ས་གཅོད་ལོ་རྒྱུས་སམ་ཐུན་མོང་མ་ཡིན་པ་རིན་ཆེན་སྤུངས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས།

༄༅། །ས་གཅོད་ལོ་རྒྱུས་སམ་ཐུན་མོང་མ་ཡིན་པ་རིན་ཆེན་སྤུངས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས།[1]

 

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐུན་མོང་མ་ཡིན་པའི་གདམ་ངག་རིན་ཆེན་སྤུངས་པ་འདི་ལ་དོན་གསུམ། ཉན་པ་དང་། བཤད་པ་ལམ་དུ་ཁྱེར་བར་བྱ་བའི་ཆེད་དུ་ཐབས་ཀྱིས་ཟིན་པའི་གདམ་ངག་དང་། ཐེ་ཚོམ་མེད་ཅིང་ཡིད་ཆེས་པའི་གུས་པ་བརྟན་པོ་བསྐྱེད་པར་བྱ་བའི་ཆེད་དུ་བརྒྱུད་པ་ལོ་རྒྱུས་ཀྱི་གདམ་ངག་དང་། དེ་ལྟར་བརྒྱུད་པའི་གདམ་ངག་དེ་རྒྱུད་ལ་བཀལ་བར་བྱ་བའི་ཕྱིར་ལྟ་སྒོམ་སྤྱོད་གསུམ་གྱི་གདམ་ངག་གེགས་སེལ་བོགས་འདོན་དང་བཅས་ཏེ་བསྟན་པའོ།།

དང་པོ་ལ་གཉིས། བཤད་པ་ལམ་དུ་ཁྱེར་བར་བྱ་བའི་ཆེད་དུ་ཐབས་ཀྱིས་ཟིན་པའི་གདམ་ངག་དང་། ཉན་པ་ལམ་དུ་ཁྱེར་བར་བྱ་བའི་ཆེད་དུ་ཐབས་ཀྱིས་ཟིན་པའི་གདམ་ངག་གོ །དེ་ཡང་དང་པོ་ནི། འཆད་པ་པོའི་དགེ་བའི་བཤེས་གཉེན་དེས་ཀྱང་ཆོས་འཆད་པའི་དུས་སུ་ཕྱག་རྒྱའམ་དམ་ཚིག་གསུམ་དང་མ་བྲལ་བའི་བྱས་ནས་ཆོས་འཆད་དགོས་པ་ཡིན། དེ་ཡང་ཕྱག་རྒྱའམ་དམ་ཚིག་གསུམ་ཞེས་པ་ནི། མི་འདའ་བར་བྱེད་པས་ན་ཕྱག་རྒྱ། མི་ཉམས་པར་བྱེད་པས་ན་དམ་ཚིག་ཡིན་པས། དེ་ལ་དོན་གསུམ། ལུས་ཀྱི་ཕྱག་རྒྱའམ་དམ་ཚིག་དང་། ངག་གི་དང་། ཡིད་ཀྱིའོ།།

དང་པོ་ནི་ཆོས་འཆད་པའི་དུས་སུ་ལུས་ཀྱི་སྤྱོད་ལ་མ་དག་པ་དང་། ཉལ་བ་དང་བསྙེས་པའི་སྤྱོད་ལམ་གྱི་སྒོ་ནས་ཆོས་མི་བཤད། དཀྱིལ་དཀྲུང་ངམ་ཕྱེད་ཀྲུང་ངམ། བྱམས་པའི་བཞུགས་ཐབས་ལྟར་བྱས་ལ་ཆོད་བཤད། གཉིས་པ་ངག་གི་ཕྱག་རྒྱའམ་དམ་ཚིག་ནི། ཆོས་འཆད་པའི་དུས་སུ་ཀུ་རེ་དང་བཞད་གད་དང་། ཚོང་དང་འཁྲུག་པ་སོགས་པའི་ལོ་རྒྱུས་མི་བཤད། དེ་རྣམས་དང་མ་འདྲེས་པར་ཆོས་རང་སྐད་དུ་སི་ལེ་བཤད། གསུམ་པ་ཡིད་ཀྱི་ཕྱག་རྒྱའམ་དམ་ཚིག་ནི། ཆོད་འཆད་པའི་དུས་སུ་བསམ་པ་མ་དག་པའི་དྲི་མ་གསུམ་དོར་ནས་ཆོས་འཆད་དགོས་པ་ཡིན།

དེ་ལ་མ་དག་པའི་དྲི་མ་གསུམ་ནི། ཚེ་འདི་དོན་དུ་གཉེར་བའི་བསམ་པ་དང་། འཁོར་བ་དོན་དུ་གཉེར་བའི་བསམ་པ་དང་། རང་གཅིག་པུ་དོན་དུ་གཉེར་བའི་བསམ་པ་གསུམ་སྤངས་ནས། སྦྱོར་བའི་གནས་སྐབས་སུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་བ་ནི། འགྲོ་བ་རིགས་ལྔའམ་དྲུག་གིས་འདུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པ་མེད། མ་མ་བྱས་པ་མེད། ཕ་མ་དྲིན་ཅན་ཤ་སྟག་ཡིན་སྙམ་དུ་བསམ། དྲིན་ཅན་འདི་རྣམས་འཁོར་བ་ནས་སྡུག་བསྔལ་བར་འདུག་པ་འདི་རྣམས་སྙིང་རྗེ་སྙམ་དུ་བསམ། འདི་རྣམས་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ལོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་འདི་འཆད་དགོས་སྙམ་དུ་བསམ། དངོས་གཞིའི་གནས་སྐབས་སུ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་གདོད་མ་ནས་རྣམ་པར་དག་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་གཅིག་ཏུ་གཏན་ལ་ཕབ་ལ། དེའི་ངང་ལས་མ་གཡོས་པར་བྱས་ནས། ཆོས་འཆད་པའི་སྒྲ་ཐམས་ཅད་བྲག་ཆ་ལྟ་བུ་ལ། དོན་གཉིས་སུ་མེད་པའི་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་དུ་འཆད་དགོས་པ་ཡིན།

