ལ་སེམས་སམ་སྙམ་པ་རྣམས་ལ་བྱ་དགའ་བྱིན་ཅིང་། གསེར་སྲང་བརྒྱ་སྐོར་རེས་མ་མཐའ་བྱས་ནས། དཔོན་གཡོག་རགས་པ་རེ་ཁྱོད་གདན་འདྲེན་དུ་བཏང་བ་ཡིན་ཡང་། ཕལ་ཆེར་ཚད་པ་དང་དུག་སྦྲུལ་གྱིས་ཁྱེར་ཞིང་ནོར་དང་སྲོག་གང་ཡང་མགོ་མ་ཐོན་པར་བྱུང་། ནོར་འཕྲོད། ཁྱེད་རང་མཇལ་ཡང་འདི་ལྟར་བསྟན་པའི་བྱ་བ་ཆེས་པས་གདན་མ་འདྲོངས། དེ་ལ་ཡང་བློ་མ་བསད་པར་ལྷ་ཆེན་པོ་དེས་བལ་ཡུལ་གྱི་མཐའ་འཁོབ་ཏུ། ཇོ་བོ་སྤྱན་འདྲེན་པའི་གསེར་འཚོལ་དུ་བྱོན་པས། གར་ལོག་གི་རྒྱལ་པོས་ཆོས་ཀྱི་རྒྱལ་པོས་པཎྜི་ཏ་སྤྱན་འདྲེན་པའི་གསེར་འཚོལ་བར་རིག་ནས། འདི་ཡི་ཕ་མེས་རྣམས་ཀྱིས་སྔོན་ཡང་བོད་དུ་སངས་རྒྱས་ཀྱིས་བསྟན་པ་དར་བར་བྱས་ཟེར། འདི་མ་བཟུང་ན་པཎྜི་ཏ་སྤྱན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་པས། འདི་བཟུང་ལ་བཙོན་ཁང་དུ་ཆུག་ཅིག་ཟེར་ནས་མནར། དེ་བདག་གིས་ཐོས་ནས་བསྐུལ་བའི་སྟོབས་ཀྱིས་རྟ་པ་བརྒྱ་བྱས་ཏེ། ཁུ་བོ་བཟློག་ཏུ་ཕྱིན་པ་གར་ལོག་གི་རྒྱལ་པོ་ཕ་ཚན་ཆེས་ནས་མ་བཟློགས། ཡང་དམག་བྱས་ནས་ཁོ་ལ་བརྒྱབ་ན་བཟློག་པར་སྣང་སྟེ། དེའི་བར་དུ་མི་དང་འགྲོ་བ་མང་པོའི་སྲོག་ཆད་པར་སྣང་བ་དང་། ང་རང་ལ་ཡང་བར་ཆད་བྱུང་ནས་ཇོ་བོ་ཆེན་པོ་སྤྱན་མི་འདྲོངས་པར་གདའ་བས། ཁོ་དང་ཐབས་མཁས་པའི་བསྟུན་ཅིང་བསླུས་པ་དང་། ཁོ་ན་རེ། འོ་ན་ཁྱོད་རང་པཎྜི་ཏ་གདན་འདྲེན་པའི་འཕྲོ་བཤོལ། ཁྱོད་རང་ཡང་ངའི་འོག་ཏུ་ཞུགས། ཡང་ན། གསེར་ཁལ་པོ་རང་དང་མཉམ་པ་གཅིག་ཁྱེར་ལ་ཤོག །དེ་ནས་རྒྱལ་པོ་གཏང་གིས་ཟེར་བ་ལ། གསེར་ལ་བསྡོམས་ནས་གསེར་སྲང་བརྒྱ་ཐམ་པ་ཁྱེར་ཏེ་རྒྱལ་པོ་བསླུས་ཀྱང་ཁོ་མ་ཉན། དེ་ནས་ལུས་དང་མཉམ་པ་ཞིག་ཁྱེར་ནས་བསླུས་པས་ཀྱང་། ཐམས་ཅད་ཚང་བ་གཅིག་དགོས་ཟེར་ནས་ཁ་ལ་མ་ཉན། དེ་ནས་ཁུ་བོ་ཁྲི་མུན་ན་དར་གྱིས་བཅུད་དེ་འོ་བརྒྱལ་བར་བཞུགས་པའི་སྒོ་དྲུང་དུ་ཕྱིན་ནས། ངས་ཁོ་ལ་དམག་བརྒྱབ་ནས་ཁྱེད་བཟློག་ན་ནི། སྐྱེ་བོ་ཚན་པོ་ཆེ་ཕུང་ལ་གཏད་ནས་རང་རེ་གཉིས་ཀྱང་ངན་སོང་དུ་འགྲོ་དགོས་པར་སྣང་། པཎྜི་ཏ་གདན་མ་དྲངས་པར་ཁྱེད་རང་ངེད་ཀྱི་འོག་ཏུ་ཞུགས་ཟེར་བ་ནི། ཆོས་བློས་བཏང་ནས་སྡིག་རྒྱལ་གྱི་འོག་ཏུ་ཞུགས་པ་ལས། ཁྱོད་ཆོས་ལྡན་དུ་གཤེགས་པ་དྲག་སྙམ་དུ་བསམ།
དེ་ནས་གསེར་ཁྱོད་རང་ཙམ་གཅིག་དགོས་ཟེར་བ་ལ། གསེར་སྲང་བརྒྱ་ཐམ་པས་བསླུས་པ་ལ་ཁོ་མ་ཉན། ཡང་བཙལ་བས་ཁྱེད་ཀྱི་སྐུ་ལུས་དང་མཉམ་པའི་ཚོད་ཙམ་གཅིག་རྙེད། དེས་ཁོ་མ་ཉན་པས། ད་ངས་དབུ་ཙམ་གཅིག་རྙེད་པ་དང་བསྐུར་འོང་གིས། དེའི་བར་དུ་སྔོན་གྱི་ལས་ལ་སེམས་པ་དང་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་། སྙིང་པོ་ཆེ་བྲང་འོག་ཏུ་བཅུག་པའི་སོ་ནམ་མཛད་དགོས་པ་ཡིན། ཞེས་ཞུས་པ་དང་། ཁུ་བོ་བཞད་ཀྱིན་མཛད་ནས། ཁྱོད་ལ་ཡང་གཅེས་ཕྲུག་སྣུམ་ཟན་མའི་དབགས་གཅིག་ཡོད། དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་རང་ཤི་ཡང་ཁྱོད་ཀྱིས་ཕ་མེས་ཀྱི་རྣམ་སྲོལ་སྐྱོང་བར་སྣང་། ཁྱོད་ཀྱི་དེ་རྣམས་གོ་བ་ཆེ་ན་དེས་ཆོག །ང་ཡི་བསམ་པ་ལ་བོད་འདིར་ཆོས་ཁྲིམས་གཅིག་མ་འཆས་པར་ང་ཤི་ན་མི་རུང་སྙམ་པ་ཡིན་ཏེ། ད་ང་ན་སོ་ཡང་ཡར་སོང་། འདིར་མ་ཤི་བའི་དབང་དུ་བྱས་ན་ཡང་ཚེ་ལོ་བཅུ་ཡིན། སྔར་ཚེ་འཁོར་བ་ཐོག་མེད་པ་ནས་ཆོས་ཀྱི་ཕྱིར་གཅིག་ཀྱང་ཤི་བ་མེད། ད་ལན་ཆོས་ཀྱི་ཕྱིར་ཤི་ན་ལེགས་པ་ཡིན་པས། རྒྱལ་པོ་འདི་ལ་གསེར་སེར་བོར་རིལ་གཅིག་གི་ཆོག་ཀྱང་མ་སྟེར། གསེར་ང་རང་ཙམ་པ་རྙེད་པ་ཤིན་ཏུ་རྔམས་ཆེ་ན། ད་མགོ་བོ་ཙམ་པ་ག་ན་རྙེད། གསེར་དེ་རྣམས་ཐམས་ཅད་རྒྱ་གར་དུ་ཁྱེར་ལ་ད་རུང་པཎྜི་ཏ་དེ་ཅིས་ཀྱང་གདན་ཅི་འདྲོངས་གྱིས། པཎྜི་ཏ་ཆེན་པོའི་སྙན་དུ་ཡང་ང་ན་རེ། ངས་ཁྱེད་དང་སངས་རྒྱས་ཀྱི་བསྟན་པའི་ཕྱིར་དུ། ལུས་སྲོག་གར་ལོག་གི་རྒྱལ་པོ་ངན་པ་ལ་བྱིན་ཡོད་པས། ཚེ་རབས་ཐམས་ཅད་དུ་བདག་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱོད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས། དེ་ཁོ་ན་བཞིན་དུ་མཛད་པ་དང་། སྐྱེ་བ་འདི་ཡི་འོག་རོལ་ཏུ་ཁྱོད་དང་ངེས་པར་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངའི་འཕྲིན་མཛོད་གཅིག །དེ་ལྟར་ལགས་པས། ང་བློས་ཐོངས་ལ་སངས་རྒྱས་ཀྱི་བསྟན་པ་ལ་སོམས་ཤིག་གསུངས།
དེ་ནས་ཁུ་བོ་གར་ལོག་གི་རྒྱལ་པོས་མེད་པར་བྱས་པའི་གཏམ་དེ་རྣམས་མགོན་པོ་ཨ་ཏི་ཤའི་སྙན་དུ་ཐོངས། ངའི་ཁུ་བོ་སྙིང་རྗེ་ཅན་དེ་འོ་རེ་བརྒྱལ། ངས་ཀྱང་ཁུ་བོ་དེ་བཞག་ནས་འོང་ཕོད་པ། སྒོ་ཡི་གསེང་ལ་ཕར་བལྟས་པས་སྐུ་ལུས་ནི་དར་གྱིས་བཅུད། གསུང་གི་མདངས་ནི་ཤོར། སྔར་གྱི་དེ་ལས་རྣམ་པ་ཐམས་ཅད་འགྱུར། སྐུ་ལུས་བུང་བ་ཙམ་ཞིག་སོང་། དེའི་ཁུང་ན་ཡང་བོད་ཀྱི་སེམས་ཅན་དང་། སངས་རྒྱས་ཀྱི་བསྟན་པ་དང་། ཇོ་བོ་འབའ་ཞིག་ཐུགས་ལ་སེམས། ངེད་མཐའ་འཁོབ་ཀྱི་སེམས་ཅན་མ་རིག་པ་རྣམས་ཀྱི་སྙིང་སྟོབས་དེ་འདྲ་ན། ཁྱོད་འགྲོ་བའི་སྐྱབས་གནས་ཐུགས་རྗེ་ཅན་ཅི་ཙུག་སོང་ཞེས་ཞུས་ཤིག །ད་འདི་ན་གསེར་སྲང་བདུན་བརྒྱ་ཡོད་དེ། འདི་ཕར་ཁྱེར་ལ་གསེར་སྲང་བདུན་བརྒྱ་བླ་མའི་ཕྱག་ཏུ་ཕུལ་ལ། ངེད་བོད་པྲེ་ཏ་པུ་རིའི་གྲོང་ཁྱེར་ལྟ་བུ་ན། གསེར་ལུག་ཤིག་ཙམ་རེ་ལ་ཡང་དཀའ་ལས་ཆེན་པོ་ཡོད་པ་ཡིན་ལ། ད་འདི་དང་བླ་མས་སྔས་དབུ་བགྱིས་པའི་མི་ནོར་ཐམས་ཅད་ཡོངས་སུ་རྫོགས་ནས་ཡོད་ཀྱི། ད་ལན་འདི་ལ་མགོན་པོ་བོད་དུ་མ་བྱོན་ན། ཁྱེད་དམ་པ་རྣམས་ཀྱི་ཐུགས་རྗེ་ཡང་དེ་ལྟར་བས། ངེད་ཀྱང་བྱ་བ་ཅི་བདེར་སྤྱོད་པར་བགྱིའོ། །ཁྱོད་འདུལ་བ་འཛིན་པས་འདི་ཡི་ལོ་རྒྱུས་འདི་རྣམས་ཇོ་བོ་ལ་ཞུ་བ་བྱས་པའི་མཇུག་མཐའ་མ་ལ། འབྱོན་དུ་མ་བཞེད་ན་སྙན་དུ་འདེབས་པར་ཞུ། གསུངས་ནས་སྤྱན་ཆབ་ཀྱིས་པང་ཁེབས། ཅོག་ཙེ་བངས་པ་ཙམ་དུ་བཤུམས་ཤིང་། ང་ལ་གསུང་བྱོན་པས། ངས་ཀྱང་ཡིན་མིན་གྱི་ཚིག་ཟུར་པ་ཙམ་ཡང་མ་ནུས། གཞན་དུ་ན་འཇིག་རྟེན་པའི་ཁ་སྔགས་ལ། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་ཟེར་བའི་ཚུལ་དུ་ལྷ་བཙུན་པའི་གསུང་དེ་རྣམས་ཤིན་ཏུ་མད་པར་ཐོས་པ་དང་། ཆོས་རྒྱལ་དེ་མ་མཐོང་ཡང་རྣམ་པ་དྲན་པ་དང་། ཁོང་ཁུ་དབོན་གྱི་མི་ནོར་མང་པོ་ཟད་པ་རྒྱུས་ཡོད་པ་དང་། ཁོང་ཁུ་དབོན་གཉིས་སྡུག་ཆེས་པ་དང་། ངེད་རྣམས་སྐྱིད་ཆེས་པ་དང་། ལྷ་བཙུན་པ་མི་ཆེན་པོ་གཅིག་གིས་དེ་ལྟར་བཤུམས་པའི་སྟོབས་ཀྱིས། ང་ཡང་ལུས་འདར། མཆི་མས་གདོང་དག་སྟེ། ལྷ་བཙུན་གྱི་ཞལ་ལ་ཡང་བལྟ་མ་ནུས། དེའི་སྟོབས་ཀྱི་ལུས་སྲོག་དང་། བར་གྱི་དཀའ་ཚེགས་དང་། ཚེ་འདི་ཡི་བདེ་སྐྱིད་གང་ལ་ཡང་མ་བསམས་པར། ལན་འོ་ལགས་གཞལ་ནས། དཔོན་གཡོག་བདུན་གྱིས་གསེར་སྲང་བདུན་བརྒྱ་ཁུར། རྒྱ་གར་གྱི་ལམ་ལ་ཞུགས་ནས་འོངས་པ་དང་། ལྷ་བཙུན་པས་ཐག་རིང་པོར་སྐྱེལ་ཐུང་མཛད་ནས། དགེ་སློང་ཁྱོད་ཀྱིས་ངའི་ཕྱོགས་སུ་བྱ་བ་བྱས། ད་ལན་དཀའ་བ་ཆེ་ནའང་ཕར་བྱོན་ལ། འབད་རྩོལ་ཆེན་པོས་ལུས་དང་སྲོག་ལ་བསྡོས། འཁོར་ནས་བྱས་ཤེས་བཀའ་དྲིན་གཟོ་བར་བྱ། ཞེས་གསུངས་ནས། བདག་ཅག་ལ་ཕྱི་མིག་བལྟ་ཞིང་ལོག་ནས་གཤེགས། ཡང་སྐད་བཏང་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཤིང་གཤེགས་པར་ཞུ་གསུངས།
དེ་ནས་བལ་པོའི་རྫོང་ངོས་ལ་འགྲོ་ཙ་ན་མི་རེང་གཅིག་དང་ཕྲད་པས། དེ་ན་རེ། ཁྱེད་ཡུལ་ས་ཐག་རིང་པོར་དོན་ཆེན་པོ་ལ་འགྲོ་བ་སྣང་བས། འདི་སྐད་ཟེར་གྱིན་སོང་དང་དོན་གྲུབ་ནས་འོང་གིས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་གནས་དམ་པའི་ཆོས་འཕེལ་བར་གྱུར་ཅིག །ཅེས་བརྗོད་ཅིང་སོང་དང་། ལམ་དུ་ཉེ་ཞོ་མི་འབྱུང་བ་ཡིན་གྱི་ཟེར། དེར་ཁྱོད་སུ་ལགས་བྱས་པས། རིམ་གྱིས་ཤེས་པར་འགྱུར་གྱིས་ཟེར་ནས་ལན་ཙམ་མ་བྱུང་། དེ་ནས་བལ་པོའི་མཐའ་འཁོབ་ཅིག་ཏུ་སླེབས་པ་ན། ཨ་ཙ་ར་གཅིག་ལ་གནས་མལ་གཡར་བས། ངེད་དཔོན་གཡོག་སྨྱུག་ཁང་གཅིག་ཏུ་བསྙལ། དེའི་ནུབ་མོ་ཁོས་གསེར་ཡོད་པ་རིག་ནས། སྨྱུག་ཁང་ལ་མེ་བཏང་ནས་དེར་བསད་དེ་གསེར་འཁྱེར་བར་འདོད་པ་དང་། ངེད་དཔོན་གཡོག་རྣམས་ས་ཐག་རིང་པོ་ལ་ངལ་ཞིང་ཚད་པས་གདུངས་པའི་སྟོབས་ཀྱིས་གཉིད་ཀྱིས་མྱོས་ནས་ཡོད་པའི་དུས་སུ། ངའི་སྔས་ཁར་མི་རེང་དཀར་པོ་གཅིག་སྨྱུག་ཁང་གི་མཐོངས་ནས་བྱུང་ནས།
མ་ཉལ་མ་ཉལ་མྱུར་དུ་ཡར་ལ་ལོངས། །
མ་ཕེབས་ད་ལྟ་ལོངས་ལ་ལམ་དུ་ཞུགས། །
ཉལ་ན་རིན་ཆེན་སྲོག་དང་འབྲལ་བར་ཡོད། །
ང་ནི་བོད་ཁམས་ཡོངས་ཀྱི་ཡི་དམ་ཡིན། །
ཞེས་གསུངས་པ་དང་། ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཤིང་བྲོས་པས། ནམ་ལངས་པ་དང་བལ་པོའི་རྒྱལ་ཕྲན་གཅིག་བྷི་ཀྲ་ལར་འགྲོ་བ་དང་འཛོམས། དེ་དང་འགྲོགས་ནས་ཕྱིན་པས། ཆུ་བོ་གངྒཱའི་འགྲམ་དུ་སླེབས་པ་དང་། རྒྱལ་པོ་དབང་ཆེ་བས་སྔོན་ལ་གྲུ་ལ་ཞུགས་ནས་སོང་། དེར་ཉི་མ་ནི་འཕྱིས། ཕྱོགས་ན་མི་ནི་མེད། མཐའ་འཁོབ་ཀྱི་ཨ་ཙ་ར་རྣམས་ནི་སྤྱོད་པ་ངན། བདུད་རིགས་དང་མུ་སྟེགས་རྣམས་ནི་དམ་པའི་ཆོས་ལ་སྡང་། ངེད་སངས་རྒྱས་ཀྱི་བསྟན་པ་ལ་བསམས་ནས་གསེར་མང་པོ་ཁུར་ནས་འོངས་པ་ལ། གབ་པ་དང་འབྲོས་པ་ནི་མེད། རྒྱུས་མེད་ཀྱི་ཡུལ་དུ་མགོ་འཐོམས་པའི་ཚེ། མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ། གསེར་བྱེ་མའི་འོག་ཏུ་སྦས་ཏེ། རང་རེ་ཕྱོགས་གཞན་ན་ཉལ་ནས་བསྡད་པ་དང་། མཉན་པ་དཀར་པོ་གྲུ་ལ་སྐྱ་བ་ཆབ་ཆབ་འདེབས་ཤིང་བྱུང་བ་དང་། དེར་བདག་གིས་ཁྱོད་གར་གཤེགས་པ་ཡིན། ཅི་ཙུག་ཡིན་དྲིས་ཙ་ན། དཔོན་འཁོར་བཅས་བསུ་རུ་འོངས་པ་ཡིན། སོ་ནམ་སྙིང་སྟོབས་ཆེན་པོས་འདིར་འོངས་ཚེ། །འཕགས་པ་གྲུ་དང་མཉན་པ་ལྟ་བུ་ཡིན། །འཇིགས་པའི་དུས་སུ་བསུ་སྐྱེལ་མ་བྱས་ན། །སེམས་ཅན་ཉོན་མོངས་ཅན་ལ་ཇི་ལྟར་འགྲུབ། །གྲུར་ཞུགས་བདུན་བརྒྱ་པོ་དེ་མ་ལུས་པར། །འབོལ་ལེ་ཀྲ་མ་ལ་རུ་བསྒྲལ་བར་བྱ། །ཞེས་ཟེར་བ་དང་། ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཀྱིན། གསེར་རྣམས་བྱེ་མའི་འོག་ནས་བཏོན་ནས། གྲུའི་ནང་དུ་ཞུགས་པ་དང་། བདག་གིས་མ་ཎི་པདྨེ་ཕྲེང་སྐོར་གཅིག་བགྲངས་པས། མཉན་པ་དེ་ན་རེ། ངེད་ཁ་བ་ཅན་གྱི་ཇོ་བོ་ཐུགས་རྗེ་ཆེན་པོ་དེ་མ་ཎི་པདྨེ་བགྲངས་ཙམ་ན། རིང་ས་ན་རིང་བ། ཐུང་ས་ན་ཐུང་བ། འདི་ལྟར་བྱེད་པ་ཡིན་ཟེར་ནས་མ་ཎི་པདྨེའི་གདངས་འདི་ལྟར་འཐེན་གྱིན་གདའ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བགྲངས་པ་ན། འཁྲོལ་བ། མཉེན་པ། སྙན་ཡིད་འཛིན་པ། བློ་བདེ་ཞིང་ཕེབས་པར་གྱུར་ནས། མཉན་པ་དེ་ལ་ཕའི་འདུ་ཤེས་སྐྱེས། མཉན་པ་འདི་སུ་ཡིན་སྙམ་ནས་ཐེ་ཚོམ་ཆེན་པོ་གཅིག་ཀྱང་བྱུང་ནས། མཉན་པ་ཁྱེད་སུ་ཡིན་ནམ། ཐ་མལ་པ་ཞིག་རང་ཨེ་ཡིན། གསུང་གཅིག་འབྱོན་པར་ཞུ་དང་། ཞུས་པས། མཉན་པ་ན་རེ། ཚེ་དང་ལྡན་པ་ཀུན། སྔར་འགྲོགས་ཀྱི་དུས་སུ་སྤོབས་པ་མ་མྱུར། གཞུང་འགྲོགས་ཀྱི་དུས་སུ་ཁྲེལ་གཞུང་མ་ཆུང་། ཕྱི་འགྲོགས་ཀྱི་དུས་སུ་ཕྱི་ཐག་མ་ཐུང་བྱ་བ་ཡིན། མ་ནུས་པའི་དུས་སུ་ཕན་པ་དང་། དགོས་དུས་སུ་སླེབས་པ་བྱ་བ་ཡུན་དུ་འགྲོགས་པ་ལ་དགོས་པ་ཡིན། རིམ་གྱིས་ཤེས་པར་འགྱུར་ཏེ་མཆི། གསུངས་ནས་ལན་གཞན་ཙམ་མ་བྱུང་། ད་ལྟ་རང་ཕར་ཐལ་དུ་སྒྲོལ་བ་དང་། སྨོན་ལམ་ལྷན་ཅིག་ཏུ་མ་བཏབ་ན་ཤུལ་ཁའི་འགྲོན་པོར་ཡང་མི་སྐྱེ་ཟེར་བ་དེ་འདི་ལ་ཟེར་བ་ཡིན། ད་ནམ་ཕྱེད་ཡོལ་ན་ཕར་སོང་ནས་ཡོད་པས། གཙང་འཁྲིས་དང་། སྔོ་གསེབ་ཏུ་མ་ཉལ་དུག་སྦྲུལ་གྱི་འཇིགས་པ་འོང་། དོ་ནུབ་ཀྱི་བྷི་ཀྲ་མ་ལ་ཡི་སེའུ་འོག་ཏུ་འབོལ་ལེ་གཟིམས་ལ་བཞུགས། དོ་ནུབ་ཆོམ་པོའི་འཇིགས་པ་ཡེ་མི་འོང་བ་ཡིན་ཅིག །ཟེར་ནས་མཉན་པ་དེ་ག་ཤེད་དུ་སོང་། དེ་མ་ཐག་ཏུ་བྷི་ཀྲ་མ་ལའི་སྒོ་སྤེའུ་འོག་ཏུ་ཕྱིན་པ་དང་། སྒོ་སྤེའུ་ཡི་སྟེང་ཁའི་རྫོགས་ཁུང་གཅིག་ན་མར་རྒྱ་བརྩོན་འགྲུས་སེངྒེའི་སྐད་པ་གཅིག་གིས། བོད་ཀྱི་ཚེ་དང་ལྡན་པ་ཀུན་གང་ནས་བྱོན་གསུངས། ངེད་མངའ་རིས་སྟོད་ནས་འོངས་པ་ཡིན་ཞེས་ཞུས་པས། འོ་ན་སྒོ་པ་བྱིས་པ་གཅིག་ཡོད་པ་དེ་ལ་ཁྱོད་རང་གི་འབྲིང་གཅེས་ཀུན་ཆོལ་ཁ་སྐྱིབས་གཅིག་ཏུ་འབོལ་ལེ་གཟིམས་ལ་བཞུགས། ད་ལྟ་སྐྱ་རེངས་དང་པོའི་ཐོག་ཡིན། སྐྱ་རེངས་གཉིས་པའི་མཇུག་ཙམ་ལ་སྒོ་འབྱེད་པ་འོང་གསུངས། དེ་ནས་སྒོ་ཕུག་གི་བྱིས་པ་གདའ་བ་དེ་ལ་གསེར་རྣམས་བཅོལ་བ་དང་། བྱིས་པ་དེས་གསེར་རྣམས་བློ་ཕུག་གཅིག་ཏུ་ཡར་བཞག་ནས། ནོར་བཅོལ་དགྲ་བཅོལ། བུ་བཅོལ་སྙིང་བཅོལ། འོན་ཀྱང་བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག་བྱ་བ་ཡིན། ཁྱེད་རང་རྣམ་པ་ཕེབས་པར་གཟིམས་ཟེར། ཆུང་ཆུང་འདི་ཡི་ཁ་ནས། དེ་ཡོང་བ། གང་ཟག་ཐ་མལ་པ་གཅིག་མིན་སྙམ་དུ་ཕེབས་པར་གྱུར། ནངས་པར་སྒོ་ཕྱེ་མ་ཐག་ཏུ་བྱིས་པ་གཞོན་ནུ་ཕྱིང་ཞྭ་སྤྱི་རིངས་གྱོན་པ། འབྲོག་སྣམ་གྱི་རལ་གུ་ཉིས་བརྩེགས་གྱོན་པ་ཁུར་ཆུང་ཐོགས་པ་ཞིག་ཁུར་བ་གཅིག་བྱུང་ནས། ཁྱོད་རྣམས་གང་ནས་བྱོན། ལམ་དུ་འཇིགས་པའི་སྐྱོན་མི་སྣང་ངམ། ཟེར་བོད་འབྲོག་པའི་སྐད་དུ་ལྷང་ལྷང་བྱུང་། དེར་སྐྱོ་བ་སངས་སྙམ་བྱེད་པ་ལས། ངེད་མངའ་རིས་སྟོད་ནས་འོངས། ལམ་འཇམ་པར་བྱུང་། ཁྱེད་གང་ཙུག་ཡིན་གར་འགྲོ་བགྱིས་པས། ཁོ་ན་རེ། ང་ཡང་བོད་གཅིག་ཡིན་པས་བོད་དུ་འགྲོ་བ་ཡིན་ཏེ། འོ་ཅག་བོད་འདི་ཁ་མང་གཏིང་ལྷོད། གཏམ་མཚང་ཆེན་སྦེད་མི་ཤེས། བྱ་བ་གལ་ཆེན་གསང་ནས་སྒྲུབ་དགོས་པ་ཡིན། རྒྱ་བརྩོན་སེང་བོད་ཀྱི་སྤྱི་ཁང་ན་ཡོད་པས། དེར་རྩད་ཆོད་ལ་སོང་ཟེར་ཙ་ན། ཁོ་ཡུད་ཀྱིས་སོང་། དེ་ལས་ཡིད་མ་ཆེས་ལ་དག་པ་མ་བྱུང་།
