༄༅། །ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དོན་བསྡུས་སྙིང་པོ་བཞུགས༔
སྐབས་ལྔ་པའོ༔
ཁམས་པ་ཨོ་རྒྱན་རིན་ཆེན་གླིང་པ།
ཨོ་རྒྱན་མཁའ་འགྲོའི་སྐད་དུ༔ དྷུ་མ་ག་ཡ་ས་ཐ་ནཱ་མ༔ བོད་སྐད་དུ༔ མཚོ་རྒྱལ་གྱི་རྣམ་ཐར་དོན་བསྡུས་སྙིང་པོ་ཞེས་བྱ་བ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྫོགས་པའི་དཔལ༔ མཁའ་འགྲོ་ཡོངས་ཀྱི་སྤྱི་དཔལ་ཧེ་རུ་ཀ༔ མ་ཧཱ་གུ་རུ་མཚོ་སྐྱེས་རྗེ་ལ་འདུད༔ ད་ལྟ་བཞུགས་དང་ཕྱི་རབས་སྐལ་ལྡན་གྱི༔ དད་དང་མོས་གུས་དྭངས་བ་འདྲེན་པའི་ཕྱིར༔ ཁོ་མོའི་རྣམ་ཐར་དོན་བསྡུས་སྙིང་པོ་ཞིག༔ འདི་རུ་བཀོད་པས་སྐལ་བཟང་དགའ་བས་ཉོན༔
གདོད་མའི་ཡུམ་གྱུར་ཆོས་སྐུ་ཀུན་བཟང་མོ༔ རྒྱལ་ཀུན་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ རིགས་ཀུན་འདུས་པའི་བདག་ཉིད་དབྱིངས་ཕྱུག་མ༔ ཐུབ་པའི་སྤྱན་སྔར་གངྒཱའི་ལྷ་མོར་གྲགས༔ རྒྱལ་ཀུན་དགྱེས་བསྐྱེད་རྡོ་རྗེ་སྒེག་མོ་སྟེ༔ དྷུ་མ་ཐ་ལར་གསང་བ་ཡེ་ཤེས་མ༔ འཕགས་པའི་ཡུལ་དུ་སུ་ཁ་སིདྷི་དང༔ ཟ་ཧོར་ཡུལ་དུ་ལྷ་ལྕམ་མནྡཱ་ར༔ རྡོ་རྗེའི་སྐུ་བརྙེས་མ་ཅིག་གྲུབ་པའི་རྒྱལ༔ མི་མཇེད་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་འདིར༔ རྣམ་འཕྲུལ་དུ་མའི་འགྲོ་དོན་དཔག་མེད་མཛད༔ ཁ་བ་ཅན་དུ་མཁར་ཆེན་རིགས་སུ་ནི༔ གྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚན༔ གནུབ་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚན༔ རྡོ་རྗེ་བཙུན་མོའི་ཐུགས་ཀྱི་འོད་ཟེར་ནི༔ མངོན་བྱང་ལྔ་ཡི་ཚུལ་གྱིས་སྐུ་བལྟམས་ནས༔ ཤིང་མོ་བྱ་ལོ་སྐར་མ་རྒྱལ་ལ་ནི༔ རིགས་ཀྱི་མྱུ་གུ་སྨིན་པས་ལྷ་ཀླུ་མིས༔ མངོན་པར་བསྔགས་ཤིང་མཚོ་ཆུང་ཞིག་རྡོལ་བས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་སུ་གྲགས༔ སྣང་སེམས་འདྲེས་པས་རྡོ་ལ་ཞབས་རྗེས་བྱོན༔ མཚན་དཔེ་ལྷ་ཡི་བུ་མོའི་ལང་ཚོ་འདྲ༔ འཁོར་བའི་སྐྱོན་སྤངས་འཕགས་ནོར་བདུན་གྱིས་ཕྱུག༔ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལས༔ གྲངས་མེད་གོང་ནས་མངོན་པར་སངས་རྒྱས་ཤིང་ཁ་བ་ཅན་དུ་རིགས་ཀྱི་མྱུ་གུ་བཟུང་བའི་སྐབས་ཏེ་དང་པོའོ༔ རྒྱ་རྒྱ་རྒྱ༔