རྗེས་ཀྱི་གནས་སྐབས་སུ་དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཚུལ་དུ་ཆོས་བཤད་པའི་དགེ་བའི་རྩ་བ་དེ་ཡང་བསྔོ་བར་བྱ་སྟེ། བདག་གིས་ཆོས་བཤད་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུ་ཁོ་ནར་གྱུར་ཅིག་ཅེས་བསྔོས་ན། བཤད་པའི་དགེ་བ་དེ་ཐམས་ཅད་ཐབས་ཀྱིས་ཟིན་པས། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་གྱུར་ཅིང་ལམ་དུ་འགྱུར་བ་ཡིན། དེ་ལྟར་བཤད་ན་གནས་སྐབས་སུ་ཉན་པ་པོའི་སློབ་མ་རྣམས་ཀྱི་བློ་ལ་ཡང་གོ་བར་སླ་བའམ་རྟོགས་པར་སླ་བའམ། སེམས་ལ་ཕན་པ་ན་འོས་པ་ལགས་སྐད།

༈ གཉིས་པ་ཐོས་པའི་ལམ་དུ་ཁྱེར་བར་བྱ་བའི་ཆེད་དུ་ཐབས་ཀྱིས་ཟིན་པའི་གདམ་ངག་ནི། ཆོས་ཉན་པར་འདོད་པའི་རྟེན་གྱི་གང་ཟག་དེས་ཕྱག་རྒྱའམ་དམ་ཚིག་གསུམ་དང་ལྡན་པར་བྱས་ལ་ཆོས་མཉན་གསུང་། དེ་ལ་གསུམ་ཡོད་པ་ལས། དང་པོ་ལུས་ཀྱི་ཕྱག་རྒྱའམ་དམ་ཚིག་ནི། མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤངས་ནས་གུས་པའི་སྤྱོད་ལམ་དང་ལྡན་པར་བྱས་ནས་ཆོས་ཉན་པ་ཡིན་ཏེ། དེ་ཡང་མ་གུས་པའི་སྤྱོད་ལམ་ནི། གདུགས་ཕིབས་པ་དང་། འཁར་བའི་ཨོམ་ཚུགས་དང་། མཚོན་ཐོགས་པ་དང་། མགོ་འཐུམ་བརྡུམས་པ་དང་། ཐད་གོན་པོ་ལ་སོགས་པའི་སྤྱོད་ལམ་དེ་རྣམས་ཀྱི་སྒོ་ནས་ཆོས་མཉན་དུ་མི་རུང་། དེ་ལྟར་ཡང་སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང་སྤྱོད་འཇུག་གི་ཆོས་ཀྱི་སྦྱིན་པ་བྱེད་པ་ལ་སྣོད་བརྟག་པའི་སྐབས་སུ། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་དཀྲིས་དང༌། །གདུགས་དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་གཡོགས་པ་དག་ལའང་མིན། །ཞེས་གསུངས་པས་དེས་ན་སྤྱོད་ལམ་དེ་ལྟ་བུའི་སྒོ་ནས་ཆོས་མཉན་དུ་མི་རུང་། གུས་པའི་སྤྱོད་ལམ་བྱ་བར་ས་ཕྱོགས་དམའ་བའི་ཕྱོགས་སུ་བསྟན་དམའ་བ་སྡོད་པ་དང་། ལུས་གུས་པ་དང་བཅས་པའི་སྒོ་ནས་ཆོས་མཉན།

གཉིས་པ་ངག་གི་ཕྱག་རྒྱའམ་དམ་ཚིག་ནི། ངག་གི་སྨྲ་བ་མ་དག་པ་ཐམས་ཅད་སྤངས་ལ། ངག་གུས་པའི་སྒོ་ནས་ཆོས་མཉན་པ་ཡིན། སྤྱིར་ངག་གི་སྨྲ་བ་མ་དག་པ་ནི་ཆོས་དང་མི་མཐུན་པའི་གཏམ་ཐམས་ཅད་ཡིན་ལ། ཁྱད་པར་དུ་ངག་འཁྱལ་བ་རྣམས་ཀྱི་ནང་ནས་ཉེས་པ་ཆེ་བ་དག་གོ །གཞན་ཆོས་མཉན་པའི་བློ་གཡོ་བ་བྱ་བ་ཡིན་ཏེ། དེ་ཡང་གཞན་མ་ཡེངས་པར་ཉན་པ་ལ་སླ་བ་ལ་སོགས་པའི་སྒོ་ནས་ཡེངས་སུ་འཇུག་པ་དེ་ཤིན་ཏུ་ཉེས་པ་ཆེ་བ་ཡིན་པས། དེ་ལྟ་བུའི་སྒོ་ནས་ཆོས་མཉན་དུ་མི་རུང་། འཆད་པ་པོའི་ངག་ལས་མ་ཡེངས་པར་ཆོས་མཉན་གསུང་།

གསུམ་པ་ཡིད་ཀྱི་ཕྱག་རྒྱའམ་དམ་ཚིག་ནི། བསམ་པ་མ་དག་པའི་དྲི་མ་བཞི་དང་བྲལ་བར་བྱས་ནས། བསམ་པ་རྣམ་པ་བཞི་དང་ལྡན་པར་བྱ་སྟེ། དེ་ཡང་བདག་ཉིད་ལས་རྩོད་པ་ལས་རྒྱལ་བའི་བསམ་པས་ནི་མ་ཡིན། ཉོན་མོངས་ལ་སོགས་པའི་དགྲ་ལས་རྒྱལ་བར་འདོད་པའི་བསམ་པས་ཆོས་མཉན། ཉོན་མོངས་པ་དེ་དགྲ་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང་། སྤྱོད་འཇུག་ལས། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ལྡན་དགྲ་འདིས་ནི། །གང་དང་འཕྲད་ན་རི་རབ་ཀྱང༌། །ཐལ་བ་ཙམ་ཡང་མ་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །ཞེས་གསུངས་པའོ།།