དེ་ནས་སྲང་ནང་རིང་པོ་གཅིག་ལ་ཞུགས་ནས་ཕྱིན་ཙ་ན། དྲང་སྲོང་རྒས་པའི་མཐར་ཐུག་པ། སྐྲ་དང་ཁ་སྤུ་སེར་ལ་རིང་བ། མིག་དམར་ལ་ཤ་སྐེམ་པ། ལག་ན་ཆུ་ཤིང་གི་འཁར་བ་ཐོགས་པ་གཅིག་དང་འཕྲད་པས། ཁོ་ན་རེ། ཁྱེད་གང་ནས་འོངས་གར་འགྲོ། ཅི་བྱེད་དུ་འོངས། ངེད་ཀྱིས་ལན་སྨྲས་པ། བོད་མངའ་རིས་སྟོད་ནས་འདིར་མགོན་པོ་ཨ་ཏི་ཤ་སྤྱན་འདྲེན་དུ་འོངས་པ་ཡིན། རྒྱ་བརྩོན་སེང་གི་ཁང་པ་དེ་གང་ན་ཡོད་བྱས་པས། ཁོ་འཁར་བ་ལ་བརྟེན་ཏེ་ཕྱི་མིག་གཅིག་བྱས་ནས། ད་ནང་གི་བྱིས་པ་དེ་རེ་བདེན། བོད་ཀྱི་མི་ལ་ཨོལ་མདུད་མེད་པས་སྲང་ནང་གི་མ་འཁྱམ་པོ་ཚུན་ཆོད་ལ། ཡིན་ཚུལ་སང་ངེ་འཆད་པ། ཁྱོད་ཀྱིས་ཀྱང་དོན་གྲུབ་ཏུ་རེའམ། ད་ལན་ངའི་རྩར་བྱས་པ་དྲག་ད་ཇོ་བོ་མིན་པ་གཞན་གྱི་རྩར་ཁར་མ་འདོན་ཅིག །འོ་ཡང་རྒྱ་ལ་འབུག་ཙམ་གཅིག་ཟེར་ན་ཡང་རིགས། ངས་སྒོ་བསྟན་ཅིག་ཟེར་ནས། ཁོའི་ཕྱི་ལ་ཕྱིན་པ་དང་། ཁོ་གོ་ལེ་སོང་བའི་ཕྱི་ངེད་ཀྱིས་མགྱོགས་པར་སོང་བས་མ་སླེབས། ངེད་ཡ་མཚན་ཆེ་ཞིང་ཐེ་ཚོམ་དུ་གྱུར་པ་དང་། ཁོ་བོད་ཀྱི་སྤྱི་ཁང་གི་སྒོ་ཕུག་ན་བསྒུགས་ནས་བསྡད་ནས། བྱ་བ་ཆེན་པོ་བསྒྲུབ་པ་ལ་རང་ལས་གོ་ལེ་མགྱོགས་པ་ཡིན། འདོད་ཐག་མ་ཉེ་བར། རི་བོ་བགས་ཀྱིས་འཛེགས། ཁང་པ་འདི་ཡིན་ཟེར། དེ་མ་ཐག་ཏུ་བདག་གིས་ནང་དུ་འོངས་པ་ན་ལོ་ཙཱ་བ་རྒྱ་གཞུང་ཚན་ཅན་གཟིགས་ཀྱིན་བཞུགས་སྣང་། དེ་མ་ཐག་ཏུ་གསེར་བཞི་ནི་གཅིག་གིས་ཕྱག་རྟེན་བྱས་པ་ན། ལོ་ཙཱ་བའི་ཞལ་ནས། ཁྱོད་རྣམ་པ་གང་ནས་བྱོན་པ་ཡིན་གསུངས། དེ་ལ་ངེད་ཀྱིས་ལོ་རྒྱུས་རྣམས་ཞུས་པ་དང་། ཁོང་གི་ཞལ་ནས། ཁྱོད་ངའི་སློབ་མར་སྣང་ངོ་མ་ཤེས་པར་སྣང་། ད་འདིར་ཨ་ཏི་ཤ་གདན་འདྲེན་དུ་འོངས་པ་སྐད་དང་ཡེ་མ་ཟེར། སློབ་གཉེར་དུ་འོངས་པ་ཡིན་ཟེར་བ་དེ་ཀུན་གྱི་རྩར་སྨོས། འདི་ན་གནས་བརྟན་རཏྣ་ཨ་ཀ་ར་བྱ་བ་ཡོད། དེ་འདི་ན་དབང་ཆེ་ཞིང་ཨ་ཏི་ཤའི་ཡང་བདག་པོ་ཡིན། དེ་ལ་ཆོས་ཉན་ཅིང་དེའི་སེམས་འཛིན་དགོས། དེས་ཚོར་དུ་ཡེ་མི་བཏུབ་པས། ད་ལྟ་རང་ཁོང་ལ་གསེར་སྲང་ཕྱེད་ཕུལ་ལ་ངེད་བོད་ནས་འོངས་པ་ཡིན། པཎྜི་ཏ་ནི་གདན་མ་འདྲོངས། ད་ཁྱེད་ཀྱི་ཞལ་སྔ་ནས་པཎྜི་ཏ་དང་ཁྱད་པར་མེད་པའི་སློབ་གཉེར་གཅིག་བདག་ལ་ཐུགས་ལ་འདོགས་པ་ཞུ་ཞེས་ཞུ་བ་ཕུལ།
དེ་ནས་ཀྱང་རིངས་རིངས་དང་བློ་མ་ཕེབས་པ་ཡེ་མ་བྱེད་པར་སློབ་གཉེར་གྱིས་ལ་སྡོད། དེ་ནས་འོ་ཅག་ཐབས་མཁས་པས་ཇོ་བོ་འདིར་ཕྱགས་ཕེབས་པའི་དུས་སུ་ཞུ་བ་བྱེད་པ་ཡིན་གསུངས། དེ་ནས་ངས་ལོ་ཙཱ་བ་ཅི་ཟེར་ལྟ་བའི་ཕྱིར་དུ། མགོན་པོ་ཨ་ཏི་ཤ་ཅིས་ཀྱང་གདན་མ་འདྲོངས་ན། དེའི་འོག་ནས་གང་ཆེ་བའི་པཎྜི་ཏ་གཅིག་གདན་དྲངས་ན་ཞེས་ཞུས་པས། ལོ་ཙཱ་བའི་ཞལ་ནས། དེ་འདྲ་སོ་སྒོར་མ་འདོན་ཅིག །དེར་སོང་ན་ཏ་ན་ནིང་ནས་པཎྜི་ཏ་གཅིག་ལས་གཅིག་ཆེ་ཉི་ཤུ་རྩ་གཅིག་གདན་དྲངས་ན་འདྲོངས་ཏེ། འོ་སྐོལ་བོད་ཀྱི་སེམས་ཅན་དེ་རྣམས་ཀྱི་སྤྱོད་གཤིས་རྒྱུད་མེད་དམ། མགོན་པོ་ཨ་ཏི་ཤ་མ་གཏོགས་པ་གཅིག་གིས་ཀྱང་སེམས་ཅན་མི་ཐུལ་བས། ད་རུང་ཨ་ཏི་ཤ་གདན་ཅི་འདྲོངས་བྱེད་དགོས་གསུངས། འོ་ན་པཎྜི་ཏ་ཡོད་པ་ཅི་འདྲ་ཡོད་ཞུས་པས། པཎྜི་ཏ་གནམ་གྱིས་ས་བཀབ་པ་འདྲ་བ་མང་པོ་ཡོད། འདི་ལྟར་རིགས་པའི་ཁུ་བྱུག །ནཱ་རོ་པ། ཌོཾ་བྷི་པ། མར་མེ་མཛད་བཟང་པོ། ཨ་ཝ་དྷཱུ་ཏི་པ། བྱང་ཆུབ་བཟང་པོ། ཤནྟི་པ། རིན་ཆེན་བཟང་པོ། རིན་ཆེན་སྡེ། རྣམ་དག་གཙུག་གི་ནོར་བུ། རི་བོ་བཟང་པོ། ཟླ་བའི་ནོར་བུ། ཀུན་ཏུ་བཟང་པོ། ལྷའི་བློ་གྲོས། ཡེ་ཤེས་བྱང་ཆུབ། ངག་གི་དབང་ཕྱུག་གྲགས་པ། ནག་པོ་པ། འཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། རྒྱ་མཚོ་མཐའ་ཡས། ལྷུན་པོ་བརྩེགས་པ། གངྒཱའི་ཆུ་རྒྱུན། སྐར་མའི་རྒྱལ་པོ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཡེ་ཤེས་གསང་བ། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན། ཀླུ་དབང་རྒྱལ་པོ། སྤྲིན་གྱི་ཤུགས་ཅན། གླང་པོ་ཆེའི་དཔལ། བསམ་གྱིས་མི་ཁྱབ་པའི་བློ་གྲོས། གདུང་བ་སེལ་བ་ཚུལ་ཁྲིམས་དབང་པོ་ལ་སོགས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཙམ་ཡོད་ཀྱང་ཐམས་ཅད་རང་ས་རང་ནས་ངོ་མཚར་ཆེ་མོད། འོ་སྐོལ་ལ་མགོན་པོ་ཨ་ཏི་ཤ་མིན་པས་ཕན་མེད་གསུངས། འོ་ན་ངེད་ལ་མགོན་པོ་ཨ་ཏི་ཤ་སྟོན་པར་ཞུ་ཞེས་ཞུས་པས། ལོ་ཙཱ་བའི་ཞལ་ནས། འོ་སྐོལ་བོད་འདི་ལ་དབགས་གཅིག་ལས་མེད། ད་གཟོད་རྒྱ་དང་ཨ་ཏི་ཤ་གཉིས་མཐུན་པར་ཡོད་པར་སྣང་། ཁ་ཕྱོགས་ཡིན་ཟེར་ནས་འོང་བས། ཁྱོད་རང་ནངས་པར་བྷི་ཀྲ་མ་ལར་དགེ་འདུན་གྱི་ཀུན་དགའ་ར་བ་ཆེ་ཆུང་བར་གསུམ་འཚོགས་པས། དགེ་འདུན་སྟོང་ཕྲག་བརྒྱད་བརྒྱ་ཙམ་འོང་གིས། དེའི་ནང་ནས། ལྷམ་མེ་བ། ལྷང་ངེ་བ། ལྷན་ནེ་བ། ཕྱོགས་གང་ནས་བལྟས་ཀྱང་གཞན་ལས་ཁྱད་པར་འཕགས་པ། གྲལ་གང་དུ་བཞུགས་ཀྱང་མཛེས་པ་གཅིག་ཡོད་ཀྱི། དེ་ཨ་ཏི་ཤ་ཡིན་པས། དེ་ལ་ཉིན་དང་མཚན་དུ་གསོལ་བ་ཐོབ་གསུངས། དེ་ནས་ངེད་རྒྱ་བརྩོན་སེང་གཉིས་ཀྱིས་གནས་བརྟན་རཏྣ་ཨ་ཀ་རའི་དྲུང་དུ་ཕྱིན། ཕྱག་འཚལ། གསེར་སྲང་ཕྱེད་ཕུལ་ཏེ། རྒྱས་བསླབས་པ་བཞིན་དུ་ཞུ་བ་བྱས་པ་དང་། གནས་བརྟན་གྱི་ཞལ་ནས། དེ་ཤིན་ཏུ་ལེགས། ཚེ་དང་ལྡན་པའི་དེ་ཙུག་ཡིན། ངེད་འདིར་མི་ལ་བརྩེག་པ་མིན་ཏེ། པཎྜི་ཏ་གཞན་གྱིས་བོད་ཀྱི་སེམས་ཅན་མི་ཐུལ། འདི་ན་ཨ་ཏི་ཤ་མེད་ན་རྒྱ་གར་སངས་རྒྱས་བསྟན་པའི་འབྱུང་གནས་ཡིན་པ་ལ། འདི་སྟོངས་ན་སེམས་ཅན་སྤྱི་ཡི་བདེ་སྐྱིད་ཉམས་ནས་འགྲོ་བ་ཡིན་མོད། དེའི་རྒྱུ་མཚན་ཡང་རྒྱ་གར་གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་ལྡེ་མིག་ཨ་ཏི་ཤའི་ཕྱག་ན་ཡོད་པ་ཡིན། དེ་མ་གཏོགས་པ་ངེད་ཀྱང་བོད་ཀྱི་སེམས་ཅན་ལ་སྙིང་བརྩེ་ཞིང་། ཁྱད་པར་དུ་ཡང་བོད་ཀྱི་ཆོས་རྒྱལ་དེའི་མི་ནོར་མང་པོ་ཟད་པ་ངོ་གནོང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་རྒྱ་བ་ཡིན་པས། དེ་ལ་སོམས་ལ་འདིར་བརྩོན་འགྲུས་དང་སྙིང་རུས་དྲག་པོ་གྱིས་ལ་སངས་རྒྱས་ཀྱི་བསྟན་པ་རབ་འབྱམས་ལ་སློབ་གཉེར་གྱིས། ངས་ཀྱང་ཕྱོགས་ཐམས་ཅད་ནས་ཁྱོད་ཀྱི་ཕྱིས་སུ་ཅི་འགྲོ་བྱེད། ལར་ཁྱོད་བོད་རྒྱ་གར་བ་ལ་འདི་ལྟར་སེམས་པ་ངོ་མཚར་ཆེ། ཞེས་བྱ་བ་ལ་སོགས་པའི་གསུང་སྙན་པ་མང་པོ་བྱོན། ནངས་པར་ཚ་བའི་དུས་སུ་དགེ་འདུན་གྱི་ཀུན་དགའ་ར་བར། དགེ་འདུན་ཐམས་ཅད་གདུགས་ཚོད་ལ་འདུ་བའི་གྲལ་དུ། ང་ཡང་གནས་བརྟན་གྱིས་ཁྲིད་ནས་བསླབ་པའི་གྲལ་དཀྱིལ་ཞིག་ཏུ་བཞག །དེའི་དུས་སུ་ཁྱེད་ནི་གསེར་གླིང་ལ་སོགས་པ་གནས་ཆེན་པོ་རྣམས་སུ་བྱོན་ནས། ཕྱག་མ་ཕེབས་པར་གདའ་ནའང་། བདག་གིས་ཁྱེད་གྲལ་གྱི་དབུ་ལ་དགེ་འདུན་གྱི་ཚོགས་དཔོན་མཛད་ཅིང་ཡོད་སྙམ་པ་ལས། གཞན་གྱིས་མི་གོ་བ་དང་སྒྲོ་འདོགས་མ་ཆོད།
དེ་ནས་ལན་ཅིག་གྲལ་གྱི་དབུ་ལ། བླ་མ་རིགས་པའི་ཁུ་བྱུག་བགྲེས་ཤིང་བབ་ཆགས་པ། དང་བ་འདྲེན་ཅིང་དཔལ་འབར་བ་དེ་རི་རྒྱལ་ལྷུན་པོ་ལྟ་བུར་བཞུགས་ནས་སྣང་བས། རྩ་ན་ཡོད་པ་ཀུན་ལ་འདི་མགོན་པོ་ཨ་ཏི་ཤ་ལགས་སམ་ཞེས་ཞུས་པས། བོད་ཀྱི་ཚེ་དང་ལྡན་པ་ཅི་ཟེར། འདི་བླ་མ་དམ་པ་རིགས་པའི་ཁུ་བྱུག་ཅེས་བྱ་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་དངོས་སུ་བསླབས་པའི་མཁས་གྲུབ་བཟང་པོ་དེ་ལགས་མོད། ཤེས་སམ། ཨ་ཏི་ཤའི་བླ་མ་ཡིན་ཟེར། དེ་བཞིན་དུ་རྗེ་བཙུན་ཆེན་པོ་ནཱ་རོ་པ་དང་། ནག་པོ་པ་དང་། ཤནྟི་པ། རྒྱ་མཚོ་མཐའ་ཡས་ལ་སོགས་པ། རྒྱ་མཚོ་ལྟ་བུ་བྱིངས་ཆགས་པ་རྣམས་གྲལ་གྱི་དབུ་ལ་འདུག་པ་ལ་ཡང་། རེ་རེ་ལ་མཛུབ་གུ་བཙུགས་ཤིང་། ཡང་མགོན་པོ་ཨ་ཏི་ཤ་ལགས་སམ། ཞེས་ཞུས་པ་ལགས་ཀྱང་། ཅི་ཟེར་འདི་རྗེ་བཙུན་ཆེན་པོ་ནཱ་རོ་པ་ཞེས་བྱ་བ་དེང་སང་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཡིན། ཨ་ཏི་ཤའི་ཡང་བླ་མ་ཡིན་ཞེས་བྱ་བ་གཅིག་པུ་བྱུང་། གཞན་དུ་ན་བླ་མ་ཨ་ཏི་ཤ་ཡེ་མ་མཐོང་བས་ཤེས་པ་སྐྱོ་ཞིང་། འོ་ན་མགོན་པོ་དེ་གང་ན་བཞུགས། གང་ཞིག་ཡིན་ན་སྙམ་དུ་འཆད་མཁན་མ་བྱུང་བས་ཡིད་ཞུམ་པར་གྱུར།
དུས་རེ་ཤིག་བྷི་ཀ་མ་ལའི་རྒྱལ་པོ་དེ་ཁྲི་བཤམས་པའི་སྟེང་ན་འདུག་པ་ལ་པཎྜི་ཏ་ཆེ་ཆུང་གང་བྱུང་ཡང་ལྡང་བ་ཙམ་ཡང་མི་བྱེད་པར་སྣང་། དེ་ནས་གྲལ་ཐམས་ཅད་འཚོགས་པའི་རྗེས་སུ། མགོན་པོ་ཁྱེད་སྐུ་ལྟ་བས་ཆོག་མི་ཤེས་པ། རྒྱ་གར་བ་ལ་བལྟས་ན་རྒྱ་གར་བ་འདྲ་བ། བལ་པོ་དང་བོད་ལ་བལྟས་ན་བལ་པོ་དང་བོད་འདྲ་བ། སྐུ་གཟི་བརྗིད་ཆེ་ལ་ཞལ་འཛུམ་ཆགས་པ། ན་བཟའི་སྣུམ་བག་ཆགས་པ། ལྡེ་མིག་ཆུང་ཆུང་དུ་མས་སྐུའི་སྐེད་སོ་གང་བ། གཤེགས་བཞུད་བྱེད་ཙ་ན་སྐུ་འགྱིང་མི་བྱེད་པར་ལྕི་བོར་བྱེད་པ་ཞིག་ཕྱི་ནས་ནང་དུ་རྒྱངས་ཏེ་བྱོན་ཙ་ན། ཚེ་དང་ལྡན་པ་གཞོན་ནུ་མང་པོས་མདུན་ནས་བདུག་སྤོས་བཟང་པོའི་དྲི་འབུལ་ཞིང་། རྒྱལ་པོ་དེ་ཡང་ཁྲི་ལས་ལངས་ཏེ་ལྡང་བ་བྱེད་པ་དང་། རྒྱལ་པོ་ལངས་པ་དང་། པཎྜི་ཏ་དང་། རབ་ཏུ་བྱུང་བའི་ཚོགས་རྣམས་ཀྱང་ལྡང་བ་བྱས་ནས། གྲལ་གྱི་དཀྱིལ་སྟོད་ཅིག་ཏུ་བཞུགས་པ་མཐོང་། དེར་བདག་སྙམ་པ་ལ་ཐམས་ཅད་ཀྱིས་འདི་ལྟར་བཀུར་བསྟི་དང་ལྡང་བ་བྱེད་པར་གདའ་བ་གྲལ་མཐོ་རྒྱུ་མི་སྣང་། འདི་ཡང་འདི་ཡི་རྒྱུད་དམ། གནས་བརྟན་ནམ། ངོ་མཚར་ཅན་སུ་ཞིག་ཡིན་ན། གྲལ་འདི་ཡི་བཞུགས་པ་མིན་ན་ནི། ཨ་ཏི་ཤ་རང་ཨེ་ཡིན་ནམ་སྙམ་སྟེ། ཡང་ཨ་ཏི་ཤ་ལགས་སམ་ཞེས་དྲིས་པས། ཅི་ཟེར་འདི་དཔའ་བོ་བཞད་པའི་རྡོ་རྗེ་ཞེས་བྱ་བ། གནས་ངེས་མེད་དུ་པཎྜི་ཏ་ཕྱོགས་མེད་པ་གཅིག་ཡིན་ཟེར། འོ་ན་འདི་ལ་ཡོན་ཏན་ཅི་ཙམ་ཡོད་ཅེས་དྲིས་པས། འདིའི་ཡོན་ཏན་གྱི་ཚོད་ངེད་ཀྱིས་མི་ལོན་ཟེར་ནས་འཆད་དུ་མ་ཉན།
དེ་ནས་བདག་གིས་གཙུག་ལག་ཁང་གི་སྒོ་དྲུང་ཞིག་ཏུ་ཤེས་རབ་སྙིང་པོ་འདོན་པའི་མེད་ཀྱི་ཐད་ཀ་ན་མར་ལ། གཟུགས་ན་ཧི། ཚོར་བ་ན་ཧི། བྱས་པས་པཎྜི་ཏ་གཞན་རྣམས་ཅང་མི་ཟེར་བ་ལ། ལན་གཅིག་ཇོ་བོ་བྱོན་པས། ཞལ་འཛུམ་མཛད་ནས་བཞུགས་ཏེ། ཚེ་དང་ལྡན་པ་ཧོར་ཆེ། འོ་ན་ཡང་འཕྲལ་སྐད་ཡིན། གཟུགས་ཨ། ཚོར་བ་ཨ་ཟེར་བ་ཡིན་གསུངས། དེར་བདག་གི་རྟོག་པ་ལ་འདི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་པཎྜི་ཏ་ཁྱད་པར་དུ་འཕགས་པ་གཅིག་སྣང་། བཅམ་པ། ཐུགས་རྒྱལ་ཆུང་བ། དང་བ་འདྲེན་པ། གང་ལ་གང་གི་སྐད་དུ་ཕན་པའི་གསུང་འབྱོན་པ་ཇོ་བོ་མ་འདྲོངས་ཀྱང་། འདི་ཅིས་ཀྱང་གདན་ཨེ་འདྲོངས་ཞིག་བྱེད་དགོས་སྙམ་མོ།།
ནངས་པར་ཡང་གཟུགས་ཨ། ཚོར་བ་ཨ་བྱས་ཙམ་ན། ཡང་ཇོ་བོའི་ཞལ་མཛུམ་མཛད་ནས། ཚེ་དང་ལྡན་པ་དེ་ལ་ཡང་གྱོང་པོ་གཅིག་ལས་མི་ཡོང་བར་སྣང་། མགོན་པོ་སྤྱན་རས་གཟིགས་ཀྱི་གསུང་ཡིན། དེ་ལ་ཡང་ངན་རྒྱུ་ཅང་མེད། གཟུགས་མེད། ཚོར་བ་མེད་བྱས་པས་ཆོག་གསུངས། དེར་བདག་ལྷག་པར་དུ་ཡང་དད་པ་སྐྱེས་ནས། ཕྱི་ལ་ཞུགས་ནས་ཕར་ཕྱིན་ཙ་ན། སྤྲང་པོ་མང་པོ་གཅིག་ལ་གཏོར་མན་དང་། ལྷ་བཤོས་མང་པོ་སྟེར་གྱིན་སྣང་། དེར་སྤྲང་པོ་ཀུན་ལ་འདི་མགོན་པ་ཨ་ཏི་ཤ་ཡིན་ནམ་ཞེས་དྲིས་པས། སྤྲང་པོ་ན་ར། ཅི་ཟེར་འབིར་བ། བོད་ལ་ཨ་ཏི་ཤ་མི་སྐུར། ངེད་མགོན་མེད་རྣམས་ཀྱི་ལྟོ་སྐལ་མི་བཅད། ཨ་ཏི་ཤ་འདི་མིན། ཆེན་པོ་གཅིག་ཕག་ན་ཡོད་ཟེར། ཡང་ནངས་པར་ཨ་ཏི་ཤས་སྤྲང་པོའི་ཚོགས་ལ་ཟས་བྱིན་པ་ན། སྤྲང་པོ་ཕྲུ་གུ་གཅིག་གི་སྐལ་བ་ཆད་པས། སྤྲང་ཕྲུག་དེ་ཨ་ཏི་ཤའི་ཕྱི་ལ་རྒྱུག་ཅིང་། ཨ་ཏི་ཤ་བྷ་ལ་ཧོ་འོ། བྷ་ཏ་འོན། བྷ་ཏ་འོན། ཟེར་གྱིན་ཕྱི་ལ་རྒྱུག་པ་མཐོང་བ་ན། འདི་མགོན་པོ་ཨ་ཏི་ཤ་ཡིན་ངེས་པར་སྣང་སྙམ་ནས། བདག་ཡུས་ཀྱི་བསྣངས་ཏེ། མིག་མཆི་མས་གང་བཞིན་དུ་ཇོ་བོའི་ཕྱི་ལ་རྒྱུགས། དེ་ནས་ཟམ་པ་ལ་ལྷུང་བར་ཉེ་བ་དང་། ཁྱེད་བཞུགས་ནས་འདི་སྐད་གསུངས། ཨེ་མ་བོད་ཀྱི་ཚེ་དང་ལྡན་པ་བདེན། མཆི་མ་མ་འབྱིན། ཁྱོད་བོད་ཀྱི་རྒྱལ་བློན་འབངས་དང་བཅས་པ་ལ་ཁོ་བོ་གནོང་སྟེ་རིང་བ་མིན། འདི་ལྟར་ན་སོ་རྒས། ལྡེ་མིག་མང་པོ་འཛིན་པ་བྱུང་། ད་རུང་ཁྱོད་བློས་མ་བཏང་བར་ཡོད་པ་ཡིན་གྱིས། དཀོན་མཆོག་ལ་གསོལ་བ་ཐོབ། དེ་སྐད་གསུངས་པ་ཙམ་གྱིས་ཀྱང་། རེ་ཆེ་བ་དང་ཡུས་ཆེ་བའི་སྟོབས་ཀྱིས། མིག་མཆིས་མས་གང་ཞིང་གཏམ་མ་ཐོན།