- དེ་ཚེ་འཇིག་རྟེན་སྐྱེ་བོ་ཐམས་ཅད་ཀྱིས༔ མཐོང་བས་ཡིད་འཕྲོག་ཀུན་གྱིས་ཐོབ་ཤ་བྱེད༔ སྨོན་ལམ་དབང་གིས་གསང་སྔགས་ཆོས་ལ་དད༔ འཁོར་བར་ངེས་འབྱུང་ཆོས་བྲོས་བྱོན་པ་ལས༔ བདུད་བློན་ངན་པས་བར་ཆད་རྐྱེན་གྱིས་བཤོལ༔ སུ་ལ་མ་ཐོབ་མངའ་བདག་རྒྱལ་པོ་ཡིས༔ བཅུ་གསུམ་ལོན་ཚེ་ཐུགས་བརྩེའི་བཙུན་མོར་གྱུར༔ གསང་ཆེན་སྙིང་པོའི་བསྟན་པ་འཇིག་རྟེན་དུ༔ འདྲེན་ཕྱིར་མཁན་ཆེན་བོ་དྷི་ས་ཏྭ་དང༔ འཛམ་གླིང་ཆེ་བའི་རིགས་སྔགས་འཆང་ཆེན་པ༔ སངས་རྒྱས་གཉིས་པ་སློབ་དཔོན་བོད་དུ་ཕེབས༔ འཇིག་རྟེན་དྲེགས་པ་ཀུན་གྱི་སྲོག་སྙིང་ཕུལ༔ འགྲོ་བའི་མཆོད་སྡོང་དཔལ་གྱི་བསམ་ཡས་བཞེངས༔ རྒྱལ་པོས་གསང་སྔགས་ཆོས་འཁོར་བསྐོར་ཕྱིར་དུ༔ བཅུ་དྲུག་ལོ་ལ་གུ་རུའི་གཟུངས་མར་ཕུལ༔ ལས་ཅན་ཐུགས་ཟིན་ཡོངས་ཀྱི་གཙོ་མོར་གྱུར༔ སྒོ་གསུམ་ཞབས་ཏོག་ཕུལ་ཞིང་མངའ་བདག་རྗེས༔ དགོངས་བཞེད་ཐོག་མར་ལས་ཅན་མི་དགུ་ལ༔ བསིལ་བའི་ཚལ་མཚུངས་བསམ་ཡས་མཆིམ་ཕུ་རུ༔ ཡེ་ཤེས་ཀློང་དགུའི་སྨིན་གྲོལ་རྩལ་བའི་ཚེ༔ ཁོ་མོ་མེ་ཏོག་རྡོ་རྗེ་ཕུར་པར་བབས༔ གསང་བའི་མཚན་ནི་བདེ་ཆེན་རྒྱལ་མོར་གསོལ༔ སྒྲུབ་གནས་ནེ་རིང་སེངྒེ་རྫོང་གསུམ་དུ༔ སོང་དང་དངོས་གྲུབ་བརྙེས་པར་ལུང་བསྟན་ཐོབ༔ དེ་བཞིན་སྒྲུབ་པའི་གཟུགས་ཅན་གཟུགས་མེད་ཀྱིས༔ བར་ཆད་བྱུང་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ལྷ་དང་དབྱེར་མེད་མཆོག་གི་དངོས་གྲུབ་ནི༔ སྟག་ཚང་གནས་སུ་དབང་བསྐུར་གྲུབ་པ་ཐོབ༔ ཤམ་པོ་གངས་དང་ཟབ་ལུང་མཁར་ཆུའི་བྲག༔ ཏི་སྒྲོ་ཁམས་བུ་ཚེ་ཆུ་བྲག་ལ་སོགས༔ རྗེས་འཇུག་དོན་དུ་ཉེ་རྒྱུའི་བརྟུལ་ཞུགས་བསླབས༔ རྒྱལ་སྲས་ཀུན་དང་དགོངས་པ་མཉམ་ན་ཡང༔ འགྲོ་དོན་སྙིང་སྟོབས་ཀུན་ལས་འཕགས་པར་བསྟན༔ ཕྱི་རབས་ཚེ་ལུས་གཅིག་ལ་སངས་རྒྱས་ཐོབ༔ གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་དུ༔ བདེ་སྟོང་གསང་བའི་མེ་ཏོག་ཡོན་ཕུལ་ནས༔ ཟབ་ཆོས་སྙིང་པོ་མཁའ་འགྲོའི་སྙིང་ཐིག་གསན༔ གཞན་ཡང་གནས་ཆེན་གངས་བྲག་ཐམས་ཅད་དུ༔ གུ་རུ་ཉིད་དང་ཉི་དང་ཟེར་བཞིན་དུ༔ འགྲོགས་ནས་གསང་སྔགས་ཟབ་ཆོས་མཐའ་དག་ཞུས༔ དམན་པའི་རྟེན་ལ་མངོན་པར་བྱང་ཆུབ་བརྙེས༔ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལས༔ རང་དོན་སྒྲུབ་ པ་མཐར་ཕྱིན་མཛད་པའི་སྐབས་ཏེ་གཉིས་པའོ༔ རྒྱ་རྒྱ་རྒྱ༔
དེ་ནས་གཞན་དོན་ཐུགས་རྗེས་མཛད་ཚུལ་ནི༔ གཞོན་ནུའི་དུས་ན་ཆོས་ལ་བར་གཅོད་མཁན༔ བདུད་བློན་ཤནྟི་འདྲེན་ཕྱིར་དམྱལ་བར་བྱོན༔ ངན་སོང་དོང་སྤྲུག་ཞི་ཁྲོ་དཀྱིལ་འཁོར་ལ༔ བརྟེན་ནས་ངན་སོང་ལན་གཅིག་སྟོངས་པར་མཛད༔ ཡབ་མོ་ཟ་འདྲེ་བྱང་ཆུབ་ལམ་ལ་བཀོད༔ ལྟ་ལོག་བོན་བསྣུབས་ངན་སྔགས་མཚོ་རུ་བསྐྱུར༔ ཁ་རག་ཕུག་ཏུ་རྔོན་པ་མི་བདུན་ནི༔ བདེ་སྟོང་ལམ་གྱིས་ཕྱག་རྒྱ་ཆེན་པོར་བཀོད༔ སྐབས་ཚོལ་གླགས་ལྟ་བར་ཆད་འབྱུང་པོ་རྣམས༔ ཕྱག་རྒྱ་རྣམ་བཞིས་དམ་འོག་ཚུད་པར་མཛད༔ འཕགས་པའི་ཡུལ་ཕྱིན་བསད་པའི་མི་རོ་བསླངས༔ གྲོགས་ཀྱི་མཆོག་རྙེད་ལས་ཅན་རྗེས་སུ་བཟུང༔ རྒྱལ་བ་བྱང་ཆུབ་ལ་སོགས་སྐལ་ལྡན་དང༔ མཚན་ལྡན་རིགས་ལྡན་སྣོད་ལྡན་དུ་མ་ལ༔ རང་རང་འཚམ་པའི་ཆོས་ཀྱི་རྗེས་བཟུང་ནས༔ ཕལ་ཆེར་བདག་དང་དགོངས་པ་མཉམ་པ་བྱུང༔ ཀཱ་ལ་སིདྡྷི་བཀྲ་ཤིས་ཁྱེའུ་འདྲེན་སོགས༔ སྤྲུལ་པའི་མཚན་ལྡན་གུ་རུའི་གཟུངས་མར་ཕུལ༔ རྟེན་འབྲེལ་དབང་གིས་ཆོས་སྒོ་གྲངས་མེད་ཕྱེས༔ བོད་ལ་བུ་ལྟར་བརྩེ་བའི་མ་རུ་གྱུར༔ ཆོས་དྲིན་སྐུ་དྲིན་ཆེའོ་བོད་འབངས་རྣམས༔ དྲིན་ལན་རང་གཞན་དོན་དུ་ཆོས་ལ་འབུངས༔ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལས༔ གཞན་དོན་ཐུགས་རྗེས་རྗེས་ འཛིན་མཛད་པའི་སྐབས་ཏེ་གསུམ་པའོ༔ རྒྱ་རྒྱ་རྒྱ༔