བདག་ཉིད་རྙེད་པ་དང་བཀུར་སྟི་ཆེན་པོ་ཐོབ་པར་འདོད་པའི་བསམ་པས་ནི་མ་ཡིན། སངས་རྒྱས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐོབ་པར་འདོད་པའི་བསམ་པས་ཆོས་མཉན། བདག་ཉིད་བསྒྲགས་པར་འདོད་པའི་བསམ་པས་ནི་མ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་བསམ་པས་ཆོས་མཉན། འཆད་པ་པོའི་མཚང་འབྲུ་བའི་བསམ་པས་ནི་མ་ཡིན། འཆད་པ་པོ་ལ་གུས་པའི་བསམ་པས་ཆོས་མཉན་པ་ཡིན་ཏེ། དེ་ལ་འདུ་ཤེས་བཞིས་ཟིན་པར་བྱ་དགོས་ཏེ། འཆད་པ་པོ་ལ་སྨན་པ་མཁས་པའི་འདུ་ཤེས། བདག་ཉིད་ལ་ནད་པའི་འདུ་ཤེས། ཉོན་མོངས་པ་ལ་ནད་དམ་པའི་འདུ་ཤེས། ཐེག་པ་ཆེན་པོའི་ཆོས་ལ་སྨན་བཟང་པོའི་འདུ་ཤེས་དང་། འདུ་ཤེས་བཞི་པོ་དེས་ཟིན་པར་བྱས་ལ་ཆོས་མཉན་གསུང་། འོ་ན་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པ་ཅི་སྙམ་ན། དཔེར་ན། སྨན་པ་མཁས་པ་གཅིག་གིས་ནད་པ་གཅེས་པ་གཅིག་ལ་འཆོས་པའི་འདུ་ཤེས། སྨན་པ་དེས་ནད་པ་དེའི་ནད་ལ་ཕན་པའི་སྨན་དང་སྤྱོད་ལམ་ཐམས་ཅད་ལུས་ལ་བརྟེན་དུ་འཇུག །ནད་ལ་གནོད་པའི་ཟས་དང་སྤྱོད་ལམ་ཐམས་ཅད་སྤོང་དུ་འཇུག །དཔེ་དེ་དང་འདྲ་བར་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་དེས་ཀྱང་། སློབ་མ་རྣམས་ལ་ཉམས་སུ་བླང་བར་བྱའི་ཐབས་ཐམས་ཅད་འདི་ལྟར་ཉམས་སུ་ལོངས་ཤིག་ཅེས་བསྟན་པར་བྱེད། སྤང་བར་བྱ་བའི་ཆོས་ཐམས་ཅད་ཀྱང་འདི་ལྟར་ཉམས་སུ་མ་ལེན་པར་སྤོངས་ཤིག་ཅེས་སྟོན་པར་བྱེད་པས་ན་སྨན་པ་མཁས་པའི་འདུ་ཤེས་སུ་བྱས་ལ་ཆོས་མཉན་གསུང་།

བདག་ཉིད་ལ་ནད་པའི་འདུ་ཤེས་ནི། དཔེར་ན། ནད་པ་དེ་ནད་ལས་གྲོལ་བར་འདོད་པ་བཞིན་དུ། བདག་ཉིད་ཀྱང་ནད་དེ་འདྲ་བ་རང་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ལ་ནད་དམ་པའི་འདུ་ཤེས་ཉེ་བར་བཞག་ལ་ཆོས་མཉན་ཞེས་པ་ནི། དཔེར་ན། ནད་དེས་ཀྱང་ཆུང་ངུ་ལུས་ལ་ན་ཚ་དང་སྡུག་བསྔལ་སྣ་ཚོགས་པ་བསྐྱེད་པར་བྱེད་ལ། ཚེ་སྲོག་གི་དབང་པོ་ཡང་འཕྲོག་པར་བྱེད་ལ། ཆེར་མནར་མེད་པའི་སེམས་ཅན་དམྱལ་བར་ཡང་འཁྲིད་པར་བྱེད་པས་ན་ཉོན་མོངས་པ་ལ་ནད་དམ་པའི་འདུ་ཤེས་ཉེ་བར་བཞག་ལ་ཆོས་མཉན།

ཐེག་པ་ཆེན་པོའི་ཆོས་ལ་སྨན་བཟང་པོའི་འདུ་ཤེས་ཉེ་བར་བཞག་ལ་ཆོས་མཉན་ཞེས་པ་ནི། སྨན་ལ་ཆོས་གསུམ་ཡོད། དེ་ཡང་དྲིའི་དུས་སུ་ནད་ཐམས་ཅད་མགོ་འཁྲུག་པར་བྱེད། རོའི་དུས་སུ་ནད་ཐམས་ཅད་མགོ་གནོན་པར་བྱེད། ཞུ་རྗེས་ཀྱི་གནས་སྐབས་སུ་ནད་ཐམས་ཅད་སྒོར་འབྱིན་པར་བྱེད། དཔེ་དེ་བཞིན་དུ་སྨན་དང་འདྲ་བའི་ཐེག་པ་ཆེན་པོའི་ཆོས་འདིས་ཀྱང་། ཐོས་པའི་དུས་སུ་ཉོན་མོངས་པ་ཐམས་ཅད་མགོ་འཁྲུག་པར་བྱེད། བསམ་པའི་དུས་སུ་ཉོན་མོངས་པ་ཐམས་ཅད་མགོ་གནོན་པར་བྱེད། སྒོམ་པའི་དུས་སུ་ཉོན་མོངས་པ་ཐམས་ཅད་རྩ་བ་ནས་སྤོང་བར་བྱེད་པས་ན། ཐེག་པ་ཆེན་པོའི་ཆོས་ལ་སྨན་བཟང་པོའི་འདུ་ཤེས་ཉེ་བར་བཞག་ལ་ཆོས་མཉན་གསུང་།