དེར་ཇོ་བོས་མཆི་མ་དང་རིག་པ་བསང་བའི་མན་ངག་ཏུ་དཔུང་ཆེན་པོ་མཛད་ནས། པུ་ཏ་པོ་སོད། ངན་པ་ཅི་ཟེར་ཡིན་གསུངས་པས་བྲེད་པ་ལྟར་བྱས་ནས། མཆི་མ་སངས་པ་དང་། ཇོ་བོའི་ཞལ་ནས། རྡོ་རྗེ་གདན་ན་ཕར་འདེང་གསུངས་ནས་རྡོ་རྗེ་གདན་དུ་ཕྱིན་པ་དང་། དེར་བྱིས་པ་གཞོན་ནུ་མ་དར་གྱི་གོས་གྱོན་པ། ཤེལ་ཕྲེང་དང་དུང་ཕྲེང་བཏགས་པ། གཞུ་དཀར་ག་ཤར་གྱོན་པ། ལག་ན་ཤེལ་གྱི་མདའ་གཉིས་ཐོགས་པ་གཅིག་བྱུང་ནས། ད་མགོན་པོ་བོད་དུ་འབྱོན་པ་ཞུ། བོད་ཀྱི་ཚེ་དང་ལྡན་པ་འདི་ཀུན་ཡང་སྙིང་རྗེ་མོད། ཟེར་ཀྱིན་ཕྱག་འཚལ་ཞིང་འདུག་པས། བོད་སྐད་སྨྲ་བའི་བྱིས་པ་སྙིང་སྡུག་པོ་འདི་སུ་ཡིན་ན། གང་ན་ཡོད་ཇོ་བོ་ལ་དྲི་དགོས་སྙམ་ནས། བྱིས་པ་དེ་སོང་རྟིང་ལ་སུ་ཡིན་དྲིས་པས། ཇོ་བོའི་ཞལ་ནས། ཁྱོད་བོད་འདི་མགུ་བར་དཀའ། ནངས་པར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་མར་ལ་རྣལ་འབྱོར་མ་གར་ཐབས་སུ་ལིང་ངེ་བ་ཞིག་ཡོང་བར་ཡོད་ཀྱི་དེ་ལ་དྲིས་གསུངས་པས། ནངས་པར་དེར་བསྒུགས་ཙ་ན། རྣལ་འབྱོར་མ་ཁྲི་བསྟན་སྐེད་ལ་དཀྲིས་པ། ཌ་མ་རུ་ལག་ན་ཐོགས་པ། རལ་པས་དཔུང་སོ་ནོན་པ་གཅིག་གར་ཐབས་སུ་ལིང་ངེ་བྱོན། དེའི་མདུན་དུ་ཕྱིན་པས། ཁ་སང་གི་ལོ་རྒྱུས་དེ་རྣམས་དྲིས་པས། ཁྱོད་བོད་ཀྱི་མི་ངེད་རྒྱ་གར་བ་འདྲི་བ་ཟེར་ནས། ཞིབ་པོ་མི་འཆད་པར་ག་ཤེད་དུ་ཡུད་ཀྱིས་སོང་།
ཡང་ཇོ་བོ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གཤེགས་པའི་རྗེས་སུ། ཡང་ངས་འབྲངས་ཏེ་ཕྱིན་པས། ཇོ་བོ་བྱང་ཆུབ་ཆེན་པོའི་དྲུང་དུ་བཞུགས་པའི་གཡས་ན། ཁ་སང་གི་བྱིས་པ་དེ་སྣང་། གཡོན་ན་བུ་མོ་ལྗང་མ་གཅིག་སྣང་ནས། གཉིས་ཀའི་ལག་པའི་གྲུ་མོ་རེ། ཇོ་བོའི་ཞབས་པུས་མོའི་སྟེང་ན་བཞག་ནས་སྣང་བ་གཅིག་འཛུམ་ཞིང་ཟུར་མིག་ལྟ་ཞིང་སྣང་ལ། ཕན་ཚུན་གཅིག་ལ་གཅིག་ལྟ་བ་གཉིས་ཀྱི་དབུས་སུ་ཇོ་བོ་བཞུགས་པ་མི་འཐད་སྙམ་པ་དང་། བུ་མོ་དེ་ན་རེ། རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །རྒྱལ་བར་གནས་ཀྱང་མ་རྒྱལ་ལྟ་བུར་སྟོན། །རྒྱལ་བ་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ། །བྱིས་པ་ན་རེ། གང་དུ་རྒྱལ་བའི་རྣམ་ཐར་སྐྱོང་བ་ན། །བུ་མོ་ཁྱོད་ཀྱང་བདག་གི་ཁྱིམ་འོངས་ཤིང་། །བུ་དང་ཁོ་བོར་དཔལ་འབྱོར་སྤེལ་བ་དང་། །དགའ་བར་འགྲོགས་ཤིང་བར་ཆད་བསལ་འཚལ་ལོ། །ཧེ་ཧེ་ཇོ་བོ་ཡང་བོད་དུ་འབྱོན་རན་པའི་དུས་ཡིན། སྲིངས་མ་དྲོས་པའི་དུས་སུ། ཉིན་ཚིག་པ་འོང་བ་ཡིན་ཟེར་ནས། ཁོང་གཉིས་ག་ཤེད་དུ་སོང་། སྤྲུལ་པ་གཅིག་ཡིན་པར་ཤེས་ནས་མཐོང་ན་དགའ་ཞིང་འཕྲེང་བར་གྱུར་ཀྱང་ཇོ་བོ་ལ་ཞུས་པ། ཁ་སང་རྣལ་འབྱོར་མ་ལ་ཞུས་པས་ཀྱང་ཏིག་པ་གཅིག་མ་བྱུང་། དེ་རིང་ཡང་འདི་འདྲ། ལར་ཡང་བོད་ནས་འཕགས་ནས་ད་ལྟར་གྱི་བར་ཡན་ཆད་དུ་ཕན་འདོགས་ཀྱི་སྤྲུལ་པ་ཟམ་མ་ཆད་པ་གཅིག་བྱུང་བ་ལ། ཏིག་པ་གཅིག་མ་ཤེས་པས། རིམ་པར་ཞུས་པ་དེ་རྣམས་ཀྱང་གསུང་དུ་གསོལ། ཕར་གཤེགས་པའི་ག་ཆ་ཡང་མྱུར་དུ་མཛད་པར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། བྷི་ཀ་མ་ལའི་རྒྱལ་པོའི་ཕོ་བྲང་གི་ལྷོ་སྒོ་ན་བུ་མོ་རས་འཐག་པ་གཅིག་ཡོད་དེ་དེ་ལ་དྲིས་གསུངས་ནས། བདག་གིས་དེའི་རྩར་ཕྱིན་ཏེ་བྱུང་ཆས་རྣམས་བྱས་པ་དང་། མོ་དགོད་ཅིང་བྱས་ནས། མོ་ན་རེ། ཁྱོད་བོད་ལ་དགེ་བསྙེན་བཟང་པོར་གྲགས་པ་ཅན་ཇི་སྐད་བྱ་བ་ཡོད་ཟེར། བདག་གིས་དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ། མཁས་བཙུ་བཟང་གསུམ་འཛོམས་པ། བོད་དབུས་པ་ཡིན་པ་གཅིག་ཁམས་ན་བཞུགས་པར་གདའ་བྱས་པས། དེ་ཡི་རུས་པ་ཅི་ཡིན་ཟེར། དེ་འབྲོམ་སྟོན་པར་གྲགས་བྱས་པས། མོ་ན་རེ། འབྲོམ་མིན་བྷྲུཾ་ཡིན་ཨུ་པ་སི་ཀ་དེ། །དེང་སང་མདོ་ཁམས་ས་ཡི་ཆ་ན་ཡོད། །དང་པོ་བྱང་ཕྱོགས་རྩྭ་སྒྱེའི་ཕུག་ཏུ་བལྟམས། །ཨ་ཏི་ཤ་ཡི་སྲས་པོ་མ་ལགས་སམ། །ཁྱོད་ཀྱིས་མིང་རུས་གནས་གསུམ་ཤེས་བཞིན་དུ། །ང་ལ་དྲི་བའི་བསླུ་བྲིད་མ་བྱེད་ཅིག །དུས་རྣམས་རྟག་ཏུ་སྤྲུལ་པ་བསྟན་བཞིན་དུ། །ཧ་རེ་ལོང་གི་རྫུ་རྟགས་མ་བྱེད་ཅིག །ཟེར་ཞིང་གླུ་སྐད་བླངས་པ་དང་། ད་ངས་ཤེས་པར་སྣང་། བལ་པོ་རྫོང་གི་མི་རེང་དེ་ནས་བཟུང་སྟེ། སྨྱུག་ཁང་ནང་ནས་འདོན་མཁན། མཉན་པ། སྒོའི་ཕྲུ་གུ། སྒོ་སྤེའུ་ནང་གི་རྒྱ། ནངས་པར་གྱི་བོད་ཕྲུག །སྲང་ནང་གི་དྲང་སྲོང་། གྲོང་ཁྱེར་དབུས་ཀྱི་སྤྲང་ཕྲུག །ཤེལ་མདའ་ཐོགས་པའི་བྱིས་པ། ཁ་སང་གི་བྱིས་པ། བུ་མོ་གཉིས། ཐམས་ཅད་འབྲོན་སྟོན་པའི་རྣལ་འཕྲུལ་ཡིན་པར་སྣང་བ་ལ། རྒྱང་ཐོས་འདྲིས་མེད་ཀྱི་མི་ལ་དད་གུས་ཀྱི་ཞེན་པ་མ་སྐྱེས། ང་འོན་ལོང་དུ་སོང་བ་མ་གཏོགས་པ། དེ་མགོན་པོ་སྤྱན་རས་གཟིགས་ཡིན་པར་སྣང་བ་ལ། ཁོའི་དྲུང་དུ་ཕྱིན་ནས་གསོལ་བ་གཅིག་བཏབ་ན་དཀའ་ལས་ལ་མི་ཐུག་པ་ཡིན་ཏེ། ད་ནི་ཤེས་ནས་དད་པ་ཐོབ་པས། དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་རྗེས་གཟིགས་ཤིག་སྙམ་ནས་སེམས་ངལ་སོས་པར་གྱུར་ཏོ། །མགོན་པོ་ཨ་ཏི་ཤ་དེ་རིང་ངེད་གཉིས་པོས་འདི་ལྟར་སྙིང་ཐག་པའི་སྒོ་ནས་གསོལ་བ་བཏབ་ཀྱིས། ཐུགས་བརྩེ་བར་དགོངས་ནས་ཅིས་ཀྱང་འབྱོན་པར་ཞུ་ཞུས་པ་སྟེ། དེ་དག་གིས་ནི་ཞུས་པའི་རྣམ་ཐར་བཞག་པའི་ལེའུའོ།། །།
དེ་ནས་མགོན་པོ་ཨ་ཏི་ཤའི་ཞལ་ནས། ཁྱེད་ལོ་ཙཱ་བ་རྣམ་པ་ཤིན་ཏུ་མད། ཁ་སང་ནས་ལོ་ཙཱ་བ་བརྩོན་འགྲུས་སེངྒེ་ཡང་། ཁོ་བོ་ལ་གཏམ་ལོ་རྒྱུས་ཁ་སྐད་འཆད་ཀྱིན་ཞུ་བ་ཆེན་པོ་བྱེད་དུ་བྱུང་། དེ་ཐོས་ནས། རྒྱལ་པོའི་རྣམ་པ་དྲན་ཞིང་། ཁོ་བོ་ཡང་ཡིད་སྐྱོ་ཞིང་ཤེས་པ་འཕྲེང་། ལར་སྡིག་གི་རྒྱལ་པོ་དེ་སྙིང་རེ་རྗེ། འགྲོ་ས་དམྱལ་བ་མིན་པ་མེད། བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རེ་ཞིག་འོ་བརྒྱལ། འོན་ཀྱང་ད་ཚོད་དགའ་ལྡན་ན་སླེབས་ནས་ཡོད་ཏེ་མཆི། ཆོས་རྒྱལ་ལྷ་བཙུན་པ་ཤིན་ཏུ་མད། དུས་དང་རྣམ་པ་ཐམས་ཅད་དུ་ཁོ་བོས་སྦྱང་གསུངས་ནས། ཨ་ཏི་ཤ་ཡང་སྤྱན་ཆབ་མང་པོ་བྱོན། ད་བོད་ཀྱི་ཆོས་རྒྱལ་ཁུ་དབོན་རྣམས་ལ་བསམས་ལ། ལོ་ཙཱ་བ་རྣམ་པའི་དཀའ་སྤྱད་ལས་དོར་མ་སོང་བ་ཞིག་བྱ་གསུངས།
དེ་ནས་ཞག་གསུམ་ལོན་པ་ན་ལུང་བསྟན་གྱི་སྐབས་བཞིན་དུ། རྒྱ་བརྩོན་སེང་གི་ཁང་པར་ཞུ་བ་ཆེན་པོ་མཛད། དེ་ནས་ཇོ་བོ་ཆེན་པོས་ཐག་ཆོད་ཀྱི་ཞལ་བཞེས་མཛད། གོང་བཞིན་དུ་དོས་ཐམས་ཅད་མཻ་ཏྲིའི་གཙུག་ལག་ཁང་དུ་བོར་བ་དང་། གཙུག་ལག་ཁང་གི་གཉེར་གཏད་ཐམས་ཅད་བྱས་ཟིན་པ་དང་། འཕྲེང་བ་ཐམས་ཅད་ཐག་བཅད་ཟིན་པའི་སྟོབས་ཀྱིས། བོད་ཀྱི་ལམ་དུ་འཇུག་པར་ཆོས་པ་ན། ཁལ་དང་ཁུར་པོ་ལ་སོགས་ལང་ལིང་ཆེས་ན་ནི། གནས་བརྟན་རཏྣ་ཨ་ཀ་རས་ཚོར་གྱིས་དོགས་པ་དང་། དེ་དག་མེད་ན་ནི་དོས་དྲུག་ཅུ་རྩ་གཉིས་ཙམ་ཡོད་པ་མི་འདྲོངས་པར་གདའ། ནག་ཚོ་ཡང་ཐུགས་ལས་སུ་ཚུད་ནས་ཡོད་པ་ལ། ནུབ་ཅིག་ནམ་ཚུབ་ཚུབ་ཙ་ན་གཡག་སུམ་ཅུ་རྩ་གཅིག་དེད་པའི་འབྲོག་པ་འབྲོག་སྣམ་ལ་སྐ་རགས་བསྡམས་པ། ཞྭ་སྤྱི་རིངས་གྱོན་པ་ཕ་སྤད་གཉིས་བྱུང་ནས། ཀི་རྒྱངས་ཆེན་པོ་བྱས་ནས། མིས་མ་ཚོར་བར་ཁལ་ཐམས་ཅད་ལ་འུར་ཁོལ། ཡུལ་ས་ཐག་རིང་པོར་འགྲོ་བ་ལ་ཟེར་ཆས་དགོས་པ་ཡིན་ཟེར་ནས་ནི་ཕྱེད་ཡོལ་ཙམ་ན་ཁལ་ཐམས་ཅད་བོད་དུ་བཀལ་ནས་ཡོང་། ཆུ་བོ་གངྒཱ་ལ་སོགས་ལ་དེ་ཙུག་བྱས་ཆ་མེད། ནངས་པར་གནས་བརྟན་རཏྣ་ཨ་ཀ་རའི་དྲུང་དུ་ཕྱིན་ནས་ཇོ་བོས་ཞུ་བ་བྱས་ཏེ། གནས་བརྟན་ཆེན་པོའི་དྲུང་དུ་ཞུ་བ་ལ། བོད་ཀྱི་ཚེ་དང་ལྡན་པ་འདི་ལ། གནས་ཆེན་པོ་རྣམས་ཀྱི་གཙུག་ལག་ཁང་སྟོན་དགོས་པར་གདའ་བས་དེ་དག་ཏུ་མཆོད་པ་རེ་སྐྱེལ་དགོས་ཤིང་འགྲོ་བས་དེ་དག་གི་བར་དུ། སངས་རྒྱས་ཀྱི་བསྟན་པ་ལ་ཆོས་སྤྱོད་ཀྱིས་དུས་འདའ་ཞིང་། བདེ་བར་བཞུགས་པར་ཞུ་ཞུས་པ་དང་། གནས་བརྟན་གྱི་ཞལ་ནས་ཀྱང་། དེ་ལྟར་ཤིན་ཏུ་ལེགས། ངེད་ཀྱང་གཙུག་ལག་ཁང་རེ་རེ་ལྟ་ཞིང་། ཞག་ཤག་རྗེས་སུ་འཇུག་པར་ཞུ་ཟེར་ནས། གནས་ཆེན་མང་རབ་ཏུ་བྱོན་པའི་ཐ་མ་ལ། གནས་བརྟན་ཆེན་པོ། ངེད་མཻ་ཏྲིའི་གཙུག་ལག་ཁང་ན་ཕར་འགྲོ་བས། ཁྱེད་བཤུལ་ཐག་རིང་པོར་འོ་རྒྱལ་ཞིང་དུབ་པར་འགྱུར་ལགས་ཞུས་པས། གནས་བརྟན་གྱིས་ཀྱང་ད་ནི་བོད་དུ་གཤེགས་པར་སྣང་སྙམ་ནས། རྫི་རིག་ནས་ནག་ཚོ་ལ་གསུང་བྱོན་པ། བོད་ཀྱི་ཚེ་དང་ལྡན་པ་ཁྱོད་ང་ལ་སློབ་གཉེར་ལ་འོངས་པ་ཡིན་ཟེར་ནས། ངའི་པཎྜི་ཏ་རྐུར་འོངས་པར་སྣང་སྟེ། གཡག་གི་ར་བར་པཎྜི་ཏ་བཏང་བ་བཞིན་དུ། བོད་བ་ལང་དད་འདྲ་བའི་གསེབ་ཏུ་ཨ་ཏི་ཤ་བྱོན་ཀྱང་། ངན་པ་རེ་རེ་གཉིས་གཉིས་ཀྱིས་སྒྲོ་བསྐུར་འདེབས་པ་ལས། འགྲོ་དོན་གྱི་རླབས་མི་མཆི། འོན་ཀྱང་ད་ལན་པཎྜི་ཏ་མི་གཏོང་ཡང་ང་ལ་དབང་ཡོད་དེ། བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེ་ལ་ཤིན་ཏུ་སེམས་བརྩེ་བར་ཡོད་པ་དང་། བོད་ཀྱི་མི་ནོར་མང་པོ་གྲོན་པ་དང་། ཁྱོད་ཀྱང་ངའི་ཆོས་ཀྱིས་འབྲེལ་བའི་སློབ་མ་ཡིན་པས། ད་ལན་ལོ་གསུམ་སྤྱན་དྲོངས། དེ་ནས་ངའི་པཎྜི་ཏ་ཚུར་སྐྱོལ། དེ་ལ་ཚུར་སྤྱན་མ་དྲངས་ན་འོ་ཅག་གཉིས་དམ་ཚིག་མེད་པ་ཡིན་ནོ། །ཞེས་གསུངས་པ་དང་། གུང་ཐང་པའི་བསམ་པ་ལ་རྒྱ་བོད་གཉིས་ཀྱི་ས་ཐག་གི་ཁྱད་ལ་ལོ་གསུམ་པོ་དེ་ཕར་འགྲོ་ཚུར་འགྲོ་དང་ཡོམ་ཡོམ་རྣམས་ལ་འཛད། བོད་རང་དུ་ལོ་གསུམ་དུ་ལྷན་ནེ་བཞུགས་པའི་དབང་བྱས་ཀྱང་། དེའི་རིང་ལ་བོད་ཀྱིས་ཡོན་ཏན་གང་ཡང་མི་ཆོད། ལོ་གསུམ་ན་ཚུར་སྤྱན་དྲངས་ན་ནི། པཎྜི་ཏ་གདན་དྲངས་ཀྱང་དགོས་པ་ཆེན་པོ་མི་ཡོང་བར་སྣང་། གང་ལྟར་དྲག་གམ་སྙམ་ནས། བྱེ་སྟོངས་ཤིག་ཏུ་མཆི་མ་འབྱིན་ཅིང་བསྡད་པ་ན། རྟ་པ་གཞོན་ནུ་མ་དཀར་རྩེར་བ་ཞིག །ཤེལ་གྱི་འཁར་བ་གཅིག་ཐོགས་ནས། ཁོང་གི་རྩར་རྒྱངས་ཀྱིས་བྱུང་ནས། ཁྱེད་རབ་ཏུ་བྱུང་བའི་ཆ་ལུགས་ཤིག་འདི་ལྟར་སེམས་གདུང་བ་ཅི་ཉེས་ཟེར་བ་དང་། བྱུང་བཅས་རྣམས་ཞུས་པ་དང་། བྱིས་པ་ན་རེ། འཇིག་རྟེན་ན་ནི་ཕན་པར་སློབ་པ་དཀོན། །དེ་བས་དེ་ལ་ཉན་པར་བྱེད་པ་དཀོན། །བྱ་བ་ཡིན། ངས་བྱ་བ་ཞིག་བསླབས་ན་ཉན་པར་བཞེད་དམ་ཟེར་བ་ལ། ཁ་ཡིད་ནས་ཀྱང་འདི་འདྲ་བའི་རིགས་རྣམས་ལ་ཕྱག་འཚལ་བ་མ་བྱུང་། ད་ལན་ཕྱག་ཅིག་འཚལ་ནས་ཞུ་དགོས་སྙམ་ནས། ཕྱག་འཚལ་བ་དང་། ཁོ་ན་རེ། ཚུལ་ཁྲིམས་གོས་ཅན་ཇི་ལྟར་ངན་གྱུར་ཀྱང་། །ཐ་མལ་གཟུགས་ལ་ཕྱག་གི་མཆོད་མི་རིགས། །བྱ་བ་ཡིན། ཕྱག་མ་མཛད་པར་ཕན་བྱ་འདི་ལོངས། སྐབས་ཀྱི་དོན་ལ་ཁྱེད་དམ་ཚིག་མ་ཉམས་ལ། ཨ་ཏི་ཤ་ཇི་སྲིད་འཚོ་ཡི་བར་དུ་བོད་དུ་བཞུགས་པའི་ཐབས་ཤིག་བྱས་ན། ནངས་པར་བོད་དུ་འགྲོ་ཁར་གནས་བརྟན་རཏྣ་ཨ་ཀ་རའི་ཞབས་ལ་ཕྱག་འཚོལ་ལ། བདག་ཐུགས་ཀྱིས་འཛིན་པ་ཞུ་གྱིས་ལ་ཞབས་དབང་གཅིག་ཀྱང་ཞུས། མ་མཇལ་བར་སྐུ་ཁམས་བཟང་པོ་མཛོད་ཀྱི་ཞུ་བ་མཛོད། དེའི་དུས་སུ་གནས་བརྟན་འདི་སྐད་ཟེར་ནས་འོང་གི །ཁ་སང་བྱས་པ་བཞིན་དུ། པཎྜི་ཏ་ལོ་གསུམ་ན་ཚུར་སྐྱོལ། ལོ་གསུམ་ན་ཡོན་ཏན་ཅི་ཆོད་ཀྱིས་ལ་ཁྱེད་རང་དཔོན་སློབ་ལ་སྙུན་གཞི་ལ་སོགས་པ་མེད་པར་བྷི་ཀྲ་མ་ལར་སླེབས་པ་གྱིས་ལ་བྱོན། ཁྱོད་རང་ཡང་སློབ་གཉེར་གྱི་འཕྲོ་ཐམས་ཅད་ཀྱང་གྱིས་ཟེར་ནས་འོང་གི །དེའི་དུས་སུ་ཡང་ཞུ་བ་འདི་མཛོད། བླ་མ་གསུངས་པ་བཞིན་དུ་བགྱིད་ལགས། འོན་ཀྱང་ཞུ་བ་ཆེན་པོ་གསུམ་ཡོད་པ་ལ། གཉིས་ཁྱེད་ཀྱི་སྟེང་དུ་གཏོང་བར་ཞུ། གཅིག་ངའི་སྟེང་དུ་གཏོང་བ་ཞུ། དེ་ལ་བདག་གིས་ཇོ་བོ་སྤྱན་རས་གཟིགས་དང་། སངས་རྒྱས་བསྟན་པའི་གཙོ་བོ་གཉིས་ལ། གནས་བརྟན་ཆེན་པོའི་གསུང་འདི་འདྲ་ན། བོད་ཀྱི་གཤིས་ལུགས་འདི་འདྲ་བས། ཨ་ཏི་ཤ་ཕྱིར་རྒྱ་གར་དུ་སྤྱན་དྲང་ངམ། འོན་ཏེ་བོད་དུ་བཞུགས་ཞེས་གསོལ་བ་བཏབ་ཅིག །དེ་ཙ་ན་རྒྱལ་བ་ཡབ་སྲས་ཀྱི་ཞལ་ནས། རྒྱ་གར་དུ་གདན་དྲོངས་གསུངས་ན་རྒྱ་གར་དུ་གདན་དྲངས། བོད་དུ་བཞུགས་གསུངས་ན་བོད་དུ་བཞུགས། འོན་ཏེ་གང་ཡང་ལུང་མི་སྟོན་ན་ཡང་རྒྱ་གར་ཉིད་དུ་གདན་འདྲེན་པར་ཞུ། དེ་ཁྱེད་ཀྱིས་གནང་བ་མཛད་པར་ཞུ་ཞུས་པ་དང་། དེ་ཙ་ན་ཚེ་དང་ལྡན་པའི་སྟེང་དུ་འོང་གསུངས་པ་དང་། ཤིན་ཏུ་ཡིད་དགའ་ནས་ནངས་པར་དེ་ཁོ་ན་བཞིན་དུ་བྱུང་སྟེ། གནས་བརྟན་གྱི་ཞལ་ནས་ཀྱང་། ཚེ་དང་ལྡན་པའི་དེ་ཙུག་ཡིན། གསོལ་བ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་འདེབས་དགོས་པ་ཡིན། ཁོང་གིས་ལོག་པ་ག་ན་གསུང་། ཁོང་གི་ཞལ་ཚུར་སྐྱོལ་གསུང་ན་ཡང་ཚུར་སྐྱོལ། ཞོག་གསུང་ན་ཡང་ཞོག །ལུང་མི་སྟོན་ན་ཡང་ཚུར་སྐྱོལ། ཚེ་དང་ལྡན་པ། ཨ་ཏི་ཤ་མེད་ན་རྒྱ་གར་ས་བསྲོས་ནས་ཆ་བར་ཡོད་པ་ཡིན། དེ་ཅིའི་སླད་དུ་ཞེ་ན། སྡེ་མང་པོ་འཇིག །གཙུག་ལག་ཁང་མང་པོ་འཇིག །སྟོངས་ནས་འགྲོ། ཏུ་རུ་ཁའི་དམག་ཡོང་བར་ཡོད་པ་ཡིན། དེ་ལ་སོམས་ལ་ཁྱོད་སྐུ་འཁོར་དང་བཅས་པ་ཐམས་ཅད་གནོད་པ་མ་མཆིས་པར་འགྲོ་དོན་ལ་འབྱོན་པར་ཞུ། ཞེས་བཀྲ་ཤིས་བཞིན་དུ་ཐམས་ཅད་དགའ་གྱེས་བྱས་སོ།།