དེ་ནས་མ་འོངས་གདུལ་བྱའི་དོན་སླད་དུ༔ གུ་རུའི་ཐུགས་ཀྱི་གསང་བའི་སྒོ་ཕྱེས་ནས༔ ཆོས་སྒོ་མ་ལུས་མི་བརྗེད་གཟུངས་སུ་བཏབ༔ མ་འོངས་ལས་ཅན་ཆོས་བདག་དོན་དུ་ནི༔ རིན་ཆེན་ཤོག་བུར་མཁའ་འགྲོའི་བརྡ་ཡིག་སོགས༔ ཡིག་རིགས་དུ་མས་མི་འགྱུར་ཕྱག་རྒྱས་བཏབ༔ ཁ་བྱང་ཡང་བྱང་ཞལ་ཆེམས་སྙིང་གཏམ་སོགས༔ བརྩེ་བས་ཚིག་ཉུང་དོན་གསལ་མང་དུ་སྦས༔ དམ་རྫས་ཚན་ཆེར་སྐུ་གསུང་ཐུགས་རྟེན་བཅས༔ འཛམ་གླིང་ཀུན་དང་ཁྱད་པར་བོད་ཡུལ་གྱི༔ སྒྲུབ་གནས་གངས་བྲག་མཚོ་གླིང་ཐམས་ཅད་དུ༔ མིང་ཅན་མིང་མེད་གཏེར་ཁ་གྲངས་མེད་སྦས༔ བྲག་ཆེན་བཞི་དང་སྟག་ཚང་བཅུ་གསུམ་དང༔ གངས་རི་ཉེར་གཅིག་སྦས་ཡུལ་ཆེན་པོ་ལྔ༔ ཡང་དབེན་བྲག་ཕུག་བརྒྱད་དང་དུར་ཁྲོད་བརྒྱད༔ གནས་མཆོག་ཉེར་ལྔ་ལ་སོགས་ཞབས་ཀྱིས་བཅགས༔ གནས་ཕྲན་སྟོང་རྩ་འཛམ་གླིང་མཐའ་དབུས་སོགས༔ རྫུ་འཕྲུལ་སྟོབས་ཀྱིས་བྱིན་གྱིས་མ་བརླབས་མེད༔ མཐོང་ཐོས་དོན་ལྡན་སྐུ་དང་ཕྱག་ཞབས་རྗེས༔ ངོ་མཚར་བཀོད་པ་བསམ་ལས་འདས་པར་མཛད༔ སྤྲུལ་པ་འཛམ་གླིང་མཐའ་དབུས་གང་འདུལ་གཟུགས༔ གདོལ་པ་གཡུང་མོ་སྨད་འཚོང་ཆང་འཚོང་མ༔ ཐ་ག་ཚོས་མཁན་མོ་དང་བྲན་མོའི་ཚུལ༔ སྤྲུལ་པ་རྒྱུན་ཆད་མེད་པའི་སྨོན་ལམ་ཡོད༔ གསང་མཆོག་བདེ་བ་ཆེན་པོའི་ཡེ་ཤེས་ལ༔ བརྟེན་ནས་བཞི་པའི་ལམ་གྱིས་འོད་སྐུར་གྲུབ༔ སྐྱེ་འཆི་འཕོ་འགྱུར་བྲལ་བའི་པདྨ་འོད༔ གདོད་ནས་ཚོགས་ཀྱི་རྗེ་མོར་ལུང་བསྟན་ཐོབ༔ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལས༔ གཉིས་དོན་བསྟན་པ་མཐའ་ རྒྱས་མཛད་པའི་སྐབས་ཏེ་བཞི་པའོ༔ རྒྱ་རྒྱ་རྒྱ༔
དེ་ནས་ཁོ་མོ་དྲུག་ཅུ་རྩ་གསུམ་ལོར༔ ད་ཕྲུག་ཕ་མས་བོར་བཞིན་གུ་རུ་ཡིས༔ བདག་ཅག་བོར་ནས་རྔ་ཡབ་གླིང་དུ་གཤེགས༔ ཤུལ་དུ་ལྷག་པའི་དམན་མོ་མཚོ་རྒྱལ་གྱིས༔ གསུང་རབ་མཐའ་དག་ཀུན་གྱི་བསྡུ་བ་མཛད༔ གཏེར་ཆེན་གཏེར་ཕྲན་མ་ལུས་ཞབས་བསྟམ་ནས༔ བོད་ཡུལ་བགྲང་བྱ་ཉིས་བརྒྱ་ཉེ་བ་ན༔ ཟབ་བུ་ལུང་དུ་བྱ་ཟླའི་ཚེས་བཅུ་ལ༔ དཔའ་བོ་ཌཱཀྐིའི་མཆོད་སྤྲིན་རྒྱ་མཚོར་བཅས༔ བཀྲ་ཤིས་ཁྱེའུ་འདྲེན་ཀཱ་ལ་སིདྡྷི་གཉིས༔ ཐུགས་ཀྱི་གཡས་གཡོན་འོད་ཀྱི་གོང་བུར་བསྡུས༔ བོད་ཡུལ་སྤྱི་དང་བྱེ་བྲག་བུ་སློབ་ལ༔ ཞལ་གདམས་ཐུགས་བརྩེའི་བསླབ་བྱ་རྒྱས་པར་སྩལ༔ པདྨ་འོད་དུ་མངོན་སུམ་རོལ་པས་ཕེབས༔ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་མཛད༔ ཤ་ཟ་སྲིན་པོའི་སྣང་ངོར་མཐིང་འོད་འབར༔ གུ་རུའི་དྲུང་ན་བདེ་ཆེན་རྒྱལ་མོ་ཞེས༔ ཉི་དང་ཟེར་བཞིན་འདུ་འབྲལ་མེད་པར་བཞུགས༔ རྟག་ཏུ་བོད་འབངས་འགྲོ་ལ་ཐུགས་རྗེས་གཟིགས༔ ཁྱད་པར་ལས་ཅན་རྗེས་འཇུག་ཡོངས་ལ་བརྩེ༔ སྐལ་ལྡན་ཀུན་ལ་དབང་བསྐུར་བྱིན་གྱིས་བརླབས༔ སྐལ་དམན་རྒྱུད་ལ་ཐར་པའི་ས་བོན་འདེབས༔ ལས་ཅན་ཀུན་ལ་བླང་དོར་ལུང་བསྟན་སྩལ༔ སྒྲུབ་པ་པོ་ལ་བདེ་ཆེན་ཡེ་ཤེས་བསྐྱེད༔ རྟག་ཏུ་གསོལ་བ་འདེབས་ལ་ཞལ་སྟོན་ཅིང༔ བསམ་ཡས་རྒྱུན་ཆད་མེད་པའི་བཀའ་དྲིན་ཅན༔ བོད་འབངས་བུ་ལྟར་བརྩེ་བའི་མ་གཅིག་མ༔ བདག་ལ་མོས་པའི་མ་འོངས་རྗེས་འཇུག་རྣམས༔ པདྨ་འོད་དུ་ང་དང་འདུ་འབྲལ་མེད༔ དེ་ཕྱིར་ང་ལ་རྟག་ཏུ་གསོལ་བ་ཐོབ༔ ཉེར་ལྔ་ནམ་བྱུང་ཚོགས་ཀྱི་འཁོར་ལོ་གྱིས༔ ས་ལམ་བར་ཆད་མ་ལུས་དེ་ཡིས་སེལ༔ ཕྱི་ནང་འདུ་བ་འཛོམ་པའི་རྟེན་འབྲེལ་ལས༔ ཉམས་རྟོགས་ཡོན་ཏན་མ་འབད་ཤུགས་ཀྱིས་སྐྱེ༔ བདེ་ཆེན་ལྷན་སྐྱེས་རྟོགས་པ་ནང་ནས་འཆར༔ སྨྲ་བརྗོད་བྲལ་བས་མངོན་སུམ་དོན་མཐོང་ཚེ༔ ཆོས་ཉིད་དོན་གྱི་བཟང་མོ་དེ་ཁོ་ན༔ དགོངས་བརྒྱུད་བྱིན་རླབས་འཕོ་བ་ཐོབ་པ་ཡིན༔ ཚེ་འདིར་མངོན་སུམ་འོད་སྐུར་མ་གྲུབ་ཀྱང༔ འཆི་བའི་སྡུག་བསྔལ་མི་ཚོར་ང་དང་མཇལ༔ མ་བུ་ལྷན་གཅིག་པདྨ་འོད་དུ་འདོང༔ འབྲེལ་ཚད་དོན་ལྡན་ཡིན་ནོ་ཕྱི་རབས་རྣམས༔ ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡིས༔ བོད་འབངས་སྤྱི་མཐུན་ཐུགས་ལ་དེ་ལྟར་ཞོག༔ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལས༔ རྔ་ཡབ་པདྨ་འོད་དུ་སྐུའི་བཀོད་པ་བསྡུ་ཚུལ་དང་ཞལ་གདམས་བསླབ་བྱ་སྩལ་ བའི་སྐབས་ཏེ་ལྔ་པའོ༔ རྒྱ་རྒྱ་རྒྱ༔ ཁ་ཐིམ༔ གུ་ཧྱཿ ཅེས་རབ་ཚེས་ཤིང་ཕོ་སྟག་གི་ལོ་ཁམས་པ་ཨོ་རྒྱན་རིན་ཆེན་གླིང་པས་གྲུ་གུ་ལྷོ་བྲག་ཤེལ་གྱི་ཡང་རྫོང་ནས་སྤྱན་དྲངས་པའི་ཤོག་སེར་ལས་དེ་འཕྲལ་ཉིད་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱིའི་རིགས་སྲས་ཨཱ་མུསྒའི་མིང་ཅན་གྱིས་བགྱིས་པའོ༔ དགེའོ། །ཨྃ
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།