དང་པ་ཐོས་པ་ལས་བྱུང་བའི་ཤེས་རབ་རྒྱུད་ལ་བསྐྱེད་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་ཐོས་པ་བྱེད་པའི་དུས་སུ། བསམ་པ་མ་དག་པའི་དྲི་མ་གསུམ་བྲལ་བར་བྱ་སྟེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱིས་ཟིན་པར་བྱས་ལ་ཆོས་མཉན། དངོས་གཞིའི་དུས་སུ་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན། དེ་ཡང་གདོད་མ་ནས་རྣམ་པར་དག་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་སྙམ་དུ་ཐུགས་ལ་མཛོད་ལ། དེའི་དོན་དང་མ་བྲལ་བར་བྱས་ལ་ཆོས་མཉན་པ་ལ་ཐུགས་མ་ཡེངས་པར་མཛོད། རྗེས་སུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ན། ཐོས་བསམ་བྱས་པ་དེ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུ་ཁོ་ནར་འགྱུར་བ་ཡིན་གསུང་།

༈ གཉིས་པ་ཐེ་ཚོམ་མེད་ཅིང་། ཡིད་ཆེས་པའི་གུས་པ་བརྟན་པོ་བསྐྱེད་པར་བྱ་བའི་ཕྱིར་བརྒྱུད་པ་ལོ་རྒྱུས་ཀྱི་གདམ་ངག་ནི། ས་བཅུ་པའི་དབང་ཕྱུག་མགོན་པོ་བྱམས་པས་བླ་མ་གསེར་གླིང་པ་ལ་བཤད། རྡོ་རྗེ་འཆང་གིས་ཕྱག་ན་རྡོ་རྗེ་ལ་བཤད། དེས་མཁའ་འགྲོ་མ་དམ་པ་རྒྱན་ལ་གསུངས། དེས་སློབ་དཔོན་ཡེ་ཤེས་བཟང་པོ་ལ། དེས་ཇོ་བོ་སྨྲི་ཏི་ཛྙཱ་ན་ཀཱིརྟི་ལ་བཤད། ཇོ་བོ་སྨྲི་ཏི་དེ་རིག་པའི་འབྱུང་གནས་མ་གྷ་དྷར་སྐུ་འཁྲུངས་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རིག་པའི་གནས་ལྔ་ལ་སློབ་སྦྱོང་མཐར་ཕྱིན་པར་མཛད་པ། འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་རྒྱ་མཚོ། སྡུག་བསྔལ་མེ་ཚོགས་སྤུངས་པ་ལྟ་བུར་འདུག་པས། འཁོར་བའི་སྡུག་བསྔལ་འདི་ལས་ཅི་ཐར་བྱས་ལ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱ་དགོས་སྙམ་ནས། གོང་མའི་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་བསྲུངས་པས་ཉེས་ལྟུང་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའི་རྟེན་གྱི་གང་ཟག །ཇོ་བོ་མཁས་ལ་བཙུན་པ་དེ། ཐུགས་རྗེས་བོད་ལ་ཕན་གདགས་པར་ཐུགས་ཀྱིས་དགོངས་ནས། དཔེ་ཆ་མང་དུ་སྤྱན་དྲངས་ནས་བོད་དུ་བྱོན་པས། རྩང་ལ་བསྟོད་ཁྭ་ལ་གཡག་མྱིག་ཏུ་བྱོན་པས། ཇོ་བོ་དེ་སྐུ་ལུས་གནག་པ་ཆུང་བ་བརྡ་འཐོམ་མོན་གྱི་ཕྲུ་གུ་འདྲ་བ་ན་བཞུགས་པས། ཡུལ་མི་རྣམས་ཀྱིས་པཎྜི་ཏ་ཆེན་པོ་ཡིན་པར་ངོ་མ་ཤེས་པས་ཇོ་བོ་ལ་ཁྱོད་ཀྱིས་ཕྱུགས་འཚོ་བ་འོང་ངམ་བྱས་པས། འོང་གིས་གསུངས་ནས་ར་ལུག་འཚོ་བར་ཞལ་གྱིས་བཞེས་པ་དང་། ཇོ་བོའི་ཐུགས་དགོངས་ལ་དཔེ་ཆ་འདི་ཚོ་འོ་བརྒྱལ་དེ་འགྲོ་བས་འདི་རྣམས་གཏེར་དུ་སྦ་དགོས་སྙམ་ནས། ཝ་བརྒྱད་བཅུ་འཕྲང་རྩ་ལྔར་གངས་ཀྱི་ར་བར་བྲག་ཕུག་ལ་དྲིས་བྱུགས། དཔེ་རྣམས་རས་ཀྱི་ན་བཟར་དྲིལ་ནས་གཏེར་དུ་སྦས་ནས་ལས་ངན་གྱི་སྒྲིབ་པ་སྦྱང་བའི་ཕྱིར་ར་རྫི་ལོ་གསུམ་མཛད། ཇོ་བོ་དེས་དགུག་པ་དང་རེངས་པ་དང་བསྐྲད་པའི་ལས་འགྲུབ་པས། ར་ལུག་ཟས་ལ་འགྲེམས་པའི་ཚེ་རས་ཀྱི་སྟེང་དུ་ནས་སྦར་མོ་གང་བརྡལ་ནས་སྤྱང་ཀི་དང་འཕར་བ་ལ་སོགས་པའི་འཚེ་བ་དང་བྲལ། དགོང་མོ་བསྡུ་བར་འདོད་པའི་དུས་སུ། ནས་བརྡལ་བ་དེ་རྣམས་བསྡུས་ནས་ལྷས་སུ་བརྡུམས་པས་ར་ལུག་མདུན་དུ་སྤུངས་ཀྱིས་འོང་། དེ་ནས་ཁྱིམ་པ་རྣམས་ལ་གཏད་དོ། །