དེ་ནས་མཻ་ཏྲིའི་གཙུག་ལག་ཁང་སྒྲོལ་ནས། མཐའ་འཁོབ་ན་ཕེར་སླེབས་ཙམ་ན། དབང་ཕྱུག་དང་། ཁྱབ་འཇུག་དང་། ཤུད་བུ་སེར་སྐྱའི་བུ་རྒྱུད་རྣམས་ཀྱིས་ཚོར་ནས། གཅེར་བུ་པ་བཅོ་བརྒྱད་ཙམ་མུ་སྟེགས་ཀྱི་རྫུ་འཕྲུལ་གྱིས་ང་རྒྱལ་ནས། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་ཕྲག་དོག་པའི་ཕྱིར། དེ་རྫུ་འཕྲུལ་གྱིས་ལྷགས་ནས། རྒྱ་བརྩོན་སེང་དཔོན་གཡོག་གསུམ། གུང་ཐང་པ་དཔོན་གཡོག་བདུན། ངོ་བོ་དཔོན་གཡོག་ཉི་ཤུ་རྩ་ལྔ། མདོར་ན་དཔོན་གཡོག་སུམ་ཅུ་སོ་ལྔ་ལ་བར་ཆོད་བརྩམས་པ་ན། ཇོ་བོ་སྒྲོལ་མའི་བསྐྱེད་རིམ་གྱིས་རེངས་པར་བྱེད་པའི་ཇག་ཆིངས་མཛད་པས། ཐམས་ཅད་ལྡེར་ཚོ་བཅོ་བརྒྱད་དུ་སོང་། ཕྱིས་བལ་པོའི་མཐའ་འཁོབ་ཏུ་སླེབས་ཙ་ན། བདུད་དང་མུ་སྟེགས་ངན་པ་བསམ་པ་ངན་པས་གཞན་རང་ཕུང་བར་བྱས་པ་ཡིན་གསུངས་ནས། བྱེ་མ་ལ་འཇིག་པའི་སྔགས་བཏབ་ནས། ཚོང་པ་ལ་བསྐུར་ཏེ། ལམ་ཁ་ན་གཅེར་བུ་པ་འདི་འདྲ་བ་ཡོད་པས་དེ་རྣམས་ལ་བྱེ་མ་འདི་གཏོར། དེའི་དུས་སུ་ལངས་ནས་འོང་སྟེ་ཁྱོད་རྣམས་བྲེད་མི་དགོས། ངེད་ཀྱི་མུ་སྟེགས་བསམ་པ་ངན་པ་བཅིངས་པ་ཡིན་གསུངས། དེ་ནས་ཚོང་པ་རྣམས་ཀྱིས། དད་བཞིན་དུ་བྱེ་མ་ཁྱེར་ཏེ་གཅེར་བུ་པ་རྣམས་ལ་བཏབ་པས། ཐམས་ཅད་མིག་ཧུ་རུ་རུ་ཁྱོ་ར་རེ་བྱུང་ནས་ཚོང་པ་དག་ངེད་རྣམས་ལ་ཅི་བྱུང་བ་ཡིན་ཟེར་བ་དང་། ཚོང་པ་རྣམས་ཀྱིས་སྨྲས་པ། འགྲོ་བའི་མགོན་པོ་ཨ་ཏི་ཤ་ལ་བར་ཆོད་བྱེད་པར་བརྩམས་པས། མགོན་པོ་རེ་ཞིག་བཅིངས་ཏེ། དེང་སང་སྙིང་རྗེ་ཆེན་པོས་སླར་བཤིག་གོ །མུ་སྟེགས་རྣམས་ཀྱིས་སྨྲས་པ། ད་རུང་ཁོང་ལ་བར་ཆོད་བྱ་བར་ནུས་མོད་ཀྱི། ཁོང་ལ་ནུས་པ་ཡོད་བཞིན་དུ་བདག་ཅག་འདི་ལྟར་བཀྲོལ་བས། ད་ནི་ཁོང་གི་ཕྱོགས་སུ་བར་ཆད་གཞན་ཡང་བཟློག་པར་བྱའོ། །ཞེས་ཏེ་ལོག་སྟེ་སོང་ངོ་།།
དེ་ནས་དཔོན་གཡོག་རྣམས་ཀྱིས་བལ་པོར་མ་སླེབས་པའི་མཚམས་ཤིག་ཏུ་འབྲོག་པ་གཞོན་ནུ་མ་གཅིག་ཕད་བུའི་ཐུམ་ཐུམ་གཅིག་ཁུར་ནས་ཕྱི་ཟིན་ནས་བྱུང་། དེར་ཇོ་བོའི་ཞལ་ནས། ཁྱོད་ཁལ་མི་འདེད་པར་གར་ཕྱིན་གསུངས། བྱིས་པ་ན་རེ། ངེད་བོད་བྱོལ་སོང་གི་མི་བླུན་པོ་འདུལ་བ་ལ། ནོར་གཅིག་ཡོད་པ་དེ་ལི་ཡི་ཡུལ་དུ་བཞག་ནས་སྣང་། ཐམས་ཅད་མཁྱེན་པ་རང་ཡང་ཐུགས་མི་གསལ་བ་ཟེར། ཇོ་བོའི་ཞལ་ནས། བྱིས་པ་འདོད་ནག་ཅན། ཁོ་བོ་ཤེས་པ་མི་གསལ་བ་མིན། ལི་ཡུལ་གྱི་བདེ་སྐྱིད་ཐམས་ཅད་ཕད་བུ་རྩུབ་མོ་འདི་ལ་རེ་བ་ཡིན། ལི་ཡི་རྒྱལ་པོ་བདེ་བ་ཐམས་ཅད་དང་བྲལ། ད་ལིའི་རྒྱལ་པོ་ལ་བདེ་བ་མི་འབྱུང་། ལི་ཡི་རྒྱལ་པོ་རྒྱལ་པོ་ངན་པས་མི་བཀྲོངས་ན་རུང་། བྱིས་པ་ལིའི་རྒྱལ་པོས་འཕྲིན་ཡིག་ཅིག་བསྐུར་གསུངས། ཕད་བུའི་གསེབ་ནས་ཏ་ལའི་ལོ་མ་ལ་བྲིས་པའི་ཡི་གེ་གཅིག་ཕྱུང་ནས་ཨ་ཏི་ཤའི་ཕྱག་ཏུ་ཕུལ་བ་དང་། དེའི་ནང་ན་མར། འོད་དཔག་མེད་ཀྱི་ཞབས་དྲུང་དུ། །སྙིང་རྗེ་ཆེན་པོའི་ཕོ་བྲང་དུ། །ལིའི་རྒྱལ་པོར་གང་གསོལ་བའི། །དགེ་བའི་བློ་གྲོས་བདག་གིས་ནི། །གུས་པའི་ཡིད་ཀྱི་དབང་པོ་མ་ཉམས་པར། །གསང་བའི་བདེན་ཚིག་འདི་ཕུལ་བ། །པོ་ཏ་ལའི་ཕོ་བྲང་དུ། །རྗེ་བཙུན་སྤྱན་རས་གཟིགས་དབང་ལ། །གསང་བའི་བདག་པོས་མངའ་གསོལ་ནས། །མཐའ་འཁོབ་སྐྱེ་བོ་འདུལ་བའི་ཕྱིར། །འཇམ་དཔལ་རྡོ་རྗེ་མཛེས་པ་འདི། །ནོར་བུ་རིན་ཆེན་དུ་མ་ལས། །སྤྱན་རས་གཟིགས་ཀྱིས་མངོན་སུམ་དུ། །དཀྲོངས་བསྐྱེད་ཆེན་པོར་བཞེངས་པ་ལགས། །རབ་གནས་འོད་དཔག་མེད་པ་དང་། །རིགས་གསུམ་མགོན་པོས་དངོས་སུ་མཛད། །བདེ་བ་ཅན་དུ་སྤྱན་དྲངས་ནས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །འོད་དཔག་མེད་ཀྱི་ཐུགས་དམ་ཡིན། །ལྕང་ལོ་ཅན་དུ་སྤྱན་དྲངས་ནས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །རྡོ་རྗེ་འཛིན་པའི་ཐུགས་དམ་ཡིན། །པོ་ཏ་ལ་རུ་སླར་བྱོན་ནས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །སྤྱན་རས་གཟིགས་ཀྱི་ཐུགས་དམ་ཡིན། །མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། །རི་བོ་རྩེ་ལྔ་དག་ལ་བྱོན། །འཇམ་དཔལ་དཔའ་བོ་རང་བཞུགས་ནས། །མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། །མི་ལོ་ལྔ་བརྒྱ་བཞུགས་ཞེས་ཐོས། །དེ་ནས་ཨོ་རྒྱན་ཡུལ་དུ་བྱོན། །ཨིནྡྲ་བོ་དྷིས་ཐུགས་དམ་མཛད། །མཐའ་འཁོབ་འདུལ་བར་བྱིན་གྱིས་བརླབས། །མི་ལོ་ལྔ་བཅུ་བཞུགས་ཞེས་ཐོས། །དེ་རྗེས་ལྕམ་མོ་ལེགས་སྨིན་གྱིས། །ཨུ་རྒྱན་ཡུལ་དུ་ཐུགས་དམ་མཛད། །དེ་ནས་ཀླུ་མོ་རྣལ་འབྱོར་མས། །མི་ལོ་ལྔ་བཅུར་ཐུགས་དམ་མཛད། །དེ་ཡིས་ས་ར་ཧ་ལ་གནང་། །མི་ལོ་སུམ་ཅུར་ཐུགས་དམ་མཛད། །
དེ་ནས་ཀླུ་སྒྲུབ་སྙིང་པོ་ཡིས། །མི་ལོ་ཉིས་བརྒྱར་ཐུགས་དམ་མཛད། །དེ་ནས་ཙནྡྲ་ཀིརྟི་ཡིས། །མི་ལོ་བརྒྱ་ཙམ་ཐུགས་དམ་མཛད། །དེ་ཡིས་མཻ་ཏྲི་པ་ལ་གནང་། །མི་ལོ་ཉི་ཤུར་ཐུགས་དམ་མཛད། །དེ་ནས་ལི་ཡི་ཡུལ་དུ་བྱོན། །ཆོས་རྒྱལ་དཀོན་མཆོག་འཕེལ་གྱིས་ཀྱང་། །མི་ལོ་སུམ་ཅུར་ཐུགས་དམ་མཛད། །བདེ་སྐྱིད་ཐམས་ཅད་འདི་ལས་བྱུང་། །དེ་ནས་ཆོས་རྒྱལ་དམ་པ་དེས། །དགེ་བའི་བློ་གྲོས་བདག་ལ་བྱིན། །མི་ལོ་ལྔ་བཅུར་ལྷ་འདི་མཆོད། །ཉིན་མཚན་དུས་དྲུག་ཐམས་ཅད་དུ། །གུས་པ་ཆེན་པོས་གསོལ་བ་བཏབ། །དེ་ལ་བརྟེན་ནས་ལི་ཡུལ་དུ། །བཀྲ་ཤིས་བདེ་སྐྱིད་ཐམས་ཅད་བྱུང་། །དེང་སང་འདི་ཡི་སྤྱན་སྔ་ན། །གསོལ་བ་འདེབས་ཀྱིན་ཡོད་པ་ན། །ཆོས་རྒྱལ་ཁྱོད་ཀྱི་ཞབས་དྲུང་ནས། །སྤྲུལ་པའི་ཁྱེའུ་ཆུང་འདི་བཏང་སྟེ། །ཁོ་བོ་མཐའ་འཁོབ་འདུལ་དུ་འགྲོ། །སྤྱན་རས་གཟིས་ཀྱིས་བཞེངས་པ་ཡི། །མཐའ་འཁོབ་འདུལ་བའི་ལྷ་དེ་བསྐུར། །ཁ་བ་ཅན་གྱི་བྱང་ཕྱོགས་སུ། །ཀ་བ་བཅུ་ཕྲག་བཅུ་དང་ནི། །བཞི་བཅུར་ལྷག་པས་བཞེངས་པ་ཡི། །གཙུག་ལག་ཆེན་པོའི་ཕོ་བྲང་དུ། །ཁྱོད་ཀྱི་མཆོད་པ་ལས་ལྷག་པའི། །སྤང་སྤོས་ཤུག་སྤོས་རྒྱུན་མི་ཆད། །ཤང་ཤང་ཤུག་པའི་ནགས་ཁྲོད་མཛེས། །མེ་ཏོག་སྣ་ཚོགས་འདི་ལ་འབུལ། །ཡོན་ཆབ་ཆུ་བོ་རྒྱུན་མི་ཆད། །སྤང་ལྗོངས་མཛེས་པ་འདི་ལ་འབུལ། །རྒྱལ་སྲིད་བདུན་གྱིས་ཕྱོགས་ནས་བསྐོར། །འཁོར་ལོ་རྩིབས་བརྒྱད་འདི་ལ་འབུལ། །བཀྲ་ཤིས་སྐྱེ་བོ་ཕུན་སུམ་ཚོགས། །དགེ་འདུན་རྒྱ་མཚོས་འདི་ལ་མཆོད། །དེ་ཕྱིར་ལྷ་འདི་བསྐུར་ཞེས་བྱུང་། །ད་ནས་ལི་ཡི་རྒྱལ་པོ་དེས། །ཉིན་ལམ་བརྒྱད་དུ་འཕྲེང་བཞིན་བསྐྱལ། །ཤེས་པ་མ་དགའ་མཆི་མས་བརླན། །ད་ནི་ཁྱེད་ཀྱིས་ཚེ་རབས་སུ། །དཀོན་མཆོག་གསུམ་གྱི་སྐྱབས་འོག་དེར། །ཐུགས་རྗེའི་ལྕགས་ཀྱུས་བདག་བཟུང་ནས། །ཚོགས་གཉིས་དཔལ་གྱིས་བསྐྱང་དུ་གསོལ། །བྱ་བའི་སྤྲིང་ཡིག་གདའ་བ་དང་། །ཇོ་བོའི་ཞལ་ནས་ཀྱང་། ལི་ཡི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་ཐུགས་རེ་འཕྲེང་ཨང་གསུངས་ནས། ཐུགས་བརྩེ་མོ་མཛོད། དེ་ནས་འཕགས་པ་ཤིང་ཀུན་ཏུ་ཕྱག་ཕེབས་པ་དང་། དོས་དང་གཡག་ཁལ་ཐམས་ཅད་ཀྱང་དེ་ན་བསྡད་ནས། དོས་ཐམས་ཅད་རྩིག་པ་བྱས། ལྷ་བཙུན་པའི་བསུ་བ་རྟ་པ་གཙོ་བོ་མི་དྲུག་ཀྱང་དེ་ན་སླེབས་ནས། བོད་ཀྱི་ལུགས་ཀྱི་ཇ་ཐབ་ཆེན་པོ་དང་། གདན་གྱི་བཀོད་པ་བཟང་པོ་བཤམས་པ་དང་། དཀར་ཡོལ་ལ་སོགས་པ་སྣོད་སྤྱད་ཀྱི་བྱི་དོར་དང་། ལག་བདེ་བ་བདེ་བླག་ཅན་རྣམས་ཀྱིས་གུས་པའི་མདོངས་མང་པོ་དང་། བལ་མོ་གཞོན་ནུ་མ་མང་པོས་གླུ་གར་གྱིས་མཆོད་པ་དང་། འཕགས་པ་ཤིང་ཀུན་ལྟ་བས་ཆོག་མི་ཤེས་པ་དེ་གདའ་བ་སོགས་ལ་ཡ་མཚན་ཅན་རྣམས་གཟིགས་པས། ཇོ་བོ་ཤིན་ཏུ་མཉེས། དེ་ནས་ཇོ་བོ་ཏ་ལའི་བསིལ་གྲིབ་ལ་གདན་མཐོན་པོ་བཤམས་པའི་གོང་ལ་བཞུགས། ཇོ་བོའི་གཡས་སུ་རྒྱ་བརྩོན་སེང་གིས་དབུ་བགྱིས། གཡོན་དུ་བིརྱ་ཙནྡྲ་ལས་སོགས་པ་རྒྱ་གར་བ་རྣམས་ཀྱིས་བསྒྲིགས། དབུས་གྲལ་གཅིག་གི་མགོར་རྒྱལ་པོ་ཆེན་པོའི་སའི་སིང་གྷའི་བཞུགས་ཁྲི་བཤམས། གྲལ་ལ་འཁོད་ཟིན་པ་དང་། ཇ་བུར་འདྲེན་པ་གོ་ཆུ་རུག་བྱས་པ་ལས། ཇོ་བོ་ལ་བུར་དཀར་ཀ་ཏོ་ར་གང་དྲངས། དེ་ནས་མངའ་རིས་ཀྱི་གཙོ་བོ་སུམ་པ་བྱ་བས། དཀར་ཡོལ་འབྲུག་རྒྱབ་གས་ཆག་མེད་པ། རག་ཞབས་བརྟན་པོ་རིང་བརྒྱངས་པ་གཅུད་པ། གསེར་སྲང་ལྔ་ཙམ་རི་བ་གཅིག །ཇ་བཙོ་མས་མེར་གྱིས་བཀང་ནས།
རིན་ཆེན་འབྲུག་རྒྱབ་སྲང་ལྔ་རི་བ་འདི། །
ལྕེ་བདེ་དོན་གསལ་འགྲོ་ན་མགྱོགས་པ་ཡི། །
དཔག་བསམ་ཤིང་གི་བཅུད་དུ་རབ་དམིགས་ནས། །
བླ་མ་ཁྱོད་ལ་མཆོད་པར་འབུལ་བར་བགྱིད། །
ཅེས་གསོལ་བ་དང་། བཀྲ་ཤིས་རྟེན་འབྲེལ་འཛོམས། ཁོ་བོ་མེ་ཏོག་ཀྱང་ད་ལྟ་ཐོངས་གསུང་། དེ་ནས་གཙོ་བོ་དྲུག་པོས་ཆིབས་དཀར་པོ་མཐོང་སྨོན་རླུང་གཤིག་བྱ་བ། སྟེང་དུ་ཕྱིན་ན་ཤིང་རྟ་འདྲ་བ། བརྒྱུགས་ན་རླུང་འདྲ་བ། བལྟས་ན་མིག་ཁེབས་པ། རྟ་ངང་པ་གསེར་ལྡན་དང་མཚུངས་པ་གཅིག་གི་དཔྲལ་དུ་གཡུ་རྡོག་གཅིག །གསེར་སྦྲམ་གཅིག །མུ་ཏིག་གི་དྲ་བ་དྲ་ཕྱེད་རྣམས་བཏགས་ནས། མཐུར་མདའ་མགོ་རྒྱན་ལ་ཡང་རིན་པོ་ཆེའི་དུ་མ་ལ་གླང་པོ། མ་ཧེ། རྟ་མཆོག་ལ་སོགས་པའི་གཟུགས་ཀྱིས་བརྒྱན་པ་གཅིག །རྔ་རྔོགས་ཐམས་ཅད་ལ་ཡང་དར་ཁ་དོག་སྣ་ཚོགས་ཁ་རེ་ཙམ་བཏགས་པས། ཕྱིབས་སྒ་དང་ཕྱིབས་སྟན་ལ་ཡང་། མཛེས་པའི་རྒྱན་ཆ་དུ་མ་དང་། འཇམ་ཞིང་འབོལ་བའི་སྒ་གཡོགས་བཏང་བ་མཛད་ནས། མཐུར་མདའ་དར་ཡུག་དཀར་པོ་གཅིག་ལ་བྱ་སྟེ། ཇོ་བོའི་ཕྱག་ཏུ་ཡུལ། དེ་ནས་གཙོ་བོ་གཞན་ལྔ་པོས་ཀྱང་དར་ཡུག་དཀར་པོ་རེ་རེ་འཐེན། དེའི་དུས་སུ་ཨ་ཏི་ཤའི་ཞལ་ནས། རྟེན་འབྲེལ་ཐམས་ཅད་ཤིན་ཏུ་ལེགས། སྣོད་འདི་དང་བཅུད་འདི་གཉིས་འཛོམས། བཏུང་བ་འདི་ལ་ཅི་ཟེར་བ་ཡིན་གསུངས། དེར་ལོ་ཙཱ་བ་རྣམ་པའི་ཞལ་ནས། འདི་ལ་ཇ་ཟེར་བ་ལགས། བོད་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱི་བཏུང་བ་ཡིན། འདི་ཡི་ཤིང་བཟའ་རུ་མི་ཉན། བཙོས་ནས་ཁུ་བ་འཐུང་བ་ཡིན། འདི་ལ་ཡོན་ཏན་མང་པོ་ཡོད་ཅེས་ཞུས་པས། ཇོ་བོའི་ཞལ་ནས། འདི་བོད་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱི་བསོད་ནམས་ལས་བྱུང་བའི་དངོས་པོ་གཅིག་སྣང་། ཤིན་ཏུ་ཕུན་སུམ་ཚོགས་གསུངས། དེ་ནས་དེའི་ཉིན་པར་དཀོན་མཆོག་གི་ཕོ་བྲང་བཤམས་ནས་མཆོད་པ་ཅིག་མཛད་པ་ན། འབྲོག་པ་ཕ་སྤད་ཀྱི་ཕད་བུ་ཐུམ་ཐུམ་དེ། རྟེན་གསུམ་རྣམས་ཀྱི་རྩེ་མོ་ལ་བཞག་པས། མངོན་ཤེས་མེད་པ་རྣམས་ཅ་གེད་ཀྱིས་འབར་ཏེ། འབྲོག་པ་འདི་ལ་དབགས་གཅིག་ཡོད། རྟེན་གསུམ་གྱི་སྟེང་ན་ཡར་ལ་ཕས་ཁྲེས་དེ་འདྲ་འཇོག་པ། དེའི་ནང་ན་དངོས་པོ་དགའ་ཚད་གཅིག་ཡོད་ཀྱང་། སྣོད་འདི་ཡི་འཁོས་ཁའམ། དེ་མར་ལ་ཕོབ་ཟེར་བས། འབྲོག་ཆུང་ན་རེ། བཞུགས་པ་ཐོས་ཀྱང་ཕད་བུ་བཟང་། །སུ་ལ་ངན་ཡང་ང་ལ་བཟང་། །རྒྱ་མོ་རྣམས་ལ་དར་ཕད་མཛེས། །བལ་པོའི་ཐང་ལ་རས་ཕད་མཛེས། །འབྲོག་པའི་བུ་ལ་རེ་ཕད་མཛེས། །འབྲོག་པ་ང་ལ་དབགས་ཅིག་ཡོད། །ཕད་བུ་འདི་ལ་དཀའ་ལས་བྱས། །ད་ནི་མར་ལ་མི་དབབ་འཚལ། །འཕྱོར་པོ་མ་ལ་མི་དགོས་ཀྱང་། །འབྲོག་སྟོང་ཡུལ་དུ་དགོས་སུ་འོང་། །གཞན་ལ་མི་རེག་རྒྱང་རེ་འཇོག །སུ་ལའང་མི་སྐུར་ང་རང་འཁུར། །དཔག་ཚད་བརྒྱ་ལ་ཁྱག་གྱུར་ནས། །མདའ་རྒྱང་གང་ལ་ཐེག་སྟེ་མཆི། །ཧ་རེ་ལོང་ལ་ཆ་མེད་ཀྱང་། །མིག་ཤེས་ཅན་ལ་ལྟད་མོར་ཆེ། །ཟེར་ནས་རྟེན་གསུམ་གཞན་ལ་རེག་པར་མི་སླེབས་ཙམ་དུ་ནམ་མཁའ་ལ་ཆང་ངེ་བཞག །ཡང་གཞན་དག་རྣམས་ཡ་མཚན་དུ་གྱུར་ནས། ཁྱོད་ཀྱི་འདི་ན་ཅི་ཡོད་ཟེར་བས། འབྲོག་ཕྲུག་ན་རེ། མ་བསྐོར་དགུ་བསྐོར་རྒྱགས་ཕྱེ་ཡོད། །མི་ལག་བརྒྱུད་པའི་སྙིང་པོ་ཡོད། །སུ་ལའང་མ་བྲིམ་ང་མཁོ་ཡོད། །འབག་འབུག་མེད་པའི་མི་ཆུང་ཡོད། །འཁྱོག་འགུལ་མེད་པའི་ལག་པ་ཡོད། །གང་ལའང་མི་འཕོག་མདའ་གཞུ་ཡོད། །མ་འཚོགས་དགུ་འཚོགས་ལག་ཆ་ཡོད། །འདི་ན་མ་ཡོད་དགུ་ཡོད་དོ། །ཟེར་བས། ཐམས་ཅད་དགོད་ཅིང་། བྱིས་པ་ཆུང་ཆུང་གི་རྩེད་མོ་གཅིག་ཡོད་པར་སྣང་ཟེར་ནས། ཐམས་ཅད་ཀྱང་བདེན་པ་མེད་པར་འཛིན། དེ་ནས་ཤིང་ཀུན་རྒྱལ་པོས་འཚོ་བའི་ཡོ་བྱད་ཆེན་པོ་ཕུལ། བལ་པོའི་ཀྲི་ཤོ་བྷ་རོས་ཐག་རིང་པོ་ནས་བསུ་བ་བྱས། རང་གི་ཁང་བཟང་གི་ནང་དུ་སྤྱན་དྲངས། བསྙེན་བཀུར་མེ་ཏོག་དང་མཆོད་པ་ཕུལ་ནས། ཁོང་གི་སར་བཞུགས་པ་དང་། ཞག་གསུམ་པའི་ནུབ་མོ་མཆོད་པ་གཅིག་བཤམས་པ་ལ། རྒྱ་བརྩོན་འགྲུས་སེངྒེའི་ཞལ་ནས།
མགོན་པོས་དབུ་མཛད་སྐལ་ལྡན་ཀུན། །ང་ནི་བརྩོན་འགྲུས་སེངྒེ་སྟེ། །སེམས་ཅན་དོན་དུ་འབད་རྩོལ་བྱས། །རྒྱ་བོད་གཉིས་སུ་ལུས་རེ་སྟེ། །པོ་ཏ་ལ་དང་དགའ་ལྡན་ན། །ལུས་རེ་དེ་བཞིན་ཨུ་རྒྱན་ན། །ལུས་གཅིག་བོད་ཀྱི་ཕྱོགས་ན་ཡང་། །ཁམས་དང་འདམ་གནམ་ཕྱོགས་ན་རེ། །སྤྲུལ་པ་ཉག་གཅིག་སྙིང་པོ་མེད། །མུ་སྟེགས་ངན་སྔགས་སློབ་དཔོན་ནི། །ནོར་ཕྱིར་གཞན་ལ་གནོད་པ་སློབ། །ནོར་ཕྱིར་ཆོས་ཀྱི་གསེར་ཡང་འདོད། །ནང་པའི་བླ་མ་སྙིང་རྗེ་ཅན། །ཆོས་ཕྱིར་སྲོག་ཀྱང་གཏོང་བར་བྱེད། །མུ་སྟེགས་ལོག་ཡོན་མ་བྱུང་ན། །ཁྲེལ་གཞུང་མེད་པས་བུ་སྲོག་གཅོད། །ཆོས་ལོག་དེ་ལས་བཟློག་པ་ལ། །རྟོག་མེད་བྲམ་ཟེའི་རོ་འདྲ་བའི། །གཙང་མ་བརྙེད་ན་ལྷག་པར་མཁོ། །དེ་ཡང་དང་པོས་མ་བཟློགས་ན། །གཉིས་པ་འཚོལ་བ་མཆོག་ཏུ་མཁོ། །འདི་ཐབས་མཆོག་གྱུར་ཨ་ཏི་ཤ །ལམ་ལོག་རྡུལ་ཙམ་མ་འདྲེས་པ། །ཨ་ཏི་ཤའི་རྣམ་ཐར་ཡིན། །ད་ནི་ཨུ་པ་སི་ཀ་ཡོད། །ང་ནི་རང་བཞིན་གནས་སུ་འགྲོ། །མི་ལ་ཡིད་ཆེས་མི་སྐྱེ་བས། །ཤི་བ་སྐད་དུ་དུར་དུ་བསྐྱོལ། །ང་ནི་འོད་གསལ་སེམས་ཀྱི་ལུས། །འབྱུང་གནས་དེ་ལ་ཐིམ་ནས་འགྲོ། །རྒྱ་བལ་གཉིས་སུ་བྱ་བ་བྱས། །ཁ་བ་ཅན་དུ་གཅིག་གིས་ཆོག །ང་བདག་མངས་ན་འགྲོ་དོན་ཆུང་། །སྔན་ཆད་ཐམས་ཅད་བརྡ་ཆོས་ཡིན། །ང་ལ་ཡུ་མེད་མི་ཆོས་མེད། །རྒྱ་ལམ་སྲིད་པའི་བརྩོན་སེང་ཡིན། །སྤྲུལ་པའི་གཟུགས་ལ་བདེན་མ་འཛིན། །རྒྱ་དང་འདྲ་སྟེ་རིའི་སུལ། །བརྩོན་འགྲུས་ཆེ་སྟེ་ལམ་རིམ་ཡོད། །སེངྒེ་འདྲ་སྟེ་དཔའ་བར་བྱས། །ཉི་མ་བྱང་ན་ནག་ཚོ་སྟེ། །དབུ་རུ་བྱང་ན་དཀར་པོའི་གླིང་། །རྗེས་འབྲང་ཐམས་ཅད་འཕགས་པ་འདྲ། །ཉ་ཆང་སྒོག་པ་མི་འབྱུང་མོད། །ཟན་མར་ང་ལ་དཀར་གསུམ་རོལ། །ཁྱི་ཕག་སྤྱོད་པ་མི་འབྱུང་མོད། །ལྡུམ་རའི་ཚལ་ན་ལྷ་ཕྲུག་སྐྱིད། །བརྩོན་སེང་འཇའ་ཚོན་དཀར་པོ་གཅིག །ནམ་མཁའི་མཐོངས་ལ་ཡལ་ལོ་གྱིས། །རིག་པ་ལྷ་སྐུ་འོད་གསལ་གཅིག །ལྷ་ཕྲུག་མང་པོས་ཁྲིད་དོ་གྱིས། །བརྩོན་འགྲུས་སེངྒེའི་སྐབས་དོན་འགྲུབ། །དེ་ནས་བརྩོན་སེང་ཞི་བར་གཤེགས། །བློ་རིག་རྣམ་ལ་ཅི་ཡང་ཤར། །ཞེས་བྱ་བ་སྟེ། དེའི་ནུབ་མོ་གློ་བུར་དུ་བསྙུང་གཞི་དྲག་པོས་བཏབ་པ་ལ། ཐམས་ཅད་བྲེད་ཅིང་མྱ་ངན་དུ་ཞུགས། ཨ་ཏི་ཤ་ཡང་འཇིག་རྟེན་དང་མཐུན་པར་ཐུགས་ཁྲལ་ཆེན་པོ་མཛད། དེ་ནས་ཨ་ཏི་ཤའི་ཞལ་ནས། རྒྱ་བརྩོན་འགྲུས་སེངྒེ་ལ། ཁྱོད་བླ་མ་ངན་པའི་ཆོས་ལོག་དང་མ་ཐུག་གམ། མུ་སྟེགས་ངན་པའི་ངན་སྔགས་མ་བྱུང་ངམ། འདྲེས་ཁྱེར་ངན་པའི་ཆོས་ཀྱིས་མ་བསླད་དམ། ངན་སྔགས་ནག་པོའི་བརྔན་པ་མ་འཁོར་བ་མེད་དམ། ང་ལ་གསང་དུ་མི་འོས་པ་གསང་བ་མ་ཡིན་ནམ། ཅི་ད་ལྟ་ང་ལ་མྱུར་དུ་སྨྲོས། དེའི་ལན་དུ་རྒྱ་བརྩོན་འགྲུས་སེངྒེས་ཞུ་བ་འདི་ལྟར་མཛད་པ། ངས་མུ་སྟེགས་ནག་པོ་ར་ལུ་བྱ་བ་ལ། ངན་སྔགས་ནག་པོ་དགུ་སྦྱོར་བྱ་བ་གཅིག་བསླབས་པ་ལ། བརྔན་པ་གསེར་ཞོ་དོ་སྟེར་བར་བྱས་པ་ཡིན་ཏེ། ཞོ་གང་མ་འཁོར་བ་ལ་ཞུ་བ་བྱས་པས་ཁོ་ན་རེ། ཁྱོད་ཀྱི་གསེར་བསྡུད་པ་དེ་བཞུ་ལ་གསེར་དེ་བྱིན་ཟེར་བ་ལ། ངན་སྔགས་ཀྱི་རིན་ལ་གསེར་བསྡུད་བཞུས་ནས་སྟེར་བ་ལས། ཤི་བ་དྲག་སྙམ་ནས། བདག་གིས་སྟེར་མ་ནུས། ཡང་ཁྱེད་ལྟ་བུའི་མཁས་པ་བཞག་ནས། མུ་སྟེགས་ལ་ངན་སྔགས་ཞུས་པ་དེ། ཁྱེད་ལ་གནོང་སྟེ་ཞུ་མ་ནུས། ད་ཁོས་བསླབས་པའི་ངན་སྔགས་དེ་ང་ལ་ཡོད་པ་ལ། དེའི་བཟློག་པ་མེད་པས་བྱ་ཐབས་མ་བྱུང་། ཞེས་ཞུས་པས། ཇོ་བོའི་ཞལ་ནས། ང་འདྲ་བའི་ཐམས་ཅད་མཁྱེན་པ་ཡོད་བཞིན་དུ་མུ་སྟེགས་ངན་པ་ལ་ངན་སྔགས་སློབ་པ་མིན། ཞུས་ཀྱི་རྟིང་ལ་ཁ་སང་ནས་ང་ལ་ཚིག་སྤྲད་ན། འདི་བཟློག་པའི་ཐབས་ཡོད་པ་ཡིན་ཏེ། ད་ཨེན་གཅིག་འཕྱིས་ནས་སྣང་། ད་ཐམས་ཅད་ཀྱིས་བྲམ་ཟེའི་ཁྱེའུ་ཡི་རོ་ཡེ་མ་ཉམས་པ་གཅིག་ཚོལ་ལ་ཤོག །དེ་རྙེད་ན་རེ་ཞིག་བཟློག་ཏུ་བཏུབ་ཙམ་ཡིན་གསུངས། དེ་ནས་གྲུ་ལྷའི་གོ་ཆ་བྱ་བས་བརྟག་པ་མཛད་ཅིང་བཙལ་བས། བྲམ་ཟེའི་ཁྱེའུའི་རོ་རྙེད་པ་དེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། ཨ་ཏི་ཤས་སྒྲུབ་པ་མཛད་པ་དང་། གཟུགས་མེད་ལག་པ་རྐྱོང་བའི་ལྕགས་ཀྱི་སྦར་མོ་ཞིག་གིས། རྒྱ་ཡི་སྙིང་ཕྱུང་ནས་སོང་བ་ལ། ཨ་ཏི་ཤས་དེ་བབས་པས། མུ་སྟེགས་ནག་པོའི་གྲོང་དུ་སླེབས་ལ་ཉེ་བ་ན། ཁོ་འགྱེལ་ཅིང་རྡོག་པས་བརྫིས་ནས། སྙིང་ཕྲོགས་ཏེ་རྒྱའི་ཐུགས་ཁར་བཅུག་པ་དང་། སྙིང་ཐམས་ཅད་ཆག་པ་ཙམ་དུ་བྱུང་། ཡང་རྒྱའི་མལ་དུ་བྲམ་ཟེའི་རོ་བཅུག་ནས་སྒྲུབ་པ་མཛད་ཅིང་ཡོད་པ་ན། སྦར་མོ་རེ་བྱུང་ནས་བྲམ་ཟེའི་རོ་ཡི་སྙིང་ཕྱུང་ནས་སོང་། ད་བྲམ་ཟེའི་རོ་གཅིག་རྙེད་དམ་ལྟོས་བྱས་པས་མ་རྙེད། དེ་ནམ་ཕྱེད་ལོན་པ་ན། སྔར་བཞིན་ཐུགས་ཕྱུང་ནས་རྒྱ་གཤེགས་པ་དང་། རྒྱལ་པོའི་གནས་མལ་བསླད་པའི་ཤན་བབ་ཀྱིས་དོགས་ནས། སྤུར་དུར་དུ་བསྐྱལ་ཞིང་། ཤུལ་དུ་ནད་པའི་ཚབ་མ་བཞག །ནངས་པར་ཡང་དེ་ལ་སྨན་གཏོང་བ་དང་། མ་ཤི་བར་བསྐྱེད་བྱུང་བ་ལྟར་བལ་པོའི་ཐང་དུ་བྱོན། དེ་ཡང་བློའི་སྣང་ཚུལ་རིམ་པ་གཅིག་ཡིན།
གཞན་དེ་དག་དོན་ལ་མི་གནས་ཏེ། དེའི་དོན་ནི་བརྡ་ཆོས་ཡིན། དེ་ནི་འདི་ལྟར་མུ་སྟེགས་ཀྱི་སློབ་དཔོན་དང་། ནང་པ་སངས་རྒྱས་པའི་སློབ་དཔོན་གཉིས། དམིགས་ཡུལ་ཁྱད་པར་ཡོད་དེ། ནོར་དང་། གཞན་དོན་བྱང་ཆུབ་ལ་དམིགས་པའོ། །བསམ་པ་དང་སྙིང་རྗེ་ལ་ཁྱད་པར་ཡོད་དེ། བསླབས་པའི་བུ་ཡང་བསོད་པ་དང་། ཐུགས་རྗེ་ཀུན་ལ་སྙོམས་པར་འཛིན་པའོ། །དམ་པའི་ཆོས་ལ་སེམས་མི་སེམས་ཀྱི་ཁྱད་པར་ཡོད་དེ། དཀོན་མཆོག་གསུམ་གྱི་རྟེན་བཞུ་བའི་གསེར་ཡང་འདོད་པ་དང་། འདོད་པའི་ཕྱིར་ཆོས་གཅིག་ཀྱང་མི་སྟོན་པའོ། །ཡང་རྒྱའི་སྤུར་མེད་པའི་བྱེད་པ་ལ་རྣམ་པ་གསུམ་སྟེ། བལ་པོ་རྫོང་ཕན་ཆད་སྤྱན་རས་གཟིགས་ཀྱི་དངོས་ཀྱི་ཞིང་མ་ཡིན་པས། ཤི་ན་གཞན་གྱི་ནོར་འབྲེལ་བ་ལ། སྙིང་རྗེ་མེད་པའི་སྟོབས་ཀྱིས་ཧབ་ཤ་ཆེ་བ་དང་། བལ་པོ་རྫོང་ཚུན་ཆོད་ཐུགས་རྗེ་ཆེན་པོའི་ཞིང་ཡིན་པས། རང་གི་ཁང་པར་ཤི་ཡང་སྙིང་རྗེས་ཐེག་པ་ཆེ་བར་བྱས་ཏེ། གཞན་གྱི་ནོར་མི་འབྲེལ་བའི་བསམ་པ་བཟང་པོ་དང་། རྒྱ་བརྩོན་འགྲུས་སེངྒེ་སྤྲུལ་པའི་སྐུར་སྤུར་མི་མངའ་བས། ཡིད་ཆེས་པར་དཀའ་བའི་སྐྱེ་བོ་ལ་སྤུར་བསྟན་རྒྱུ་མེད་པའི་ཕྱིར། སྤུར་གནས་པོས་མཐོང་ན་ནོར་འབྲེལ་དུ་འོང་བས། སྤུར་སྦས་སོ་ཞེས་སྤུར་ཡོད་པ་མེད་པར་བྱས་པ་སྐད་དུ་བསྟན་པ་དང་། ནད་པ་བསྐྱེད་བྱུང་བ་སྐད་དུ་སྟོན་པ་བལ་པོའི་རྟོག་པ་བཟློག་པའི་ཕྱིར་ཏེ། ཐབས་ལ་མཁས་པའི་སྐྱེས་བུ་དམ་པ་དེ་དག་གིས་དྲང་དོན་གྱི་ཆོས་དཔག་ཏུ་མེད་པ་བསྟན་ནོ།།
དེ་ནས་ཇོ་བོས་ཀྱང་འཇིག་རྟེན་དང་སྒོ་བསྟུན་པའི་ཆེད་དུ། རྒྱ་བརྩོན་འགྲུས་སེངྒེ་མེད་པས་ཁོ་བོའི་ལྕེ་ཆད་གསུངས་ཤིང་ཐུགས་ཁྲལ་ཆེན་པོ་མཛད་པ་དང་། མུ་སྟེགས་པའི་མཐུ་བཟློག་པའི་མཐུ་མེད་པ་དང་། ད་དུང་སོ་སོ་སྐྱེ་བོ་ཙམ་དུ་སྟོན་པ་དང་། ཤིན་ཏུ་དཀའ་བ་བྲམ་ཟེ་གཙང་མའི་རོ་ཡོད་ན། མུ་སྟེགས་པའི་ངན་སྔགས་བཟློག་པར་སྟོན་པ་དེ། བྲམ་ཟེའི་རོ་གློ་བུར་དུ་རྙེད་པ་ཤིན་ཏུ་དཀའ་བ་བཞིན་དུ། དལ་འབྱོར་དང་སངས་རྒྱས་ཀྱི་བསྟན་པ་རྙེད་པར་དཀའ་བའི་བརྡ་དང་། དེ་ཡང་བྲམ་ཟེའི་རོ་ཤིན་ཏུ་གཙང་བས་རྙེད་པ་དཀའ་བ་དང་། བཀའ་གདམས་ཀྱི་རྣམ་པར་ཐར་པ་ཤིན་ཏུ་གཙང་བས་རྙེད་པར་དཀར་བ་དེ་དང་། རོ་ལ་རྟོག་པ་མེད་པ་དེ། ད་ལྟ་རྣམ་ཐར་གཙང་ཡང་བརྟུལ་ཞུགས་མཆོག་འཛིན་ལ་སོགས་པའི་རྟོག་པ་མེད་པར་དཀའ་བ་དང་། བྲམ་ཟེའི་སྙིང་གིས་ངན་སྔགས་བཟློག་པ་དེ། གཙང་མའི་བར་ཆད་ཟློག་པས་གཙང་མའི་ཆོས་ལ་བརྟེན་པའི་བརྡ་མཚོན་པའོ། །འདི་དག་ནི་བསམ་མི་ཁྱབ་པའི་རྣམ་པར་ཐར་པའོ།།
ཡང་གུང་ཐང་པས་ཐུགས་གསོ་བ་དེ་དང་། བླ་མས་ཁྱོད་ཀྱིས་ངའི་མྱ་ངན་བསངས་པ་མི་ཡོང་བྱ་བ་ལ་སོགས་པ་སྟོན་པ་དེ། དཔོན་སློབ་མི་ཆེ་ཆུང་ལ་སོགས་པ་ཐམས་ཅད་མགོ་ལྟག་ཕྱེད་པར་གྱིས་ཞེས་སྟོན་པ་དང་། ཐམས་ཅད་ལ་གོ་འདྲིས་ཁྱེར་བ་དང་མིག་ཆེ་མེད་པར་གྱིས་ཞེས་བྱ་བ་ལ་སོགས་པ་མཚོན་པའོ། །དེ་ནས་བལ་པོའི་ཐང་དུ་ཕྱགས་ཕེབས་ནས། ཆིབས་གླང་པོ་ཆེ་དཀར་པོ་མཐོང་སྨོན་བྱ་བ་དེ། བལ་པོའི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་ཕྱག་ཏུ་བཞག་ནས། རྒྱལ་པོ་ཆེན་པོ་ལ་གསུང་བྱོན་པ། རྒྱལ་པོ་ཆེན་པོ་ངའི་གླང་པོ་ཆེ་འདི་བོད་དུ་ཁྱེར་ན་བོད་ཀྱིས་མི་སོས། འདི་ཁྱོད་ཀྱིས་ཟུངས་ལ། ང་ཐང་འདིར་བྷི་ཧ་ར་ཞེས་བྱ་བའི་གཙུག་ལག་ཁང་གཅིག་བཞེངས་པས། དེའི་ས་རྡོ་ཐམས་ཅད་སྐྱེལ་བ་དང་། ཤིང་འདེགས་པ་ལ་སོགས་པ་བྱེད་པས་དེ་མ་ཡིན་པའི་འདི་ལ་ཞོན་པ་དང་། འཁོལ་བ་ལ་སོགས་པ་གང་ཡང་མ་བྱེད་ཅིག །གཞན་དུ་ན་བདེ་བར་གཤེགས་པའི་གསུང་རབ་དང་། སྐུ་གསུང་ཐུགས་ལ་སོགས་པའི་རྟེན་བསུ་བ་དང་། སྐྱེལ་བ་ལ་སོགས་པ་གྱིས་ཤིག །འདི་ཡི་སྟེང་ནས་དམག་མ་འཐབ་ཅིག །རྒྱལ་པོ་ཁྱོད་ཀྱིས་འདི་བཅངས་པ་ཙམ་གྱིས་ཕས་ཀྱི་རྒོལ་བ་རང་ཞི་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ཐང་བྷི་ཧ་རའི་གཙུག་ལག་ཁང་མ་ཚར་གྱི་རིང་ལ་འབྱོར་པ་ཅི་དང་ཅི་དགོས་པ་ཐམས་ཅད་འདི་ཡི་རིན་དུ་བྱིན་ཅིག །དེ་ནས་རྒྱ་གར་དང་བོད་གཉིས་ཀྱི་དགེ་འདུན་ལ་ས་གྲྭ་འཛུགས་པའི་རྒྱུ་བྱིན་ཅིག །ཁོ་བོས་བོད་དུ་དགེ་འདུན་མ་སྐྱོང་ན་མཐུན་རྐྱེན་སྦྱོར་ཅིག །དེ་ལ་བལ་པོའི་རྒྱལ་པོ་ཤིན་ཏུ་དགའ་ཞིང་དག་པའི་སྣང་བ་རྒྱ་ཆེན་པོ་ཐོབ་ནས། ཨ་ཏི་ཤའི་ཞབས་སྤྱི་བོས་བླངས་ཏེ་ཕྱག་འཚལ་ནས། ཐུགས་ལ་གང་ཅི་བཞེད་པ་ཐམས་ཅད་བསྒྲུབ་པར་དམ་བཅས་སོ།།
རྒྱལ་བུ་པདྨའི་འོད་དྲུང་དུ་ཕུལ་ནས་རབ་ཏུ་བྱུང་སྟེ། ཇོ་བོས་བོད་དུ་བྱོན་པའི་རབ་ཏུ་བྱུང་བ་རྣམས་ཀྱི་ཐོག་མ་ཡིན་ནོ། །ཇོ་བོས་ཀྱང་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་རྒྱ་བོད་ཀྱི་འགྱུར་བྱང་ཐམས་ཅད་དག་པར་སློབ་ཏུ་བཅུག་སྟེ། ཕྱིས་དགེ་བཤེས་གུང་ཐང་པ་ལ། ཇོ་བོ་ལུགས་ཀྱི་ཡོན་ཏན་ཐམས་ཅད་དག་པར་བསླབས་ནས། ཐང་བྷི་ཧ་ར་ཚར་བ་དང་། ཐང་བྷི་ཧ་རའི་མཁན་པོ་མཛད། མཚན་ཡང་ཇོ་བོ་ལྷའི་དབང་པོར་ཡོངས་སུ་གྲགས་ཏེ། མཁས་ཤིང་བཟང་བའི་མཐར་ཐུག་པར་གྲགས་སྐད་དོ། །དེ་ནི་འཕྲོས་པ་ཡིན།
དེ་ནས་ཨ་ཏི་ཤ་དཔོན་གཡོག་གིས་བལ་པོ་རྫོང་ལ་ཕྱགས་ཕེབས་པ་ན། ལྷ་བཙུན་པའི་བསུ་བ་རྟ་པ་སུམ་བརྒྱ་ཙམ་པ་གཅིག་གིས་གོས་དཀར་པོ་འབའ་ཞིག་གོན། རྒྱན་ཆ་ཐམས་ཅད་དཀར་པོ་འབའ་ཞིག་བྱས། བློན་པོ་ཆེན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས་དང་། ལྷའི་ཤེས་རབ་དང་། ལྷའི་སྲིད་འཛིན་ཞེས་བྱ་བཞི་ལ། དར་མདུང་དཀར་པོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་ཆུང་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ་དང་། པི་ཝང་དང་གླིང་བུའི་སྒྲ་སྙན་པ་མང་པོ་འཁྲོལ་བ་དང་། དཔོན་གཡོག་ཐམས་ཅད་ཀྱང་ངག་མཐུན་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱེད་པ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་རོ་ཞེས་བྱ་བའི་ཁ་བརྡ་བཟང་པོ་བྱེད་པ་དང་། ཨ་ཏི་ཤ་ལ་བསྡོ་བའི་ཕས་ཀྱི་རྒོལ་བ་ཐམས་ཅད་བདག་ཅག་གིས་གཞོམ་པར་བྱའོ་ཞེས་དཔའ་བསྐྱེད་པ་དང་། ཐམས་ཅད་རྟ་ལས་མི་འབེབས་པར་གྲལ་སྒོར་མོ་གཅིག་བྱས་ཏེ། དབུས་སུ་ཨ་ཏི་ཤ་དཔོན་གཡོག་འཁོར་དང་བཅས་པ་རྣམས་བཅུག་ནས། མི་རྟ་ཐམས་ཅད་ཀྱི་མགོ་བོ་ནང་དུ་རུག་གིས་བསྟན་བློན་པོ་ཆེན་པོ་བཞི་དབུས་སུ་འོངས། སྔོན་རྒྱལ་བློན་གྱི་དུས་སུ་མཁན་པོ་བོ་དྷི་ས་ཏྭའི་དྲུང་དུ། བློན་པོ་རིག་པ་ཅན་རྣམས་ཀྱིས་ཟོར་མའི་གླུ་བླངས་པ་ལྟར། བློན་པོ་རྣམས་ཀྱིས་གླུ་མཛད་པ་ནི། ལོ་ཞེས་བྱ་བ་གྲག་སྟོང་སྙན་པའི་གླུ་དབྱངས་ལོ། །ཨ་ཞེས་བྱ་བ་སྐྱེ་བ་མེད་པའི་གནས་ལུགས་ཡིན། །ལི་ཞེས་བྱ་བ་སྣང་སྟོང་ཟུང་དུ་འཇུག་པ་ཡིན། །མ་ཞེས་བྱ་བ་བྱམས་པས་འགྲོ་བ་ཡོངས་ལ་ཁྱབ། །བློ་བདེ་ཞེས་བྱ་བ་དེ་ཙམ་ཐུགས་ལ་བཞག་འཚལ་ལོ། །ཨ་ལ་ལོ་ཞེས་བྱ་བ་སྐྱེ་བ་མེད་ཀྱང་གཏམ་འདི་གསོན། །ཁྱེད་རྒྱ་གར་ཡུལ་ནས་བྱོན་པའི་མཁས་གྲུབ་པཎྜི་ཏ། །ཡིད་བསམས་པ་བཞིན་དུ་འགྲུབ་པའི་ནོར་བུ་རིན་ཆེན་ཏེ། །བོད་གསོལ་བ་འདེབས་པའི་རྟེན་དུ་བྱོན་པ་བཀའ་དྲིན་ཆེ། །གླིང་རྒྱ་གར་ཆོས་ཀྱི་དཔལ་འབྱོར་འདི་ན་མེད་ན་ཡང་། །དབྱར་ཚད་པ་མེད་དེ་ཆུ་མིག་བསིལ་བའི་མདངས་དང་ལྡན། །དགུན་གྲང་བ་མེད་དེ་སྤུ་རྒྱལ་རི་བོས་སྐྱིབས་ཏེ་དྲོ། །དཔྱིད་མུ་གེ་མེད་དེ་འབྲུ་སྣ་ལྔ་སོགས་འབྱོར་པས་ཕྱུག །སྟོན་བཀྲ་ཤིས་བདེ་བ་གཡུ་ལོ་བཀོད་པའི་ཞིང་ཁམས་འདྲ། །ཕྱོགས་གང་ལ་བསམས་ཀྱང་པཎ་ཆེན་ཞིང་འདིར་བྱོན་པ་ལེགས། །བླ་ཆེན་པོ་ཉི་ཤུ་དགུ་འདྲའི་ཟླ་བ་ནུབ་ན་ཡང་། །ལྷ་བཙུན་པ་སྤྲིན་མེད་ཉི་མའི་དཀྱིལ་འཁོར་ལྟ་བུར་བཞུགས། །འབངས་བསོད་ནམས་བསགས་ཏེ་རྗེའི་མངའ་ཐང་དཔལ་གྱིས་སྐྱིད། །རྗེ་བསོད་ནམས་བསགས་ཏེ་ཕྱོགས་ཀྱི་རྒོལ་བ་འོག་ཏུ་འདུས། །དུས་དེང་སང་པཎ་ཆེན་ཞིང་འདིར་བྱོན་པས་བསོད་ནམས་བསགས། །ངེད་ཡར་ལ་མ་རྒས་རྡོ་རྗེའི་བྲག་དང་འདྲ་སྟེ་བརྟན། །ངེད་མར་ལ་མ་གཞོན་རི་རྒྱལ་ལྷུན་པོ་འདྲ་སྟེ་བརྟན། །ངེད་སྙིང་སྟོབས་ཅན་གྱི་ལྷ་བཙུན་ཆེན་པོའི་དྲུང་ནས་འོངས། །ལུས་རྐང་པའི་མཐིལ་ནས་ཚངས་པ་མན་ཆོད་འདི། །སེམས་གུས་པའི་ཡིད་དང་བཅས་ཏེ་བླ་མ་ཁྱེད་ལ་འབུལ། །ལྷ་ཁྱེད་ཀྱི་འཕྲིན་ལས་གང་དགོས་ངེད་ཀྱིས་བསྒྲུབ་པར་བགྱི། །ད་སྐབས་སུ་བབས་པ་སླད་མའི་ཞུ་དོན་ལ། །རྗེ་རྒྱལ་པོའི་མངའ་རིས་མཐོ་ལྡིང་དཔལ་གྱི་གཙུག་ལག་དེར། །ཐུགས་མི་སྐྱོ་མི་བསྙེལ་རང་ཡུལ་ལགས་པས་འབྱོན་པར་ཞུ། །ལྷ་བཙུན་པ་བྱང་ཆུབ་འོད་དེ་ལྷ་དབང་བརྒྱ་བྱོན་ལྟར། །འཁོར་ཉེ་དབང་ལྟ་བུའི་བཀུར་གནས་བྱེད་ཅིང་ལྷམ་མེར་བཞུགས། །ལོ་ཨ་ལེ་མ་བློ་བདེ་ཨ་ལོ་ལ་ལོ་ཟླ། །