ནུབ་མོ་ས་ཕུག་གམ་བྲག་ཕུག་གམ་ལྷ་ཁང་རལ་པོ་ལ་སོགས་པ་རྣམས་སུ། གཉིད་དང་རྨུགས་པ་སྤངས་ཏེ་རྟག་ཏུ་མཉམ་པར་བཞག་པས་རང་ལུས་གཞན་ལུས་ཐམས་ཅད་ཀྱང་དུར་ཁྲོད་ཆེན་པོའི་འདུ་ཤེས་སུ་མཉམ་བཞག་དང་རྗེས་ཐོབ་མེད་པར་འབྱུང་། རྐེང་རུས་ཀྱི་སྤྲོ་བསྡུ་བསྒོམས་པས། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀེང་རུས་ཀྱི་སྣང་བར་ཤར་བས་ལུས་ལ་གཙང་བར་འཛིན་པའི་རྟོག་པ་རང་ཞི་ནས། རང་དང་གཞན་གྱི་ལུས་ལ་ཆགས་ཤིང་ཞེན་པ་དང་བྲལ། ནང་དུ་རྩ་དང་རླུང་གི་རྟེན་འབྲེལ་གྱིས་མངོན་པར་ཤེས་པ་ཆགས་ཐོགས་ཅན་དུ་ཤར། ཇོ་བོ་སྒྲོལ་མ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་བསྟིབས་པ་ཙམ་གྱི་ཞལ་གཟིགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ལགས་སྐད། དེ་ནས་ལོ་ཧྲིལ་གཅིག་ཏུ་སྟག་རིས་དང་སྟག་སྡེ་ཐམས་ཅད་དུ་བསོད་སྙོམས་མཛད། དེ་ནས་ཝ་བརྒྱད་བཅུ་འཕྲང་དུ་ཡར་ཕྱིན་ནས་ཟླ་བ་གསུམ་ར་རྫི་མཛད་ཙམ་ན། རྒྱ་གར་ནས་ཨ་ཙ་ར་བྱུང་བ་རྣམས་ཀྱིས་ངོ་ཤེས་ནས།

མཁས་པ་སྨྲི་ཏི་ཛྙཱ་ན་ཀིརྟི་ཁྱེད། །དམན་ས་བཟུང་ནས་ར་ལུག་འཚོ་བ་འདི། །

བདག་ཅག་ངུ་བྲོ་ཆུ་མ་རྐུ་བར་འདུག །མཐའ་འཁོབ་ཀྱི་མི་གླེན་པ་སྐྱུག་བྲོ་བར་འདུག །

ཇོ་བོ་སྨྲི་ཏི་འདྲ་བའི་མཁས་པ་ངོ་མ་ཤེས་པར་ཟེར་བ་དང་། ཐམས་ཅད་ཀྱིས་པཎྜི་ཏ་མཁས་པ་ཡིན་པར་ངོ་ཤེས་ནས། དགེ་བའི་བཤེས་གཉེན་གླན་བྲེས་པས་སྤྱན་དྲངས་ནས་ཆོས་བཙུགས་པ་དང་། ཇོ་བོས་རང་འགྱུར་མཛད་ནས་ཆོས་མང་དུ་གསུངས་པས། བོད་ཀྱི་མི་ཆེན་ཐམས་ཅད་འདུས། བསྙེན་བཀུར་གསེར་གཡུའི་ཆར་པ་བབས་པས། ཇོ་བོའི་ཐུགས་དགོངས་ལ། བདག་སངས་རྒྱས་བསྒྲུབ་པ་ལ་བདུད་ཀྱི་བར་ཆད་གཅིག་འབྱུང་ངེས་པར་འདུག །མཚན་མའི་སྤྲོས་པ་གཅིག་སྐྱེས་ངེས་པར་འདུག །འཁོར་བའི་གཡང་ས་ལ་ལྷུང་ངེས་པར་འདུག །འདོད་པའི་འདམ་དུ་འབྱིང་ངེས་པར་འདུག །གཡེང་བའི་རླུང་གིས་འཁྱེར་ངེས་པར་འདུག་པས། ད་འདིར་བསྡད་པས་མི་ཡོང་འགྲོ་དགོས་པར་འདུག་སྙམ་ནས། ཝ་བརྒྱད་བཅུ་འཕྲད་ནས་དཔེ་སྦས་པ་བླངས་ནས་ཁམས་སུ་གཤེགས། སོག་གི་དབེན་ཕུག་གོང་མར་དཔེ་ཆ་ཕྱེད་གཏེར་དུ་སྦས། ཕྱེད་སྤྱན་དྲངས་ནས་འབྲི་ཀླུང་དུ་བྱོན་ནས། ཀློང་ཐང་སྒྲོལ་མར་ར་རྫི་པཎྜི་ཏ་མཁས་པ་གཅིག་ཡིན་ནམ་བྱ་བའི་གྲགས་པ་བྱུང་བས། གྲུ་དང་ཚར་འགྱུར་ལ་སོགས་པ་རིག་པ་རྣོ་བ་ཐམས་ཅད་ཀྱིས་ཀྱང་ཆོས་འདྲི་མ་ནུས་པར། མཁས་པ་ཡིན་མིན་གྱི་མོ་བཏབ། དུས་ཕྱིས་རིག་པའི་གནས་ལ་མཁས་པའི་པཎྜི་ཏ་ཆེན་པོ་ཡིན་པའི་སྒྲ་ཐོས་པ་དང་། འབྲི་ཀླུང་སྟོད་སྨད་ཀྱི་མི་ཆེན་ཐམས་ཅད་འཚོགས་ནས་ཆོས་ཞུས་པས། ཇོ་བོས་རང་འགྱུར་མཛད་ནས། མངོན་པ་མཛོད་དང་། སྨྲ་བའི་སྒོ་མཚོན་ཆ་ལ་སོགས་པ་མདོ་དང་བསྟན་བཅོས་མང་དུ་གསུངས། དེ་ནས་ཡང་དེར་བཞུགས་ན་གཡེང་བས་འཁྱེར་བར་ཐུགས་ཀྱིས་དགོངས་ནས་དེར་མ་བཞུགས་པར་མདོ་སྨད་དུ་གཤེགས་པར་གདའ།

དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཇོ་བོ་སྨྲི་ཏི་ལ་རྟ་ནག་ཚུལ་ཁྲིམས་སྙིང་པོས་གསན། དེ་ཇི་ལྟར་གསན་ན་དུས་ཚོད་དེ་ཙ་ན་རྒྱ་གར་ཤར་ཕྱོགས་ན་རིག་པའི་གནས་ལྔ་ལ་མཁྱེན་པ་སྦྱངས་པའི་མངོན་ཤེས་ཅན་ཞེས་བྱ་བ་གྲུབ་ཐོབ་པ་གཅིག་བཞུགས་བྱ་བའི་གྲགས་པ་སྙན་པ་ཐོས་པས། ལ་ཚེ་བ་འགོས་དང་། ཤངས་ཀྱི་རྣལ་འབྱོར་པ་ར་བོ་ཆེ་གཉིས་ཀྱིས་གསེར་སྲང་བརྒྱ་དང་བཅུ་འཁྱེར་ནས་པཎྜི་ཏ་མངོན་ཤེས་ཅན་གྱི་དྲུང་དུ་བྱོན་ནས། གསེར་རྣམས་མེ་ཏོག་བྱས་ནས་ཆོས་ཞུས་པས། བླ་མ་གསེར་མ་བཞེས་པར་ཁྱེད་ཐག་རིང་ནས་ཆོས་ལ་བྱོན་པར་འདུག་པས། ཆོས་གང་འདོད་པ་སྦྱིན་ནོ་གསུངས་ནས་འགོས་ལ་འཕགས་སྐོར་གྱི་གཞུང་བཤད་གནང་། ར་བོ་ཆེ་ལ་ཉམས་ལེན་གྱི་གདམ་ངག །ཕྱི་བཤུར་བ་དང་ནང་བཤུར་བའི་གདམ་ངག་གནང་ནས། མངོན་ཤེས་ཅན་གྱི་ཞལ་ནས། ངའི་ཆོས་འདི་རྣམས་མི་རབས་གཉིས་ཀྱི་བར་དུ་བོད་ལ་ཕན་ཐོགས་ཆེ་བར་འོང་། དེ་ནས་ཉི་མ་ནུབ་པ་བཞིན་དུ་གདམ་ངག་བག་ལ་ཞ་ནས་འདུག་པས། འགྲོ་བ་སྐྱེས་བུ་ཡུལ་དུ་སོང་ལ་སྒྲུབ་པ་གྱིས་གསུང་སྐད།

དེ་ནས་ར་བོ་ཆེ་བོད་དུ་བྱོན་དུ་བྱོན་མ་ཐག་ཏུ་རྟ་ནག་ཚུལ་ཁྲིམས་སྙིང་པོས་སྨོན་ལམ་དབང་བཞི་ཞུས། གདམ་ངག་རྡོག་པ་ཕྱི་བཤུར་བ་དང་ནང་བཤུར་བའི་གདམ་ངག་ཞུས་ནས་ཐུན་བརྒྱར་བསྒོམས་པས་ས་མ་ཏི་བཟང་པོས་རྒྱུད་ལ་སྐྱེས་ནས་རང་ལ་ཕན་པར་བྱུང་ཡང་། གང་ཟག་གཞན་ལ་ཕན་ཐོགས་པ་མེད་པ་ལ། ཇོ་བོ་སྨྲི་ཏི་ནས་མཇལ་ནས། ལྟ་སྒོམ་སྤྱོད་པ་གསུམ་གྱི་གདམ་ངག་འདི་གསན་ནས་ཉམས་སུ་བླངས་པས། གཞན་ལ་ཡང་ཕན་ཐོགས་ཆེ་བར་བྱུང་སྟེ། ཤངས་ཀྱི་ལྷ་ཕུ་ལ་སོགས་པར་སྒོམ་ཆེན་པ་མང་པོའི་དོན་མཛད་ནས། གདམ་ངག་གི་མཚན་ཡང་རིན་ཆེན་སྤུངས་པ་བྱ་བར་བཏགས་ནས། དུས་ཚོད་དེ་ཙ་ན་བོད་ཀྱི་རྒྱལ་ཁམས་ན་གདམ་ངག་ཁོ་ལས་ཆེ་བ་མེད་བྱ་བའི་གྲགས་པ་བྱུང་བར་གདའ།

དེ་ལྟ་བུའི་རྟ་ནག་ཚུལ་ཁྲིམས་སྙིང་པོ་ལ་འཕན་ཡུལ་གྱི་སྦ་སྒོམ་བསོད་ནམས་རྒྱལ་མཚན་གྱིས་གསན། དེ་ཇི་ལྟར་གསན་ན། སྦ་སྒོམ་བསོད་ནམས་རྒྱལ་མཚན་གྱིས་རྭ་སྒྲེང་དུ་བྱོན་ནས་ཇོ་བོ་ལ་གདམ་ངག་མང་དུ་གསན་ནས་རྩ་རླུང་གི་གདམ་ངག་གཅིག་བསྒོམས་པས་དུས་ཕྱིས་སྒོམ་སྐྱོན་བྱུང་ནས། ཇོ་བོ་དངོས་ཀྱི་སློབ་མ་ཀློང་ཐང་སྒྲོན་མར་སྐུ་འཁྲུངས་པའི་དགོན་པ་གོང་མ་བ། འཛེད་སྒོམ་བསོད་ནམས་རྒྱལ་མཚན་ལ་སྐྱོན་བཅོས་པའི་ཐབས་ཞུས་ནས་བསྒོམས་པས་ཀྱང་སྐྱོན་མ་བསལ་ནས། སྒོམ་གྱི་སྐྱོན་འཆོས་པ་ལ་མཁས་པའི་དགེ་བའི་བཤེས་གཉེན་འདྲ་བ་གང་ན་བཞུགས་བྱས་ནས་མི་ལ་དྲིས་པས། དབང་གི་ཡ་གི་ན་རྟ་ནག་ཚུལ་ཁྲིམས་སྙིང་པོ་བྱ་བ་ཇོ་བོ་སྨྲི་ཏི་དངོས་ཀྱི་སློབ་མ། སྒོམ་གྱི་སྐྱོན་འཆོས་པ་ལ་མཁས་པ་ཇོ་བོའི་གདམ་ངག་ཅན་གཅིག་ཡོད་ཟེར་ནས། དེར་སྦ་སྒོམ་གྱིས་གཙང་དུ་རྟ་ནག་ཚུལ་ཁྲིམས་སྙིང་པོ་ཅན་དུ་བྱོན་ནས་བདག་ལ་སྒོམ་གྱི་སྐྱོན་གཅིག་བྱུང་བས། སྒོམ་གྱི་སྐྱོན་གཅིག་བཅོས་པའི་གདམ་ངག་གཅིག་ཞུ་འཚལ་བྱས་པས། རྟ་ནག་ཚུལ་ཁྲིམས་སྙིང་པོའི་ཞལ་ནས། ཁྱོད་ཀྱི་སྒོམ་སྐྱོན་བཅོས་པས་ཆོག །སྤྱིར་ཡང་སྒོམ་གྱི་སྐྱོན་འཆོས་པ་དང་བསྒོམ་འདེབས་པ་ལ་ང་ལས་མཁས་པ་མེད་སྙམ་པ་གཅིག་ཡོད། ངའི་སྒོམ་འདི་ནམ་མཁའི་བྱ་ལ་བཏབ་ཀྱང་ཐེབས་སམ་སྙམ་པ་གཅིག་ཡོད་གསུངས་ནས། སྦ་སྒོམ་དང་གཉིས་དང་པོ་རང་ནས་ཕ་སྤད་འཕྲད་པ་ལྟ་བུའི་ཐུགས་ཡིད་འཕྲད་པ་ཐུགས་ལ་འདོགས་པ་གཅིག་བྱུང་བར་གདའ།

དེ་ནས་སྦ་སྒོམ་ལ་དང་པོ་ཁོ་ནར་སྒོམ་གྱི་སྐྱོན་བཅོས་སུ་བཏུབ་བམ་མི་བཏུབ་ལྟ་བའི་ཆེད་དུ་སྤྱོད་པའི་གདམ་ངག་བཏབ་པས་སྦ་སྒོམ་གྱིས་ཚིག་ཐམས་ཅད་ཀྱང་མ་ལུས་པར་ཟིན་དོན་ཡང་གོ་སྐད། དེ་ནས་སེམས་གནས་པར་བྱེད་པ་ཐབས་ཀྱི་གདམ་ངག་བཏབ་པས། ནང་དུ་ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། ངེས་ཤེས་སྐྱེས་ནས་བླ་མ་དང་ཆོས་ལ་བསྟོད་སྒྲ་གསུངས་པས། བླ་མ་གདམ་ངག་ཆེ་བར་ཡེ་ནས་ཤེས། །ལྟ་བ་ཉམས་སུ་མྱོང་བར་མ་རྟོགས་སོ། །གསང་སྔགས་ཐབས་ཆེན་ཡིན་པར་ཡེ་ནས་ཤེས། སེམས་ལ་ཡར་ཟིན་བྱེད་པར་མ་རྟོགས་སོ། །སྣང་བ་མ་བདེན་རྫུན་པར་ཡེ་ནས་ཤེས། སྣང་བ་ཆོས་སྐུ་ཡིན་པར་མ་རྟོགས་སོ། །སངས་རྒྱས་བསྒྲུབས་ནས་འགྲུབ་པར་ཡེ་ནས་ཤེས། །རང་སེམས་སངས་རྒྱས་ཡིན་པར་མ་རྟོགས་སོ། །ཞེས་གསུངས་ནས་དེ་ནས་མར་ཡུལ་དུ་བྱོན་ནས་བསྒོམས་པས་ཐུགས་དམ་གྱི་ལྷ་མང་པོའི་ཞལ་གཟིགས་པ་ལ་སོགས་པ་ཡོན་ཏན་མང་པོ་རྒྱུད་ལ་སྐྱེས་པས་སྒོམ་ཆེན་བཟང་པོ་གྲུབ་ཐོབ་ཏུ་གྲགས་པ་གཅིག་བྱུང་བར་གདའ།