ཞེས་བློན་པོ་རྟ་པ་སུམ་བརྒྱ་དང་བཅས་པས་བསྐོར་ནས། རྗེའི་སྙན་དུ་སྙན་ཚིག་ཟོར་མའི་གླུ་དབྱངས་དེ་སྙན་དུ་གསོལ་བ་དང་། དུས་དེང་སང་སངས་རྒྱས་ཀྱི་བསྟན་པའི་མངའ་བདག་ཆེན་པོར་གྱུར་པ་འགྲོ་བ་ལྷ་དང་བཅས་པ་ཐམས་ཅད་ཀྱི་མཆོད་པའི་གནས་ཆེན་པོ། མགོན་པོ་ཨ་ཏི་ཤ་འཁོར་རྒྱལ་པོ་སའི་སིང་གྷ་ལ། བལ་པོའི་རྒྱལ་པོ་སྐྱེལ་ཐུང་བ་རྟ་པ་བརྒྱས་བསྐོར་བ་དང་། པཎྜི་ཏ་གཞན་ཕན་བཟང་པོ་དང་། པཎྜི་ཏ་བིརྱ་ཙནྡྲ་དང་། ལོ་ཙཱ་བ་ཆེན་པོ་གུང་ཐང་པ་ལ་སོགས་པ་རབ་ཏུ་བྱུང་བའི་རྟ་པ་སུམ་ཅུ་རྩ་ལྔས་བསྐོར་བ་རྣམས་ཀྱི་དབུས་ན། ཆིབས་པ་ཅང་ཤེས་མཐོང་སྨོན་ངང་པ་གསེར་ལྡན་དང་མཚུངས་པ་དེའི་སྟེང་ན། ཇོ་བོ་ཁྲུ་གང་ཙམ་གཅིག་སྒ་ལ་མ་རེག་པར་མཛད་ནས། སྐུའི་དཀྱིལ་འཁོར་བབས་ཆགས་པ། མཛེས་པ། ལྟ་ན་སྡུག་པ། འཇིག་རྟེན་ལྷ་དང་བཅས་པས་མཆོད་པར་འོས་པ། འཇིག་རྟེན་མཁྱེན་ཞིང་སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ་དེ་ཞལ་འཛུམ་པ་དང་བཅས། སཾ་སྐྲི་ཏའི་གསུང་འཁྲོལ་བ། རུས་ཆགས་པ། ཚིག་གི་ལྷད་མེད་པ། གསུང་གི་མདངས་ཆགས་པ། གསུང་གི་ངར་ཆགས་པ་དེ་ལ་དྲང་པོ་སྨྲ་བ་དེ་ཁྲོལ་མཛད་ནས། ཨེ་མ་ཧོ། ཨ་ཏི་ཨ་ཏི། ཕ་ལ་ཕ་ལ། ཤིན་ཏུ་བཀྲ་ཤིས། ཕ་ལ་ཧོའི། ཨཱརྱ་ཏ་ར། ཨརྱ་ཨ་ཙ་ལཱ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཤཱཀྱ་མུ་ནེ། གཟིགས། ལྷ་བཙུན་པའི་བློན་པོ་འདི་དག་ནི་དྲི་ཟའི་རྒྱལ་པོ་རབ་དགའ་ཕྱོགས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་དང་འདྲའོ། །འདི་དག་ནི་གནོད་སྦྱིན་ཁྲོས་པ་དང་འདྲའོ། །འདི་དག་ནི་སྲིན་པོ་ཁྲོས་པ་དང་འདྲའོ། །བོད་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཞིང་ཡིན་ཟེར་བ་བདེན་པར་སྣང་། འདི་འདྲ་བའི་འཇིགས་པ་ཐམས་ཅད་དུལ་བ། བསམ་ཞིང་གཉེན་པ། འདི་ལྟར་རྒྱན་དཀར་བ་གོས་དཀར་བ། ཚིག་ཐམས་ཅད་དམ་པའི་ཆོས་སུ་འབྱུང་བ། བློན་པོ་འདི་དག་གི་ལུགས་ཀྱིས། ཆོས་ཀྱི་རྒྱལ་པོ་ལྷ་བཙུན་པ་ནི་ལྷའི་དབང་པོ་བརྒྱ་བྱིན་དང་ཁྱད་པར་མེད་པར་བཞུགས་པར་ངེས་གསུངས་སོ།།
དེ་ནས་བློན་པོ་ཆེན་པོ་ལྷའི་དབང་ཕྱུག་གིས། ཇོ་བོའི་དྲུང་དུ་ཐལ་མོ་སྦྱར་ནས་འདི་སྐད་ཞུས་ཏེ། བསྟན་པའི་བདག་པོ་བོད་དུ་བྱོན་ལགས་སམ། །བདག་ཅག་རྣམས་ལ་བརྩེ་བར་བྱོན་ལགས་སམ། །ཨེ་མ་དུས་སུ་འདོམས་པར་བྱོན་ལགས་སམ། །ཤུལ་རིང་ལམ་ལ་བསྙེལ་བར་མ་གྱུར་ཏམ། །ཞེས་མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ་རྩ་ཕྱག་བཞི་བཅུ་པ་བྲིས་མ་ཐག་པ་གཅིག་ཕུལ་བ་དང་། མགོན་པོ་ཤིན་ཏུ་མཉེས་ནས། དེ་མ་ཐག་ཏུ་རབ་གནས་མཛད་ཅིང་། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །གཞན་ལ་ཕན་ཕྱིར་བརྩོན་པའི་གོ་ཆ་བསྣམས། །ཐུགས་རྗེའི་རང་བཞིན་དྲི་མེད་དཀྱིལ་འཁོར་ཅན། །འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། །དེང་སང་ཁོ་བོ་ཁྱེད་ཀྱི་ཞིང་འདིར་མཆིས། །ཐུགས་རྗེས་འགྲོ་བའི་དོན་དུ་བསྐྱབ་ཏུ་གསོལ། །ཞེས་གསུངས། དེ་ནས་བློན་པོ་ཐམས་ཅད་ཀྱིས་ཀྱང་རས་དཀར་པོ་དཀར་སེང་བ་རེ་ཕྱག་རྟེན་དུ་ཕུལ་ལོ། །དེ་ནས་མགོན་པོ་ཐུགས་དམ་གློད་དེ། བློན་པོ་ཀུན་ལ་ལན་མཛད་པ། ཁོ་བོས་ད་གཟོད་ཞིང་འདིར་སླེབས་པར་འོངས། །འཁོར་བའི་ནགས་སུ་བདེ་བ་མ་མཆིས་ནའང་། །ཤུལ་རིངས་ལམ་ལ་འབྱུང་བཞི་སྙོམས་པར་བྱུང་། །ཆོས་རྒྱལ་འཁོར་བཅས་གཞི་ལ་བདེ་ལགས་སམ། །དེ་ནས་ཐམས་ཅད་ངག་མཐུན་པར། ལྷ་ཆེན་པོ་གདུལ་བྱའི་དབང་གིས་འཇིག་རྟེན་གྱི་ཁམས་དུ་གཤེགས་ནའང་། ཕྱིས་དཀོན་མཆོག་གི་སྐྱབས་འོག་ནས་ལྷ་བཙུན་པ་ཆེན་པོས་དབུ་བགྱིས། བློན་འབངས་དང་བཅས་པ་བཀྲ་ཤིས་པར་ཡོད་ཅེས་བྱ་བའི་ཞུས་ལན་མཛད་ནས། མཚོ་མ་ཕམ་གྱི་འགྲམ། འབྲོག་སྨན་མོའི་ཀླུངས་སུ་ཕྱག་ཕེབས་པ་དང་། བོད་འབྲོག་མང་པོས་བསྙེན་བཀུར་དང་འབུལ་བ་བསམ་གྱིས་མི་ཁྱབ་པར་བྱས་པ་དང་། ཕྱོགས་དེར་བཞུགས་ཉམས་དགའ་ཞིང་ཡིད་ཆགས་པ་ཞིག་གདའ་བས་ཞག་བདུན་ཙམ་བཞུགས།
དེའི་དུས་སུ་དགེ་བཤེས་གུང་ཐང་པས་ཇོ་བོ་མཚོ་འགྲམ་ན་ཕར་བཞུད་པའི་རྗེས་སུ་འབྲངས་པ་ན། ཇོ་བོས་མ་ཕམ་ལ་དམིགས་ནས་ཆབ་སྦྱིན་གཅིག་མཛད་པ་ལ། མཚོའི་དཀྱིལ་ན་ཇོ་བོ་ཁ་སར་པ་ཎི་གཅིག་བཞེངས་ནས་གདའ་བའི་ཕྱག་གི་མཐིལ་ན་མར། ཧྲཱིཿདཀར་པོ་གཅིག་ལས་བདུད་རྩིའི་རྒྱུན་བབས་པ་ལས། མཚོ་མ་ཕམ་ཁེངས་པ་ཙམ་དུ་གྱུར་པ་དེ། ཡི་དྭགས་ཀྱི་རིགས་དཔག་ཏུ་མེད་པ་རྣམས་ཀྱིས་འཐུང་བས། ཐམས་ཅད་ཀྱི་ཡིད་ཀྱི་གདུང་བ་སེལ་བ་མཐོང་གསུངས། དེའི་ཚེ་མགོན་པོ་ཨ་ཏི་ཤས་མཚོ་མ་ཕམ་གྱི་འགྲམ་དུ་སླེབས་ནས་ཡོད་ཟེར་བ་དེ་མངའ་རིས་བསྐོར་གསུམ་ཕལ་ཆེར་དུ་གྲགས། ཇོ་བོ་བལ་པོ་ན་བཞུགས་པའི་དུས་སུ། ཇོ་བོའི་སྐུ་བསོད་ཆེ་དྲགས་པས་བལ་པོ་ཧ་སི་བྱ་བས་ཅུང་མ་ཐེག་པར། མངའ་རིས་ན་ཕར་ལ་རྣལ་འབྱོར་པ་འཁྱམ་པོ་བཏང་ནས། ལྷ་བཙུན་པ་ཟེར་བའི་མི་ཤེས་པ་དེས། ཨ་ཏི་ཤ་དགེ་སློང་མི་བཅུ་ཐམ་པའི་ཟ་ཟིའི་ཕྱིར་དུ་ཁུ་བོ་ལྷ་ཚངས་པ་འདྲ་བ་ཞིག་གར་ལོག་ལ་བསྐྱལ། དེ་ལ་མ་ཐུག་པར་བལ་པོ་ཧ་སི་གདན་དྲངས་ནས། བོད་དུ་དམ་པའི་ཆོས་བསྒྱུར་ན། ད་ཚོད་མི་ནོར་ཆོས་གསུམ་འཛོམས་པ་གཅིག་འོང་བར་ཡོད་པ་ཡིན་ཏེ། ད་ཨ་ཏི་ཤ་པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱི་གཙུག་གི་ནོར་བུ་ཡིན་པ་སྐད་ཟེར་ཙ་ན། འཁོར་རྒྱལ་པོ་གཤིས་ངན་གཅིག་ཁྲིད། བོད་ཀྱི་ལོ་ཙཱ་བ་ནོར་ཉན་པ་གཅིག་ཡོད་པ་དེ་བས་འཐུངས་པ་འདྲ་བ་གཅིག་བྱས། ཞོན་པ་དགའ་ཚད་གཅིག་སྣང་བ་དེ་བལ་པོའི་རྒྱལ་པོས་ཕྲལ། གློ་བུར་གྱི་འཁོར་ཅ་ལེ་ཅོ་ལེ་མང་པོ་གཅིག་ཁྲིད། ལྷ་བཙུན་པའི་མི་ནོར་དེ་ཙམ་གཅིག་ཟད་པས་མ་ཆོག་པར། ཡང་གར་མ་གཉིས་ན་ཟན་བསོད་འདེད་ཅིང་ཡོད་དོ། །དེ་ལ་ཆོས་རང་ཅི་འདྲ་གཅིག་འོང་ངམ་ཞེས་བསྒྲགས་པས། མི་ཆེ་དགུ་རིམ་དགུས་གཏམ་དེ་ཐོས་ནས། ཐམས་ཅད་ཀྱིས་ལྷ་བཙུན་པ་ལ་གྱོད་བརྡལ། ཨ་ཏི་ཤ་སྙན་པའི་གྲགས་པ་རྒྱང་ནས་ཆེ་བ་ཡིན་པ་ལ། ཚུར་བྱོན་ནས་ལྷ་བཙུན་པ་ལ་མི་གཤེ་བ་གཅིག་ཡོད་ཐང་བ་ལ་ཡིན་པ་ལ། ཅི་ཙམ་པའི་ནོར་གཅིག་ཟད། ད་ཨ་ཏི་ཤ་དེ་ཅི་འདྲ་སྣང་རང་བལྟ་དགོས་ཟེར་ནས། པཎྜི་ཏ་གང་ན་མར་ཡོད་པའི་གཏམ་ཉན།
དེ་ནས་མངའ་རིས་མཐོ་ལྡིང་གི་གཙུག་ལག་ཁང་དུ། བློན་པོ་ཆེན་པོ་ལྷའི་བློ་གྲོས་རྟ་པ་སུམ་ཅུ་ཐམ་པ་སླེབས་ནས། ལྷ་བཙུན་ཆེན་པོའི་དྲུང་དུ་ཞུ་བ་མཛད་པ། ཐམས་ཅད་མཁྱེན་པ་བལ་པོར་ཕྱག་ཕེབས་ནས། བལ་པོའི་རྒྱལ་པོས་བསུ་བ་མཛད་པ། བལ་པོའི་ཆེ་དགུ་ཐམས་ཅད་ཀྱིས་རྟ་དང་། ཤིང་རྟ་དང་། གླང་པོ་ཆེ་དང་། དཔུང་བུ་ཆུང་གིས་དང་། གླུ་པ་དང་། གར་པ་དང་། རོལ་མོ་དང་། སྙན་ངག་མཁན་དུ་མ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། ལྷ་གཅིག་མ་དང་། མཆོད་པའི་ལྷ་མོ་སྣ་ཚོགས་ཀྱིས་རྔ་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། པི་ཝང་དང་། གླིང་བུ་དང་། དུང་ལ་སོགས་པ་རོལ་མོ་ཐམས་ཅད་ཀྱིས་གཅིག་ནས་གཅིག་ཏུ་བསུ་བ་དང་། བསྐྱལ་བ་དང་། མཆོད་པ་དང་། བཀུར་སྟི་མཛད་པ་ནི་སྔར་རྫོགས་པའི་སངས་རྒྱས་ལ་ཡང་། དེ་འདྲ་བྱུང་བའི་སྐད་མི་གདའ་འོ། །
ལྷག་པར་དུ་བལ་པོའི་རྒྱལ་པོའི་སྲས་རབ་ཏུ་བྱུང་ནས་མཚན་ལྷའི་དབང་པོར་གསོལ་ཏེ། ཡབ་སྲས་གཉིས་ལ་རྟ་པ་བརྒྱའི་ཚོགས་དང་བཅས་ཤིང་། ཇོ་བོའི་ཕྱགས་ཕྱི་ལ་མཆིས་སོ། །ཇོ་བོའི་ཆིབས་པ་གླང་པོ་ཆེ་མཐོང་སྨོན་ཞེས་བྱ་བ། བལ་པོའི་ཐུང་བྷི་ཧ་ར་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་པ་དང་། རྒྱ་བོད་ཀྱི་རབ་ཏུ་བྱུང་བ་ལ་ས་གྲྭ་འཛུགས་པའི་ཆ་རྐྱེན་ལ་བལ་པོའི་རྒྱལ་པོ་ལ་བཞག་པས། རྒྱལ་པོས་ཀྱང་རང་གི་བུས་དབུ་གཙོ་བོ་བྱས་པའི་ལུས་ལོངས་སྤྱོད་ཐམས་ཅད་ཨ་ཏི་ཤའི་ཕྱག་ཏུ་ཕུལ་ལོ། །དེང་སང་མཚོ་མ་ཕམ་གྱི་འགྲམ་ན་ཕྱགས་ཕེབས་ནས་ཡོད་དེ། ཐམས་ཅད་མཁྱེན་པ་དེའི་འཁོར་ན། པཎྜི་ཏ་གནམ་གྱིས་ས་བཀབ་པ་འདྲ་བ་གསུམ། གུང་ཐང་པས་དབུ་མཛད་པའི་བསླབ་པ་གསུམ་ལ་མཁས་པའི་སྡེ་སྣོད་འཛིན་པ་སུམ་ཅུ་ཐམ་པ། རྒྱལ་པོ་ཆེན་པོ་སའི་སིང་གྷ་ཞེས་བྱ་བ། རྒྱ་གར་ནུབ་ཕྱོགས་ཧྲིལ་པོའི་སའི་བདག་པོ། དྲག་ཕུལ་ཆེ་ལ་གཟི་བརྗིད་རྒྱས་པ། རིག་པའི་ངར་གཏུམ་ལ་བག་ཞི་ཆེ་བ། འཇིག་རྟེན་དབང་དུ་སྡུད་པའི་མཐུ་ཡོད་ཀྱང་། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས། ཨ་ཏི་ཤ་ཐུགས་དམ་ཟབ་མོ་ལ་བསྐུལ་བའི་རྐྱེན་མཛད་དུ་བྱོན་པ་དེ་ལ་རྒྱལ་པོའི་རྒྱལ་པོས་ཀྱང་འོག་ཏུ་འཛུད་ཅིང་བཏུད་པ། དེའི་སྟོབས་ཀྱིས་བལ་པོའི་རྒྱལ་པོ་ཡང་དེ་ལ་བསྐོར་ཏེ། མདོར་ན་བསུ་སྐྱེལ་གྱི་རྟ་པ་བཞི་བརྒྱ་ཉི་ཤུ་རྩ་ལྔ་ཙམ་མཚོ་མ་ཕམ་གྱི་འགྲམ་ན་བཞུགས་ནས། བོད་འབྲོག་བསམ་གྱིས་མི་ཁྱབ་པས་འབུལ་བ་དང་བསྙེན་བཀུར་བྱེད་པ་དང་། ཆོས་ཞུ་བ། སྐུ་ཡི་དཀྱིལ་འཁོར་ལྟ་བས་ཆོག་མི་ཤེས་པ། དེ་ལ་དད་གུས་ཀྱིས་བལྟ་བ་དང་། གསུང་གི་དཀྱིལ་འཁོར་འཇིག་རྟེན་ཐམས་ཅད་ཀྱི་ཡིད་འཛིན་པ་དེ་ལ་གུས་པས་ཉན་པ་དང་། སྐུ་ལུས་ལ་རེག་པ་ཙམ་གྱིས་ཉོན་མོངས་པའི་གདུང་བ་སེལ་བ། དེ་ལ་བྱིན་རླབས་ཞུ་བའི་ཕྱིར་དུ་འདུ་འཚོགས་བྱེད་ཀྱིན་ཡོད་དེ། རིང་པོར་མི་ཐོགས་པར་ཡང་གླིང་གསེར་གྱི་ལྷ་ཁང་དུ་འབྱོན་པར་ཡོད་པས། ཐུགས་དགྱེས་པར་ཞུ་ཞེས་ཞུས་པ་དང་། ལྷ་བཙུན་པ་ཆེན་པོ་དགྱེས་པ་མཐར་ཐུག་ནས། ངས་དད་གུས་མ་ལོག་པར་གསོལ་བ་རྒྱུན་དུ་བཏབ་པས། ཡུན་རིངས་སོང་སྟེ་ལྷ་གཅིག་དང་མཇལ་བ་ཡིན། མདང་རྨི་ལམ་ན། ནུབ་ཕྱོགས་ན་ཉི་མའི་དཀྱིལ་འཁོར་ཆེན་པོ་ཤར་ནས་བྱུང་བ་དང་། ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་འདྲ་བ་གཅིག་ཤར་ནས་བྱུང་བས། དེ་གཉིས་ལྷན་གཅིག་ཏུ་འཚོགས་མ་ཐུག་ཏུ་སྤྲིན་དང་ས་ཚུབ་ཀྱི་ཚོགས་ཐམས་ཅད་རང་སར་དེངས། སྐར་ཚོགས་ཐམས་ཅད་ནམ་གུང་བཞིན་དུ་གྲ་མ་ཉམས་པས། ཉི་ཟླ་གཉིས་ལ་འདུད་ཅིང་སྣང་བ་རྨིས། ད་ཟླ་བ་དེ་ང་ཡིན་ནམ་སྙམ་ན་ཡང་། ད་དུང་ཤར་གྱི་ཕྱོགས་མ་གི་ནས་བྱུང་བ་སུ་ཡིན་ཆ་མེད་དེ། གང་ཡིན་ན་ཡང་དེས་གོ་གཅོད་པར་སྣང་། རྨི་ལམ་གྱི་བལྟས་ཀྱང་ཤིན་ཏུ་བཟང་གསུངས།
དེ་ནས་རྟ་པས་ཉིན་ཤད་མཚན་ཚད་ལ་བཏང་ནས་ཡང་གླིང་གསེར་གྱི་ལྷ་ཁང་དུ། སྲང་དང་། ལམ་དང་། བཞི་མདོ་དང་། ཁང་པ་ཐམས་ཅད་ལ་བྱི་དོར་བྱེད་དུ་བཅུག །གཞན་ཡང་བླ་རེ་དང་། གདུགས་དང་། དར་གྱི་ཡོལ་བ་བྲེལ་བཅུག་སྟེ། དེའི་ནང་ཐམས་ཅད་དཀོན་མཆོག་གི་རྟེན་གསུམ་དང་བ་དང་འདྲེན་པ་དང་། དེ་དག་གི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཡང་བཤམ་དུ་བཅུག་གོ །གཞན་ཡང་ཇོ་བོ་ལ་བསུ་བ་བྱེད་པ་དང་། ཐམས་ཅད་མིས་ཁེངས་པར་བྱ་བའི་ཕྱིར་རྟ་པའི་ཁྲོམ་དང་། རོལ་མོ་མཁན་དཔག་ཏུ་མེད་པ་དང་། ལྟད་མོ་བའི་ཚོགས་སྡུད་པ་ཡང་བྱེད་དུ་བཅུག་གོ །གཞན་ཡང་མངའ་རིས་སྐོར་གསུམ་ཐམས་ཅད་དུ་ཡང་གསེར་ཡིག་པ་བཏང་སྟེ། ཇོ་བོའི་སྙན་པ་རྒྱ་ཆེན་པོ་བསྒྲགས་པ་དང་། ཇོ་བོ་ལ་བསུ་བ་བྱེད་པའི་ཕྱིར་ནོར་རྫས་དང་རོལ་མོ་མཁན་པོ་གཡབས་པ་དང་། སྡེ་དགོན་གྱི་རབ་ཏུ་བྱུང་བ་ཐམས་ཅད་གཡབས་སོ།།
དེ་ནས་ཇོ་བོ་ཡང་གླིང་གསེར་གྱི་ལྷ་ཁང་དུ་ཕྱག་ཕེབས་པའི་དུས་སུ། སྐྱེ་བོའི་ཚོགས་ཐམས་ཅད་ན་རེ། ལྷ་ཁུ་དབོན་གྱི་མི་ནོར་ཟས་གསུམ་ཟད་པའི་པཎྜི་ཏ་དེ་རང་ཅི་འདྲ་གཅིག་སྣང་རང་ལྟའོ་ཟེར་ནས། ཇོ་བོ་ཕྱོགས་སུ་དཀའ་ལས་བྱས་དྲགས་པས་རེ་ཆེ་བ་དང་། ཅི་འདྲ་ཅིག་ཡོད་སྙམ་དུ་དོགས་པ་ཡ་མཚན་པའི་སྟོབས་ཀྱིས། གཞི་བྱེས་གཉིས་མངའ་རིས་ལམ་རིང་ཐུང་དུ། སྐྱེ་བོའི་ཁྲོམ་ཆེན་པོ་འདུས་ཤིང་ཇོ་བོ་ལ་བལྟས་པ་ན། བལ་པོའི་རྒྱལ་པོ་སུམ་ཅུ་རྩ་གསུམ་གྱི་ལྷ་འདྲ་བ་དེ་རྣམས་དང་། གུང་ཐང་པ་ལ་སོགས་པའི་སྡེ་སྣོད་འཛིན་པ་ཆེན་པོ་གནམ་གྱིས་ས་བཀབ་པ་འདྲ་བ་ཐམས་ཅད་ཀྱང་། པཎྜི་ཏའི་ཆ་ལུགས་སུ་མཛད་པ། དང་བ་འདྲེན་ཞིང་མིས་ཁེངས་པ་རྟ་པ་སུམ་ཅུ་རྩ་གསུམ་གྱིས་བསྐོར་བ་དེ་དང་། ལྷག་པར་དུ་ཡང་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་ཇོ་བོའི་གཡས་སུ་བཞུགས། པཎྜི་ཏ་བིརྱ་ཙནྡྲ་གཡོན་དུ་བཞུགས། པཎྜི་ཏ་ཡེ་ཤེས་སྒྲོན་མ་དང་། རྒྱལ་པོ་ཆེན་པོ་སིང་གྷ་གནོད་སྦྱིན་དང་སྲིན་པོ་ཡང་རྡོག་པས་བརྫི་བ་འདྲ་བ་དེ་གཉིས་ཀྱིས་ཇོ་བོའི་སྐུ་རྒྱབ་མདུན་གཉིས་ནས་བརྟེན་ཏེ། མདོར་ན་གཞི་བྱེས་ཀྱི་རྟ་པ་ལྔ་བརྒྱར་ཉེ་བ་ཙམ་རེས་བསྐོར་བའི་དབུས་ན། ཆིབས་པ་མཐོང་སྨོན་རླུང་གཤོག་ལ་ཁྲུ་གང་ཙམ་མ་རེག་པར། ཉི་མའི་དཀྱིལ་འཁོར་ལྟར་ལྷམ་མེ། ཡེ་རེ། ལྷོད་དེ། ཤིག་གེ་བར། ཡར་བགྲེས་མ་དྲགས་པ། མར་གཞོན་མ་དྲགས་པ། དང་བ་འདྲེན་པའི་སྒང་དུ་གྱུར་པ། གཙང་ཆོས་ནས་འབྱུང་བ་བཞིན་དུ། པཎ་ཆེན་གྱི་དབུ་ཞྭ་ཤིན་ཏུ་མཛེས་པ་དེ། ནམ་མཁའི་མཐོངས་བསྙེག་པ། དགེ་སློང་སུམ་ཅུ་རྩ་བཞི་ཐམས་ཅད་ལྟ་སྤྱོད་ན་བཟའི་ཆ་ལུགས་ཐམས་ཅད་ཁྱད་པར་མེད་ནའང་། ཇོ་བོའི་ན་བཟའ་རྡོ་ཚོས་མ་དེ་སྣུམ་ཞིང་དྲི་ཞིམ་པ། འོད་ཀྱི་མདངས་ཆགས་པ། སྐུ་ཡི་དཀྱིལ་འཁོར་ཐམས་ཅད་ནས་བག་དྲོ་བ། ཟིལ་ཆགས་པ། ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ། དཀར་བ་ལ་ཅུང་ཟད་སེར་བའི་མདངས་ཆགས་པ། སྐུ་ལུས་དྲ་ཞིང་མཛེས་པ། སྐབས་ཕྱེད་པ། ཕྱག་དང་སོར་མོ་ཐམས་ཅད་ཟླུམ་ཞིང་རྒྱས་པ། བྱིན་གྱིས་ཕྲ་བ། དབུ་སྐྲ་ནག་ལ་སྣུམ་པ། མཚམས་ཕྱེད་པ། དཔྲལ་བའི་དབྱེས་ཆེ་བ། ཐམས་ཅད་ནས་བལྟས་ན་འཛུམ་ཆགས་པ། སྨིན་མ་བཟང་ལ་མདངས་འབྲེལ་བ། སྣ་ཡི་གཟེངས་མཐོ་བ། ཞལ་གྱི་དཀྱུས་ལེགས་པ། མཆུ་ཡི་ཆག་ཐོན་པ། སྙན་ཤལ་རིང་ལ་མཛེས་པ། བག་དྲོ་བ་ཟིལ་ཆེ་བ། ཡང་དང་ཡང་དུ་བལྟ་སྙིང་འདོད་པ། དང་བ་འདྲེན་པའི་སྟོབས་ཀྱིས་བལྟས་ན་མིག་བསྡུ་མི་ཤེས་པ། གསུང་འཁྲོལ་ལ་སྙན་པ། གསུང་ཆེ་ལ་དྲང་བ། གྱབ་གྱིབ་མི་མཛད་པ། དམ་པའི་ཆོས་ཀྱི་གསུང་ཁོ་ནར་འབྱོན་པ། དད་པ་ཡེ་མེད་པ་དག་གིས་དྲུང་དུ་ཕྱིན་ཀྱང་། དད་པ་གློ་བུར་དུ་སྐྱེ་ཞིང་རྒྱུད་དུལ་ཏེ་འགྲོ་བ།
མདོར་ན་ཕྱོགས་གང་ནས་བལྟས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འདུད་པ་ལྟར། ལྷམ་མེ་བ། ལྷན་ནེ་བ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དང་ལྡན་པ་གཅིག་སྣང་བ་དེ། སྐྱེ་བོའི་ཚོགས་སུས་མཐོང་ཡང་། མཐོང་མ་ཐག་ཏུ་སྐྱབས་སུ་མཆིའོ། །ཟེར་བ་ལན་གསུམ་གསུམ་ཐམས་ཅད་ཀྱི་ཁ་ནས་འབྱུང་ཞིང་། གཅིག་གིས་གཅིག་ལ་སྟོན་ཅིང་ཙག་སྒྲ་དེ་རེ་བྱས་ནས། ངོ་མཚར་རེ་ཆེ་འདི་ནི་མི་ཡེ་རང་མིན། སངས་རྒྱས་བཅོམ་ལྡན་འདས་སམ། དེ་ཨེ་ཡིན་ནམ། ཟེར་ཞིང་ཐམས་ཅད་རང་ས་ནས་ཤེས་པ་གཟུང་རྒྱུ་མེད་པར་སྐད་ཆེན་པོས་འབོད་དེ། སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས། རྒྱ་གར་ཆོས་ཀྱི་རྒྱལ་པོ། པཎ་ཆེན་ལྔ་བཅུ་རྩ་གཉིས་ཀྱི་གཙུག་གི་ནོར་བུ་རིན་པོ་ཆེ། མགོན་པོ་ཨ་ཏི་ཤ །སངས་རྒྱས་བསྟན་པའི་བདག་པོ། བདག་ཅག་བོད་ཀྱི་སེམས་ཅན་ལས་ངན་པ་རྣམས་ལ་ཐུགས་རྗེས་གཟིགས་ཤིག །མ་མཐོང་སྙན་པའི་གྲགས་པ་རྒྱང་ནས་ཆེ་ན་རེ་བདེན། བླ་མ་སངས་རྒྱས་རིན་པོ་ཆེ། བདག་ཅག་རྣམས་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། ཡོངས་སུ་གྲོལ་བར་མཛད་དུ་གསོལ། བླ་མ་སངས་རྒྱས། བླ་མ་སངས་རྒྱས། བླ་མ་སངས་རྒྱས། བདག་ཅག་རྣམས་ལ་ཐུགས་རྗེས་གཟིགས་ཤིག །ཁྱེད་ཀྱི་ཕྱོགས་སུ་དཀའ་ལས་བྱེད་པ། ལྷ་ཁུ་དབོན་ཤིན་ཏུ་མད་པར་སྣང་ངོ་། །བོད་ཀྱི་མི་ནོར་ཐམས་ཅད་ཟད་ཀྱང་འགྱོད་པ་མ་མཆིས། ཁྱེད་གདན་འདྲེན་པ་ལ་དཀའ་ལས་ཆེན་པོ་ཡོང་བ་རེ་བདེན། ད་ནི་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ། །ཞེས་དད་པ་ཕྱོགས་གཅིག་ཏུ་འུར་བ་དང་། མགོན་པོ་ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ནས། བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་བ། བླ་མ་སངས་རྒྱས་བསྟན་པའི་བདག་པོ། ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན། ཨེ་མ་ཕན་བདེའི་འབྱུང་གནས་བླ་མ་དཀོན་མཆོག་གསུམ། ངའི་གདུལ་བྱ་འདི་རྣམས་ལ་ཐུགས་རྗེས་གཟིགས་ཤིག་གསུངས་ནས། ཁྲོམ་ཐམས་ཅད་ལ་གཟིགས་ཤིང་བྱིན་རླབས་ཆེན་པོ་མཛད།
དེའི་དུས་སུ་མངའ་རིས་ཀྱི་ཡོན་བདག་མོ་ལྕམ་མེ་བྱ་བ་ན་རེ། བལ་པོ་ཧ་སུ་ལ་ཡང་པཎྜི་ཏ་ཟེར། འདི་ལ་ཡང་པཎྜི་ཏ་ཟེར་བ་ཨེ་ཡིན་ན། ལྷ་བཙུན་པ་ལ་ཡང་མི་ཟེར། ལུག་རྫི་ད་རེ་ལ་ཡང་མི་ཟེར་བ་ཨེ་ཡིན་ན་ཟེར་བས། ལྷ་བཙུན་པའི་ཨ་ནེ་ལྷ་གཅིག་མ་ཆོས་འབུམ་བྱ་བ་ན་རེ། བལ་པོ་ཧ་སུ་ཡང་པཎྜི་ཏ་རི་རྒྱལ་ཙམ་པ་ཡིན། འོ་ན་ཡང་མགོན་པོ་ཨ་ཏི་ཤ་དང་གཉིས་ཉི་མའི་འོད་ཟེར་དང་ནམ་ཕྱེད་ཀྱི་མུན་ནག་གི་མེ་སྒྲོན་གྱི་ཚོད་ཙམ་ཡིན། མཁས་པ་འདིའི་ཕྱོགས་སུ་ངའི་མིང་པོ་གསེར་གྱི་རི་རྒྱལ་ལྷུན་པོ་འདྲ་བ་གཅིག་གཤེགས་ཏེ། ང་སེམས་མི་ཁྲལ། མྱ་མི་ངན། མིང་པོ་དེའི་སྲོག་དང་། པཎྜི་ཏ་ཆེན་པོ་འདི་གཉིས་བརྗེས་པ་ཡིན་ཏེ། བལ་པོ་ན་ཧ་སུ། མངའ་རིས་ན་རིན་བཟང་། ཕྱོགས་ན་ང་ཆེ་ཟེར་བ་རྣམས་ལ་ངོམ་པ་ཡིན། ངའི་ཚ་བོ་འདི་སྲིན་བུ་འདྲ་བ་གཅིག་བསྐྱངས་པ་ད་ལྟ་སའི་བདག་པོ། སྙིང་རུས་ཆེ་ལ་སྐབས་དོན་ཡོད་པ་འདི་འདྲ་བ་གཅིག་བྱུང་ཟེར་ནས། ལྷ་བླ་མའི་མྱ་ངན་གྱི་རིས་ནོན་པ་ཙམ་ཡོད་པ་དེ་སངས་པར་བྱས། མགུལ་གཡུ་གསེར་སྲང་ལྔ་བཅུ་རི་བ་གཅིག་ཡོད་པ་དེ། མགོན་པོ་ཨ་ཏི་ཤའི་ཕྱག་ཏུ་ཕུལ་ནས། ཐལ་མོ་སྦྱར་ཏེ་འདི་སྐད་ཟེར། མགོན་པོ་ཨ་ཏི་ཤ །གཡུ་རྡོག་འདི་མཆོད་པར་བཞེས་ལ། ཞུ་བ་འདི་གསོན་དང་། ངའི་མིང་པོ་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་བ་དེ། ཕ་མེས་པོ་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱི་རྣམ་སྲོལ་བསྙེག་པ་དང་། སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་ལ་སྤྲུགས་པས། ཁྱེད་ལྟ་བུའི་བླ་མ་དཀོན་མཆོག་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཐུགས་རྗེའི་གོ་བེར་ནས། སྙིང་སྟོབས་ཅན་དེ་མི་འདོད་པའི་ལག་ཏུ་ཤོར། ད་ནི་མིང་པོ་དེའི་ཚབ་མ་ཁྱེད་ལ་ཞུ་བ་ལགས་པས། སྐྱེ་བོ་རྣམས་ཀྱི་ལོག་རྟོག་ངན་པ་གཅིག་པུ་སྦྱང་བའི་ཆེད་དུ་ཡང་། བོད་དུ་ཡུན་བསྲིངས་ནས་བཞུགས་པ་ཞུ་འཚལ།
གཞན་ཡང་ལྷ་ཁུ་དབོན་གཉིས་ཀྱིས། བསྟན་པ་ལ་བསམས་ནས། ཁྱེད་ཀྱི་ཕྱོགས་སུ་མི་ཟད་པ་དང་། ནོར་ཟད་པ་དང་། དཀའ་བ་བརྒྱ་ཕྲག་མང་པོ་སྤྱད་ནས། མཇུག་ལྷ་བླ་མ་གཤེགས་པའི་སྐོར་ལ་སོགས་པར་བལ་པོ་ཚུར་རྒྱབ་ནས། དབུས་གཙང་མངའ་རིས་སྐོར་གསུམ་དུ། སྐྱེ་བོ་མ་རུངས་པ་རྣམས་ཅི་ཟེར་མི་ཤེས་པ་ལགས་པས། རང་གཞན་ཐམས་ཅད་ལ་ཐུགས་ཀྱིས་དགོངས་ལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་མ་ཤར་གྱི་རིང་ལ། ཡུན་དུ་བཞུགས་སུ་གསོལ། ཞེས་ཞུས་པས། ཨ་ཏི་ཤའི་ཞལ་ནས། རིགས་ཀྱི་ལྷ་མོ། སྙིང་ལ་བསམས་པའི་གཏམ་དེ་གནད་ཀྱིས། ཁྱེད་མི་ཡི་རྩར་ངོ་མི་གནོང་ལ་ངོམ་དུ་རུང་བ་གཅིག་ཁོ་བོས་བྱེད་པ་ཡིན་མོད། རིགས་ཀྱི་ལྷ་མོ། དེང་སང་སྙིགས་མའི་དུས་འདིར། ཁམས་གསུམ་གྱི་མགོན་པོ། ཆོས་ཀྱི་རྒྱལ་པོ་ཨ་ཏི་ཤ་ཞེས་བྱ་བ་དེ་ང་ཡིན་མོད། རིགས་ཀྱི་ལྷ་མོ་ངས་བོད་དུ་འོངས་ནས་སངས་རྒྱས་ཀྱི་བསྟན་པའི་གཞི་བཞེངས་སུ་མ་བཏང་ན། རྒྱ་གར་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ལ་ངོ་ཚ་མོད། ཆོས་རྒྱལ་ཞི་བར་གཤེགས་པ་དེ་ལ་བྱ་བ་མ་བྱས་མོད། རིགས་ཀྱི་ལྷ་མོ། འདོད་པའི་དོན་ཐམས་ཅད་བདག་གིས་བསྒྲུབ་པར་བགྱིའོ། །ཞེས་གསུངས་ནས། སྐུ་གསེར་གྱི་བརྟན་པ་ཕྱིས་པ་འདྲ་བ་དེ་འཛུམ་ལྷག་མཛད།
དེ་ནས་མཐོ་ལྡིང་པདྨོའི་གླིང་དུ་ཕྱགས་ཕེབས་པའི་དུས། མགོན་པོ་ཨ་ཏི་ཤས་བལ་པོའི་རྒྱལ་པོ་ལ་བསྐུལ་བ། ད་ནི་རྒྱལ་པོ་ཆེན་པོ། བལ་པོའི་ཐང་དུ་བྱོན། བྷི་ཧ་རའི་གཙུག་ལག་ཁང་ཞེས་བྱ་བ་རྒྱ་བོད་ཀྱི་བར་གྱི་སོ་འཛིན་པའི་གནས་ཆེན་པོ། དཔངས་མཐོ་བ། རྒྱ་ཆེ་བ། བབས་ལེགས་པ། བསིལ་ཁང་དང་། ཞ་ལའི་ཁྲིགས་ལེགས་པ། གསེར་ཀ་སུམ་ཅུ་རྩ་གཉིས། གཡུ་ཀ་ཤང་ཤང་གིས་བརྒྱན་པ་བརྒྱད། ཤེལ་གྱི་ཀ་བ་གཉིས་དང་བཅས་ཏེ། ཐམས་ཅད་ཀྱང་འཕྲུལ་མིག་ཕུམ་སུམ་ཚོགས་པར་མཛོད། ལྷོའི་ཕྱོགས་སུ་དགེ་འདུན་གྱི་འདུ་ཁང་དང་། གཡོས་ཁང་ཐམས་ཅད་འབྱོར་པས་ཕྱུག་པ་མཛོད། རྒྱ་བོད་གཉིས་ཀྱི་རབ་ཏུ་བྱུང་བ་ལ་ས་གྲྭ་ལེགས་པར་ཚུགས། དེའི་ཕྱོགས་ཀྱི་མེ་ཚ་དང་། ས་བརྟག་པ་དང་། ཐིག་འདེབས་པ་དང་། བཅའ་ཁ་ཐམས་ཅད་ཁོ་བོ་རང་གིས་ཚར་བར་བྱས་ནས་ཡོད་ཅིག །བཞེངས་ཚར་བ་དང་། དེ་བཞིན་གཤེགས་པའི་སྐུ་དགུང་ལོ་བརྒྱད་པའི་ཚད་དང་། སེང་ལྡེང་ལ་བརྐོས་པའི་བཅོམ་ལྡན་འདས་མ་སྒྲོལ་མའི་སྐུ་དང་། རྡོ་ནག་ལ་བརྐོས་པའི་བཅོམ་ལྡན་འདས་མི་གཡོ་བའི་སྐུ་ཁྲུ་གང་པ་གཅིག་དང་། ཙན་དན་གྱི་ལྡེ་གུ་ལ་བྱས་པའི་སྤྱན་རས་གཟིགས་ཀྱི་སྐུ་རྩ་ཕྱག་བཞི་བཅུ་པ་གཅིག་དང་། གཙུག་ཏོར་དྲི་མེད་ལྷ་ལྔའི་སྐུ་དང་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་གང་འགྲུབ་བཞེངས་ལ། གཙུག་ལག་ཁང་གི་ནང་དུ་བཞུགས། རྒྱལ་པོའི་ཕོ་བྲང་ན་བལ་པོས་ཕུལ་བའི་ལྷ་ལྔ་བཅུ་ཙམ་ཡོད་ཀྱི། དེ་ཐམས་ཅད་ཀྱང་གཙུག་ལག་ཁང་གི་ནང་དུ་བཞུགས། འདི་ཡི་སྐོར་གྱི་རབ་ཏུ་གནས་པ་དང་། ཕྱོགས་ཀྱི་བཅིང་བ་རྣམས་དང་། བཀོད་པ་ཐམས་ཅད་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང་། པཎྜི་ཏ་གཞན་རྣམ་པ་གཉིས་ཏེ་ཁོང་རྣམ་པ་གསུམ་གཏོང་བ་ཡིན། དེ་ཐམས་ཅད་ཟླ་བ་དགུའི་ཁོངས་སུ་ལེགས་པར་ཚར་བར་གྱིས་ལ། ཚར་མ་ཐག་ཏུ་རབ་ཏུ་གནས་པ་རྒྱས་པའི་བཅའ་ཁ་དང་། སྟ་གོན་ཐམས་ཅད་ཚར་བར་གྱིས་ཁོ་བོ་ལ་བརྡ་སྦྱོར། ཞེས་གསུང་བྱོན་ནས། པཎྜི་ཏ་གསུམ་བལ་པོའི་རྒྱལ་པོ་དང་བཅས་པ་ཕྱིར་འབྱོན་པར་བཞེད་པ་དང་། བློན་པོ་ལྷའི་དབང་ཕྱུག་གིས་ལྷ་བཙུན་པའི་དྲུང་དུ་བང་ཆེན་པ་བརྫངས་ནས། མགོན་པོ་ཨ་ཏི་ཤ་པདྨོའི་གླིང་ན་ཕྱགས་ཕེབས་ནས་ཡོད་པ་ན། བལ་པོའི་རྒྱལ་པོས་པཎྜི་ཏ་གསུམ་ཕྱིར་སྤྱན་དྲངས་ནས། བལ་པོའི་ཨ་ཏི་ཤའི་ཐུགས་དམ་གཙུག་ལག་ཁང་གཅིག་བཞེངས་པར་གདའ་བས། མྱུར་དུ་བལ་པོའི་རྒྱལ་པོ་ལ་བསྙེན་བཀུར། སྐྱེལ་གྱིན། པདྨོའི་གླིང་དུ་ཨ་ཏི་ཤ་བསུར་འབྱོན་པར་ཞུ་ཞེས་ཞུ་བ་བྱས་པ་དང་། ལྷ་བཙུན་པས་ཀྱང་བང་ཆེན་བྱུང་མ་ཐག་ཏུ། རབ་ཏུ་བྱུང་བ་དང་སྐྱ་བོ་འདྲེས་པའི་རྟ་པ་ཕྱེད་དང་དྲུག་བརྒྱ་དང་ལྷན་ཅིག་ཏུ་མངའ་རིས་པདྨོའི་གླིང་དུ་བྱོན་པ་ནི། རོལ་མོ་བ་གཡབས་པ་དང་། མགོན་པོ་ཨ་ཏི་ཤ་གཟིགས་པའི་དག་པའི་སྣང་བ་ཤར་ཚུལ་དང་། སྙུན་འདྲིའི་རིམ་པ་ཞུས་ལན་དུ་མཛད་པ་ལ་སོགས་པ། ཞིབ་ཅིང་རྒྱས་པར་གཙང་ཆོས་ན་མཆིས་པས་དེ་དག་ཏུ་ལྟ་ཞིང་། ཁྱད་པར་དུ། འདིར་བལ་པོའི་རྒྱལ་པོ་ལ་ལྷ་དང་མཐུན་པའི་མདོངས་བསྙེན་བཀུར་མདོངས་གསོལ། མཉེས་པའི་རིམ་པ་དཔག་ཏུ་མེད་པ་མཛད་ནས། རྟ་སུམ་ཅུ་སོ་གཉིས་ཕུལ་ནས། འདི་སྐད་གསུངས་ཏེ།
ལྔ་བརྒྱའི་དུས་འདིར་དམ་ཆོས་རྣམ་མང་ཡང་། །
ལམ་དུ་འགྲོ་བ་རྒྱ་ལམ་སྲིད་པ་ཙམ། །
བླ་མར་བཞུགས་པ་ཤིན་ཏུ་རྣམ་མང་ཡང་། །
ཨ་ཏི་ཤ་ནི་གཅིག་པུ་ཉིད་དུ་ཟད། །
བལ་པོ་ཐང་ལ་སྐྱེལ་དུ་བྱོན་པ་ལེགས། །
ཞབས་གླའི་ཆུལ་དུ་རྟ་ཚོགས་འདི་འབུལ་ལོ། །
སྐྱེ་རྒ་ན་འཆིའི་ཆུ་བོ་རབ་སོམས་ལ། །
རྒྱལ་པོའི་དྲེགས་པ་སྤོངས་ལ་གཞན་ཕན་བསྟེན། །
དེ་ནས་བལ་པོའི་རྒྱལ་པོའང་དགྱེས་བཞིན་དུ། གསེར་སྲང་སུམ་བརྒྱ་ཐམ་པ་འཁར་སྡེར་དུ་བླུགས་ནས། རང་གི་སྲས་པོ་ལྷའི་དབང་པོའི་ལག་ཏུ་གཏད་ནས། ལྷ་བཙུན་པ་ལ་ཕུལ་ཏེ། བལ་པོའི་རྒྱལ་པོས་གསོལ་བ།
རྒྱལ་རིགས་ལུས་ལ་རྣམ་དག་ཁྲིམས་ལྡན་ཞིང་། །སངས་རྒྱས་བསྟན་པ་དཔའ་བའི་གོ་གོན་དང་། །འཇིག་རྟེན་སྒྲོན་མེ་བོད་དུ་སྤྱན་དྲངས་ཏེ། །ཐམས་ཅད་ཆོས་ལ་འགོད་པ་ངོ་མཚར་ཆེ། །བདག་གིས་བསྐྱེད་པའི་བུ་འདི་རྗེ་ལ་འབུལ། །བསམ་པ་བཟང་པོ་གསེར་དང་འདྲ་བ་འདི། །ཆོས་རྒྱལ་བོད་དུ་ཆོས་གྲྭ་འཛུགས་པ་ལ། །གསེར་སྲང་སུམ་བརྒྱ་རེ་ཞིག་འདེགས་སུ་འབུལ། །སླད་ནས་སངས་རྒྱས་བསྟན་པ་དར་བ་དང་། །བདག་གི་བུ་འདི་འང་ཆོས་མགོ་ཐོན་པ་དང་། །ཨ་ཏི་ཤ་ཡང་ཕྱོགས་འདིར་ཡུན་རིང་དང་། །བདག་ཀྱང་འཕྲེང་བས་ཡུན་དུ་འགྲོགས་པར་ཞུ། །
དེ་ནས་རྒྱལ་པོ་པཎྜི་ཏ་གསུམ་དང་བཅས་བལ་པོར་བྱོན་པ་ལ། ལྷ་བཙུན་པས་དཔག་ཚད་གཅིག་བསྐྱལ་ནས། པཎྜི་ཏ་གསུམ་ལ་གསེར་སྲང་རེ་མེ་ཏོག་ཏུ་ཕུལ་ནས། གཙུག་ལག་ཁང་བཞེངས་ཚར་ནས། ཕྱིས་མྱུར་དུ་མཇལ་བའི་ཞུ་བ་ཁྱད་པར་ཅན་མཛད་དེ། དེ་ནས་ལྷ་བཙུན་པས་ཕྱིར་ལོག་སྟེ། མགོན་པོ་ཨ་ཏི་ཤ་ལ་ལྷ་བཙུན་པས་དབུ་བགྱིས། བསུ་བ་རྟ་པ་དགུ་བརྒྱར་ཉེ་བ་དང་། རོལ་མོ་མཁན་ལ་སོགས་པ་དང་ལྷན་ཅིག་ཏུ་བསྐོར་ནས། རྒྱལ་པོའི་ཕོ་བྲང་མཐོ་ལྡིང་གི་གཙུག་ལག་ཁང་དུ། གཙང་ཆོས་ནས་འབྱུང་བ་བཞིན་དུ་ཕྱགས་ཕེབས་ནས། ཟླ་བ་དྲུག་དང་ཞག་ཉི་ཤུ་རྩ་ལྔ་ཙམ་དུ། ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་ཐུགས་དགོངས་ཐམས་ཅད་རྫོགས་པར་མཛད་ནས། བལ་པོའི་རྒྱལ་པོ་པཎྜི་ཏ་དང་བཅས་པས་གཙུག་ལག་ཁང་བཞེངས་ཚར་བའི་ཞུ་བ་བྱུང་སྟེ། ཟླ་བ་བདུན་པ་ལ་ཡང་གླིང་གསེར་གྱི་ལྷ་ཁང་དུ་འཕགས་པ་དང་། བླ་མ་ཡི་དམ་གྱི་ལྷ་ཚོགས་དུ་མས་ལུང་བསྟན་པའི་ཨུ་པ་སི་ཀ་གཉིས་ཞལ་མཇལ་ཏེ། བླ་མ་དམ་པ་རྒྱ་གར་དུ་འབྱོན་དུ་མ་སྟེར། ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་བསུ་བ་གདན་ལ་བསྐུལ་བའི་སྤྲིང་ཡིག་མང་པོ་བཏང་། དབུས་པ་རྣམས་ཀྱིས་མ་སླེབས་ཀྱི་རིང་ལ། གདམས་ངག་དཔག་ཏུ་མེད་པ་ལ་བརྟེན་ནས་ཇོ་བོའི་ཐུགས་ཀྱི་ངང་བསྲིངས། བལ་པོར་རབ་གནས་ལ་གཤེགས་པའི་དུས་སུ་ཡང་ཇོ་བོའི་ཕྱག་དཔེ་རྟེན་གསུམ་ལ་སོགས་པའི་གཞི་ཐམས་ཅད་བལ་པོར་འཁྱེར་དུ་མ་སྟེར། དེའི་དུས་སུ་ཇོ་བོའི་ཞབས་ཏོག་ལ་ཨུ་པ་སི་ཀ །སའི་སིང་གྷ། གུང་ཐང་པ། ཨེ་ལ་དྷ་རི་ལ་སོགས་པ་དཔོན་སློབ་ཉི་ཤུ་ཙམ་གྱིས། མངོན་ཚན་ཆུང་བར་བལ་པོར་བྱོན་ནས་རབ་ཏུ་གནས་པར་མཛད། མུ་སྟེགས་བཅིང་བའི་མཆོད་རྟེན་ནག་པོ་བཞི་མཛད། ཨུ་པ་སི་ཀས་མཆོད་རྟེན་ཤིན་ཏུ་དཀར་ཆེན་ཞེས་བྱ་བ། བཀྲ་ཤིས་པའི་མཆོད་རྟེན་ཤིན་ཏུ་ཆེ་བ་ཅིག་མཛད། དགེ་བཤེས་གུང་ཐང་པས་ཇོ་བོའི་སྐུ་གཅིག་དང་། ཨུ་པ་སི་ཀའི་སྐུ་གཅིག་གཉིས་ཞལ་སྤྲོད་རས་བྲིས་ཤིན་ཏུ་ཆེ་བ་ཅིག་མཛད། ཨུ་པ་སི་ཀས་ལྷ་བཙུན་པ་དང་གུང་ཐང་པ་གཉིས་ལྡེམ་དུ་བྱས་པའི་ཇོ་བོའི་སྐུ་འདྲ་ཆེན་པོ་གཅིག་མཛད་པ་ལ། བལ་པོའི་རྒྱལ་པོས་སྐྱེས་བསུ། མངའ་རིས་སྐོར་གསུམ་གྱི་བསུ་བ་ལ་སོགས་པ་ཡ་མཚན་སྣ་ཚོགས་པ་གྱང་རིས་ལ་བཀོད་དེ། དེ་ལྟར་རབ་གནས་ལ་སོགས་པ་ཐམས་ཅད་ཞག་ཉི་ཤུ་རྩ་གཉིས་ལ་ཚར་བར་མཛད་དོ།།
དེ་ནས་ཡང་གླིང་གསེར་གྱི་ལྷ་ཁང་དུ་བྱོན་ཏེ། སྐྱེ་བོའི་ཚོགས་མང་པོ་ལ་ཆོས་གསུང་གིན་ཡོད་པ་ན། ཁུ་སྟོན་ཆེན་པོ་ལ་སོགས་པ་དབུས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་མངའ་རིས་ཕྱི་ཐུང་ལ་བྱོན་ནས། དབུས་སུ་འབྱོན་པའི་ཞུ་བ་ནན་ཏན་དུ་མཛད་དེ། ཇོ་བོས་ཀྱང་ཐུགས་དགྱེས་པ་དང་བཅས་མཛད་ནས་གཙང་ལ་སོགས་པ་ལམ་རིང་ཐུང་དུ་ཡང་། གསན་གསར་བ་བཞེངས་པ་དང་། རྙིང་པ་འཆོས་པ་དང་། འདྲེ་ཞུགས་པ་སྐྲོད་པ་དང་། རབ་གནས་མཛད་པ་དང་། སྔགས་པ་དང་རབ་ཏུ་བྱུང་བ་ལ་སོགས་པ་ཐམས་ཅད་དམ་ཚིག་དང་སྲུང་སྡོམ་མཛད་པ་ལ་འགོད་པ་ལ་སོགས་པ། ཁྱིམ་པ་ལ་བསྙེན་གནས་དང་། ཡོན་ལ་བསྔོ་བ་སེམས་བསྐྱེད་པ་ལ་སོགས་པ། སྐྱེ་རྒུ་ཐམས་ཅད་ལ་མཁོ་བའི་དམ་པའི་ཆོས་ཀྱི་ཆར་པ་འབེབས་ཀྱིན། བསམ་ཡས། ཐང་པོ་ཆེ་ལ་སོགས་པ། དབུས་ཀྱི་གནས་ཆེན་པོ་རྣམས་སུ་བྱོན་ནས། མཐར་ཁུ་སྟོན་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས། ད་ཉི་མ་བྱང་ཕྱོགས་ཀྱི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་བྱ་བ། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ལྷ་དཀོན་མཆོག་གིས་ལེགས་པར་བསྐྱངས་པའི་བསོད་ནམས་ཅན། དེའི་ནང་ནས་བླ་མ་ཐམས་ཅད་ཤིན་ཏུ་མཉེས་པའི་དམ་ཚིག་ཅན། སློབ་མ་དང་སྐྱེ་བོ་ཐམས་ཅད་གུས་པའི་སྙིང་རྗེ་ཅན། ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ལ་ཡང་གཅེས་སྤྲས་སུ་བྱེད་པའི་ཞིབ་ཏིག་ཅན། ཐམས་ཅད་ཀྱི་འོག་ཏུ་ཞུགས་པས་སྟེང་དུ་ཤོར་བའི་བཙན་ས་ཅན། བདག་གི་ལག་ཏུ་མགོན་པོ་ཨ་ཏི་ཤ །སུས་བསླུ་བྲིད་ང་རྒྱལ་ཅི་བྱས་ཀྱང་སྤྱན་དྲངས་པ་དང་། དཀའ་ལས་རི་ཁུར་བ་ཙམ་ལ་བསྡོས་ཀྱང་། མ་འདྲོངས་མ་ཐོབ་པ་དེ། ང་མི་རེང་དཀར་པོ་གཅིག་གི་ལག་མཐིལ་དུ་བཅངས་ཏེ་འཁོར་ནས། བཞུགས་གནས་སྙེ་ཐང་འོར་མོའི་སྐྱོ་བསངས་སུ་དགུན་མེ་ཏོག་བཀྲ་དུས་སུ་ཕྱགས་ཕེབས། བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་ལ་བསྟེན་ནས་རྙེད་ལེགས་པར་རྙེད་པའི་གཞུང་མན་ངག །ལུང་རིགས་པ། བཀའ་བསྟན་བཅོས། མདོར་ན་ཡི་གེ་ཨ་གཅིག་མ་ནས་བཟུང་ནས། བཀའ་རྒྱས་འབྲིང་བསྡུས་གསུམ། འདུལ་བ་ལུང་སྡེ་བཞི། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་པ་གཉིས། པྲ་ཀ་ར་ཎ་སྡེ་བརྒྱད། མདོར་ན་ཀྲི་ཡོག་ལ་སོགས་པ་བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་པོ་ལས་ཇི་ལྟར་རྒྱུད་པ། མགོན་པོ་ལ་ལུང་ཡོད་པ་ཐམས་ཅད་ལ་ཉིན་མ་དལ། མཚན་མ་གཉིད་ཟེར་བའི་ཚུལ་དུ། བཀླག་ལུང་དུ་འོས་པ་ཐམས་ཅད་ལ་བཀླག་ལུང་། བཤད་ལུང་དུ་འོས་པ་རྣམས་ལ་བཤད་ལུང་། ཟིན་ཐུན་དང་ཁྲིད་དུ་འོས་པ་ཐམས་ཅད་ལ་ཟིན་ཐུན་དང་ཁྲིད་དུ་བྱས་ཏེ། ལན་ཅིག་སྙེ་ཐང་དུ་སྟོན་ཟླ་བ་གསུམ་ལ་ཉི་མ་རི་རྩེར་ནུབ་ནས། ངེད་རང་ཡབ་སྲས་གཉིས་མིན་པ་མི་མེད་པར་བྱས་ཏེ། དཀོན་མཆོག་གི་དྲུང་དུ་མར་མེ་ཆེ་ལ་བཟང་བ་བཤམས། མཆོད་པ་གཞན་ཐམས་ཅད་ཀྱང་དང་བ་འདྲེན་པ་རེ་བྱས་ནས། ཇ་སུན་ནམ་རེ་ལ་ཁྲུམ་བརྔུངས་བྱས་ཏེ། རྡོར་ཆེན་པོ་བསྐྱུར། ཤིན་ཏུ་ཚོས་པར་བྱས་ཤིང་། བུ་རམ་རྒྱ་གར་མ་རྡོག་པོ་བཅུ་གཅིག་བཅུ་གཅིག་རེ་དང་བསྡེབས་ནས། མགོན་པོ་ཨ་ཏི་ཤ་ལ་སུ་ན་རེ་དྲངས། ཐོ་རངས་ཀྱི་དུས་སུ་སྐྱོ་ཚ་གསེར་མ་མི་སྐྱེ་བ་ཞལ་བུ་དོ་དོ་དྲངས། དེའི་དུས་སུ་ངའི་རྟོག་པ་ལ་འདི་སྙམ། བླ་མ་མི་བཞུགས་ཙ་ན་ཡང་མཆོད་ཆ་བཟོས་པ་ཡིན། མདོ་ཁམས་ནས་བླ་མ་ལ་དམིགས་པའི་ཆུ་ཤེལ་གྱི་དཀར་ཡོལ། དབྱིབས་ཁ་དོག་ཐམས་ཅད་འཇིག་རྟེན་ན་དཀོན་པ་ཞིག་ཏུ་བླ་མ་ལ་ཇ་དྲངས། དེ་བཞིན་དུ་མེ་ཤེལ་གྱི་སྡེར་མ་དེ་དང་མཚུངས་པ། ཁམ་གཞོགས་ཀྱི་གཟུགས་སུ་བྱས་པ། ཤོག་པ་རེ་རེའི་ནང་དུ་དུས་དུས་ཀྱི་ཟས་རྣམས་དྲངས། དེ་བཞིན་དུ་དཀར་ཡོལ་གྱི་སྐྱན་བུ། དངུལ་གྱི་སྐྱོགས། གསེར་གྱི་གླང་པོ་ཆེ། དེ་ལ་སོགས་པ་འདི་ལེགས་སམ་སྙམ་པ་རྣམས་དྲུང་དུ་ཕུལ། ང་རང་གིས་ཀྱང་དེའི་ནུབ་མོ་ལྷའི་ཆས་སུ་ཞུགས་ནས། ཐམས་ཅད་ནས་བླ་མ་མཉེས་ཤིང་ཐུགས་འཛིན་པའི་ཕུན་སུམ་ཚོགས་པ་མཛད་པ་དང་། བླ་མའི་ཞལ་ནས་ཀྱང་འོག་མིན་ཆོས་ཀྱི་ཕོ་བྲང་དང་མཚུངས་གསུངས་ནས་ཤིན་ཏུ་མཉེས། དེ་ནས་བླ་མ་རང་བཞིན་གྱིས་ལྗགས་བདེ་བ་དང་། ཇ་བཟང་པོ་དེས་རྐྱེན་བྱས་པ་ལ་བརྟེན་ནས། ཡ་ཤས་བཀླག་ལུང་མཛད་པ་ན། སྲོད་ཐོ་རངས་གཉིས་ལ་རྒྱས་འབྲིང་བསྡུས་གསུམ་སངས་རྒྱས་བཀླགས་ཟིན་པ་བྱུང་། དེའི་ཚོད་རྩིས་པའི་ནུབ་རེ་ལ་ཚན་ཆེན་པོ་རེ་བཏང་བ་དེ་སྟོན་ཟླ་བ་གསུམ་དུ་མ་ཆགས་པར་མཛད། དེ་ནས་སྔ་སྐད་དང་ཕྱི་སྐད་ལ་སོགས་པའི་དུས་སུ་བྲི་ཐིག་ལ་སོགས་པའི་མན་ངག་གི་ཕྲན་མང་པོ་བསླབས།
གཞན་ཡང་རྒྱ་གར་གྱི་རྡོ་རྗེའི་མགུར་དང་། དབྱངས་ཀྱི་ང་རོ་དང་། རིག་པའི་གནས་ཐམས་ཅད་ལ་ཤུགས་ཕྱུང་ནས་བསླབས། ཤིན་ཏུ་དབེན་པར་བྱ་དགོས་པ་རྣམས་ཡེར་པར་གདན་དྲངས་ཏེ། ཐམས་ཅད་དེར་ཡོངས་སུ་ཚར་བར་བསླབས། མདོར་ན་ཇོ་བོ་ལ་ཞུས་པའི་ཆོས་ལ་སྒྲུབ་ཐབས་དང་ཆེ་མ་ཆུང་བསྡོམས་པས། རྒྱ་གར་སྐད་ཡོད་པའི་ཆོས་སྟོང་ཚོ་དྲུག་དང་བཞི་བརྒྱ་དང་བདུན་ཅུ་རྩ་ལྔ་ཞུས་ཏེ། དེ་ཐམས་ཅད་ཝལ་ཝོལ་མིན། སབ་སོབ་མིན། ཁ་ཙམ་ཚིག་ཙམ་མིན། དབང་པོ་གཏད་ནས་གུས་པར་ཞུས། བརྩེ་བར་གནང་བའི་ཆོས་ཡིན། ཆེ་བའི་དབང་དུ་བྱས་ན་ཡང་། བླ་མ་བརྒྱུད་པའི་ཟམ་མ་ཆད། བྱིན་རླབས་ཀྱི་བཀའ་མ་ཉམས། བར་དུ་དམ་ཉམས་དང་། རྟོག་གེ་དང་། རང་བཟོ་དང་། འདྲེས་ཁྱེར་གྱི་ལྷད་ཟེར་མ་ཞུགས། ལུང་ཡོད། ཁུངས་ཡོད། བླ་མ་དང་སློབ་མ་མཛུབ་གུ་འཛུགས་སུ་ཡོད། རྫོགས་པའི་སངས་རྒྱས་ནས་བཟུང་ནས། ད་ལྟ་ཡན་ཆད་དུ་སྙན་ཁུང་ནས་སྙན་ཁུང་དུ་བརྒྱུད་པ་ཡིན། དེ་རྣམས་ཞུས་པའི་ཡུན་གྱི་དབང་དུ་བྱས་ན་ཡང་། ལོ་ཁྱུར་པོ་བཅུ་གཉིས་སུ་ཉིན་མཚན་ཁ་སྦྲེལ་ནས་ཞུས་པ་ཡིན། དེ་ལ་ཡང་ཞུས་པའི་གནས་ཡོད། རྒྱལ་སྡེ་ལ་གྲགས་ཚོད་ཡོད། དེ་ལྟ་བས་ན་ངའི་བརྒྱུད་པ་འདི་ཤིན་ཏུ་བཀྲ་ཤིས་ཡོད། དེ་ལྟར་ལགས་སོ་ཕྱི་རབས་བརྒྱུད་པ་ཀུན། །རྒྱལ་བའི་འབྱུང་གནས་བདག་གི་གཏམ་འདི་གསོན། །མཁས་གྲུབ་དཔལ་གྱི་མར་མེ་མཛད་དཔལ་དེས། །རྒྱལ་སྲིད་སྤངས་ནས་དཀའ་བ་བརྒྱ་ཕྲག་སྤྱད། །བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་བསྟེན། །ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་ལགས། །དེ་ལྟར་རྒྱལ་བ་གཉིས་པར་གྱུར་རྗེས་སུ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་ནས། །རྒྱ་གར་མཁས་པ་རྣམས་ཀྱིས་སྤྱི་བོས་བླངས། །གཙུག་ལག་བརྒྱ་ཕྲག་ཉེ་བར་བཟུང་བ་ལགས། །དེ་ནས་སྙན་པའི་གྲགས་པས་འཇིག་རྟེན་ཁྱབ། །བོད་ཀྱི་རྒྱལ་པོས་དཀའ་ལས་སྲོག་ལ་བསྡོས། །ཕྱོགས་བཅུའི་ཞིང་དུ་བླ་མ་མ་ཤོར་བར། །བོད་ཀྱི་དཔལ་དུ་ཞིང་འདིར་ལྷགས་པ་ལགས། །
དེ་ནས་དབུས་ཀྱི་ཡོངས་འཛིན་ཐམས་ཅད་ཀྱིས། །བླ་མ་རྒྱ་གར་ཡུལ་དུ་མ་བཏང་བར། །ཞུ་བ་ཆེན་པོས་དབུས་སུ་སྤྱན་དྲངས་ནས། །བོད་ཀྱི་རྒྱ་གར་གླིང་དུ་ཀུན་གྱིས་བཀུར། །དེང་སང་སྙེ་ཐང་ལ་སོགས་ཉམས་དགའ་བར། །འབྲོམ་སྟོན་བདག་གི་དཔལ་དུ་ཤར་བ་ལགས། །དེ་ལྟར་བླ་མ་ཐམས་ཅད་མཁྱེན་པ་དེ། །མེ་མོ་རྟའི་ལོ་ལ་སྐུ་འཁྲུངས་ནས། །ལོ་བདུན་བར་དུ་རྒྱལ་པོའི་ཁབ་ཏུ་བཞུགས། །བཅུ་དགུའི་བར་དུ་ཨ་ཝ་དྷཱུ་ཏིས་བསྐྱངས། །ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། །ཟླ་བ་དགུ་རུ་མངའ་རིས་སྟོད་དུ་བཞུགས། །རྒྱལ་པོའི་ཐུགས་དགོངས་ཐམས་ཅད་རྫོགས་པར་མཛད། །ལོ་གཅིག་ཟླ་བ་གསུམ་དུ་གཙང་རྣམས་འགྲིམས། །ཀུན་ཏུ་སངས་རྒྱས་བསྟན་པ་དར་བར་མཛད། །ཐང་ཆེན་གནས་སུ་ཟླ་བ་བརྒྱད་ཙམ་བཞུགས། །དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད། །ཞག་རེ་ཞག་རེ་བབ་མལ་རྩིས་པའི་སར། །ཟླ་བ་བཞི་ཙམ་གཞན་དོན་དཔག་མེད་མཛད། །དེ་ལྟར་ལོ་གསུམ་སོང་ནས་སྙེ་ཐང་དུ། །བཞུགས་ཐེབས་གསུམ་ལ་ཟླ་བ་དྲུག་ཙམ་འདས། །ཡེར་པའི་གནས་སུ་ཟླ་བ་གཉིས་བཞུགས་ཏེ། །ལྷ་ས་རྒྱ་སར་སྒང་དང་སྟོད་ལུང་སོགས། །ཕྱོགས་ཕྱོགས་བབ་མལ་རྣམས་སུ་ཟླ་གཅིག་འདས། །དེ་ལྟར་ང་ལ་བརྟེན་ནས་ལོ་དགུ་དང་། །ཁུ་ལ་བརྟེན་ནས་ཟླ་བ་བརྒྱད་དང་ནི། །བབ་མལ་རྣམས་སུ་ཟླ་བ་དགུ་ཙམ་དང་། །གཙང་གི་ཕྱོགས་སུ་ལོ་གཉིས་ཉེ་བར་འདས། །དྲིལ་བས་དགུང་ལོ་བདུན་ཅུ་དོན་གཉིས་པའི། །རྟ་ལོ་དབྱུག་གུ་ཚེས་གཅིག་ནས་བརྩམས་ནས། །བཅོ་བརྒྱད་བར་དུ་སྙུང་ཚུལ་བསྟན་པ་ལ། །འབྲོམ་སྟོན་ཁོ་ན་དྲུང་དུ་མཆིས་པ་ཡིན། །རྗེ་དེ་ཕ་ཡིན་ཁོ་བོ་བུ་གཅིག་ཡིན། །ཞལ་ཆེམས་ལུང་བསྟན་གདམས་ངག་ཐུགས་ཕབ་ནས། །ཐུབ་པས་དགའ་ལྡན་གནས་མཆོག་ཉམས་དགའ་བར། །བྱམས་པ་མགོན་ལ་རྒྱལ་ཚབ་དབང་བསྐུར་ལྟར། །སྔོན་དུས་ལོ་ཐོག་དམ་པ་རྒྱས་པ་ན། །བདག་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ནས། །དབྱུག་གུའི་གྲལ་ཚེས་བཅོ་བརྒྱད་གྱུར་པ་ན། །འཇིག་རྟེན་མགོན་པོ་དགའ་ལྡན་གནས་སུ་གཤེགས། །
དེ་ཡང་དང་པོ་སྙུང་བའི་མགོན་བརྩམས་ནས། །ནམ་མཁའ་དྭངས་ཤིང་སྤྲིན་མེད་འོད་ཀྱིས་བལྟམས། །ཕྱོགས་མཚམས་མེད་པར་འཇའ་ཚོན་གུར་དུ་འཁྲིགས། །མེ་ཏོག་ཆར་བབས་ས་གཞི་རབ་ཏུ་གཡོ། །མི་མངོན་དབྱིངས་ནས་བདེ་གཤེགས་སྲས་བཅས་རྣམས། །བཀའ་སྡོད་ཉན་རང་ལྷ་ཚོགས་དུ་མས་བསྐོར། །ཀུན་ཀྱང་ཐུགས་རྗེས་མ་བཟོད་ཡལ་མ་ཡུལ། །སེམས་ཅན་རྣམས་ཀྱི་བསོད་ནམས་ཟད་དོ་སྐད། །དཀར་པོའི་ཕྱོགས་རྣམས་མ་དགའ་ཤེས་པ་འདར། །ནག་པོའི་ཕྱོགས་རྣམས་གཟེངས་བསྟོད་ག་ཤ་འདོན། །བྱ་རོག་དག་ཀྱང་སྤུ་མ་ཕེབས་གཟིངས་ནས། །གོག་གོག་འབྲད་ཅིང་ཕྱོགས་སུ་འཕུར་ལྡིང་རྒྱུ། །ཆུ་བོ་མི་སྙན་རྦ་རླབས་ཤུགས་སྒྲ་འབྱིན། །རླུང་པོ་མི་སྙན་བཤུགས་གླུ་སྙིང་ལ་གཟན། །གང་ནས་བལྟས་ཀྱང་ཤེས་པ་བག་མི་ཕེབས། །ཇི་ལྟར་བྱས་ཀྱང་མགོན་པོ་གཤེགས་གཤེགས་འདྲ། །ཉིན་དང་མཚན་དུ་གསོལ་བ་བཏབ་གྱུར་ཀྱང་། །གདུལ་བྱའི་དབང་གིས་མྱ་ངན་འདའ་ཚུལ་བསྟན། །དེ་ནས་སྐུ་གདུང་རིང་བསྲེལ་འབར་བ་ཡི། །དུང་དང་མེ་ཏོག་ལྷ་སྐུར་མཛེས་པ་དེ། །དཔའ་བོ་མི་དང་བདེ་གཤེགས་འཁོར་བཅས་དང་། །དམ་ཚིག་གཉེན་པོ་རྒྱུ་འབྲས་ཕྲ་ཞིབ་དེས། །བསླུ་བ་མེད་པར་འབྲོམ་རྗེ་བདག་ལ་གནང་། །བདེ་གཤེགས་ཡོངས་སུ་མྱ་ངན་འདས་གྱུར་ཀྱང་། །ཐུ་བོ་ཁྱོད་ཀྱིས་བསྟན་པའི་སྲོག་ཟུང་ལ། །འགྲོ་བ་ཀུན་གྱི་བདེ་སྐྱིད་འབྱུང་བའི་གནས། །དཀོན་མཆོག་གསུམ་གྱི་དཔལ་འབྱོར་རྒྱས་པར་མཛོད། །དེ་ལྟར་ཀུན་གྱིས་ཁོ་བོ་མངའ་གསོལ་ནས། །ཁ་བ་ཅན་འདིར་མགོན་པོའི་སྲོལ་བཟང་ནས། །བསྟན་པ་འདི་ལ་ལག་རྗེས་ཆེ་བར་བྱས། །དམ་པ་རྣམས་ཀྱིས་ལུང་བསྟན་བརྙེས་པ་ཡི། །བྱང་ཕྱོགས་རྭ་སྒྲེང་སྟེང་ཁའི་གཙུག་ལག་ཁང་། །རྒྱ་གར་རྡོ་རྗེ་གདན་དང་མཚུངས་པར་བཞེངས། །འཕྲིན་ལས་ཆེན་པོ་ཕྱོགས་བཅུར་རྒྱས་པར་བྱས། །སྐུ་མཆེད་གསུམ་སོགས་དམ་པ་དཔག་མེད་སྤེལ། །ལོག་ཆོས་ཐམས་ཅད་ཀྱི་ནའི་གཡང་ལ་བསྐྱུར། །སྐྱེས་བུ་གསུམ་སོགས་ལམ་རིམ་མ་འཆུགས་པར། །ཐུབ་བསྟན་བླ་མའི་རྣམ་ཐར་སྤྱི་བོས་བླངས། །སྡེ་སྣོད་གསུམ་ལྡན་གཞུང་ལུགས་ཐམས་ཅད་ལ། །སྒྲོ་བསྐུར་སྤངས་ནས་དྲང་པོའི་ཐིག་གིས་བསྐྱངས། །དེ་ལྟར་བྱས་པའི་མཐོང་ཆོས་བཟང་པོ་ལ། །དཀོན་མཆོག་གསུམ་གྱིས་རྟག་ཏུ་ཐུགས་རྗེས་བསྐྱངས། །མདུན་མ་ཐམས་ཅད་བཀྲ་ཤིས་དགེ་མཐར་ཕྱིན། །ད་ནི་སངས་རྒྱས་བསྟན་པ་དར་བས་བདེ། །དེ་དག་གིས་ནི། བླ་མའི་རྣམ་པར་ཐར་པ་དྲི་མ་མེད་པ་ལ་བརྟེན་ནས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི་ལ་སོགས་པར་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་དར་ཚུལ་བསྟན་པའི་ལེའུའོ།།
བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། །ཕྱོགས་གཅིག་ཙམ་ཡང་བརྗོད་པར་མི་ནུས་ཀྱང་། །བླ་མ་རྣམས་ལ་དག་སྣང་སྤེལ་བའི་ཕྱིར། །ཆུ་ཐིགས་ཙམ་འདི་འབྲོམ་གྱིས་བསྡེབས་པ་ཡིན། །དེ་ལ་ནོངས་པར་གྱུར་པ་ཅི་མཆིས་པ། །ཇོ་བོ་ཡབ་སྲས་བརྒྱུད་པར་བཅས་པ་དང་། །མངོན་ཤེས་མངའ་བའི་སྐྱེས་མཆོག་འཕགས་རྣམས་དང་། །རྒྱུ་འབྲས་ཆོས་ལ་ཀུན་ནས་སོ་སོར་བཤགས། །འདི་ལ་བརྟེན་པའི་དགེ་བའི་རྩ་བ་རྣམས། །ཀུན་ཏུ་བླ་མ་ཐམས་ཅད་མཉེས་པ་དང་། །དམ་ཚིག་གཙང་ཞིང་ས་བཅུ་བགྲོད་པ་དང་། །འགྲོ་བའི་བླ་མར་བྱང་ཆུབ་བརྙེས་གྱུར་ཏེ། །འགྲོ་བའི་སྡུག་བསྔལ་དྲུངས་ནས་འབྱིན་པར་ཤོག །བླ་མའི་རྣམ་པར་ཐར་པ་རིན་པོ་ཆེའི་ཚོགས་བསྟན་པ། དམ་པ་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ། རི་བོ་གངས་ཅན་གྱི་རྒྱུད། དབུ་རུ་བསྟན་པའི་འབྱུང་གནས། རྭ་སྒྲེང་དཔལ་གྱི་ནགས་ཁྲོད་དུ་བོད་ཀྱི་ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོ།། །།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༩ ནས་ ༣༧༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།