དེ་ལྟ་བུའི་ཡོན་ཏན་དུ་མ་དང་ལྡན་པའི་སྦ་སྒོམ་བསོད་ནམས་རྒྱལ་མཚན་ལ། བླ་མ་རྩང་བུ་བསྒོམ་ཆུང་གིས་གསན། དེ་ཇི་ལྟར་གསན་ན། བླ་མ་སྦ་སྒོམ་དེ་ཁོང་རང་གི་ཡུལ་འཕན་ཡུལ་ན་སྒོམ་གྱིན་བཞུགས་པའི་དུས་སུ། སྦ་སྒོམ་གྱི་ཐུགས་དགོངས་ལ། གནས་གཅིག་ཏུ་ཐེར་ཟུག་ཏུ་བསྡད་ན་ཡོན་བདག་གི་ངོ་བསྲུང་དགོས་པར་འདུག །གནས་ལ་ཞེན་པ་སྐྱེ་བར་འདུག །ཟས་སྐོམ་ལ་རྩོལ་སྒྲུབ་བྱེད་དགོས་པ་འདུག་པས། ད་གནས་གཅིག་ཏུ་མི་སྡོད་པར་ཤིང་ལོ་རླུང་གིས་ཁྱེར་བ་བཞིན་དུ་ཞེན་པ་མེད་པར་ལྡོམ་བུ་བྱེད་དགོས་སྙམ་ནས། ཁ་རག་ཏུ་ལྡོམ་བུ་ལ་བྱོན་པ་དང་། བླ་མ་རྩང་བུ་བསྒོམ་ཆུང་དང་མཇལ་ནས་གདམ་ངག་རིན་ཆེན་སྤུངས་པ་གསུངས།

ཁ་རག་ཏུ་ཟླ་བ་གསུམ་བཞུགས་པས་ཕྱེ་དང་ཞོ་བརྗེ་ལ་སོགས་པའི་བསྙེན་བཀུར་བྱེད་པ་བྱུང་བས་སྦ་སྒོམ་གྱི་ཞལ་ནས། དགའ་རབ་དབང་ཕྱུག་གི་ཆོ་འཕྲུལ་གྱིས་བདག་ཅག་དཔོན་གཡོག་སླུ་བར་འདུག་པས་འདིར་མི་སྡོད་པར་ལྡོམ་བུ་ལ་འདེང་གསུངས་ནས། ལྷོ་བྲག་ནས་རྭ་སྒྲེང་གི་བར་དུ་ལོ་གཅིག་གི་ལྡོམ་བུ་མཛད་ཅིང་། རྭ་སྒྲེང་དུ་བྱོན་ཙ་ན། རྭ་སྒྲེང་ན་རྣལ་འབྱོར་པ་ཆེན་པོ་ལ་སོགས་པ་བྱམས་པ་དང་སྙིང་རྗེས་འགྲོ་བ་སྨིན་པར་མཛད་པ། སྐྱེས་བུ་གསུམ་གྱི་ལམ་རིམ་ལ་བརྟེན་ནས་རང་གི་སེམས་འདུལ་བའི་རྣལ་འབྱོར་པ། ནང་ན་ས་མ་ཏི་བཟང་པོ་ཡོད་པའི་ཡོན་ཏན་གྱི་ཞལ་རས་ཀྱི་བཀྲག་མདངས་ཀུ་མུ་ཏའི་མདོག་བཞིན་གསལ་བ། གོས་ཐུལ་གྱོན་པ་མང་པོ་མཐོང་བས་བླ་མ་སངས་རྒྱས་བསྒོམ་པ་དད་པ་སྐྱེས་ནས། བླ་མ་སྦ་སྒོམ་ནང་ནས་མཉམ་བཞག་གི་ས་མ་ཏི་བཟང་པོ་ཡོད་པའི་སྐྱེས་བུ་དམ་པ་འདི་རྣམས་ངོ་མཚར་རེ་ཆེ་ན་ཞུས་པས། སྦ་སྒོམ་གྱི་ཞལ་ནས་འདི་རྣམས་ལ་ཁྱོད་བྲོད་པ་སྐྱེ་མི་དགོས། ཞལ་རས་ཀྱི་བཀྲག་མདངས་ཀུན་ཞོ་དང་བལ་ཐུལ་གྱི་ནུས་པ་ཡིན། གདམ་ངག་རང་ཅག་ཆེ་ངེས་པ་ཡིན། གསུངས་ནས། སློབ་དཔོན་སངས་རྒྱས་བསྒོམ་པས་སྒོམ་ཆེན་རྣམས་ཀྱི་ཞལ་ཀྲོགས་ཏེ། ཆོས་ཀྱི་གླེང་ལངས་བྱས་པས་ལྟ་སྒོམ་སྤྱོད་པ་གསུམ་གྱི་གདམ་ངག་གི་མིང་ཡང་མི་གྲག་པར་འདུག་པས། བླ་མ་སྦ་སྒོམ་ལ་བུད་དྷའི་འདུ་ཤེས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ནས། བླ་མ་སྦ་སྒོམ་ལ་ཡུན་རིང་དུ་བསྟེན།

དེ་ནས་བླ་མ་སྦ་སྒོམ་གྲོངས་པ་དང་། དང་པོ་བླ་མ་གོང་མ་བ་འཛེད་སྒོམ་དབང་ཕྱུག་རྒྱལ་མཚན་གྱི་ཡོན་ཏན་མང་དུ་བརྗོད་པས་སངས་རྒྱས་བསྒོམ་པ་དད་པར་གྱུར་ཏེ། དགོན་པ་གོང་མ་བ་ལ་བརྟེན་ནས་གདམ་ངག་ཞུས། རྩ་བའི་བླ་མར་བཟུང་ནས་མོས་གུས་ཆེ་བར་མཛད། དགོན་པ་གོང་མ་ཡང་གྲོངས་ནས་འོག་མ་ལ་བརྟེན། འོག་མ་བ་ཡང་གྲོངས་ནས། བླ་མའི་ཐུགས་དགོངས་ལ། ད་ནི་གཅིག་པུར་བསྡད་ཀྱང་ཆིགས་སྐྱ་ཐུབ་སྟེ་འོང་སྙམ་ནས། ཞུ་མཁན་བྲག་ལ་བྱོན་ནས་ལོ་བཅུ་བདུན་གྱི་བར་དུ་སྒྲུབ་པ་མཛད་པས། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་བསྟིབས་པ་ཙམ་གྱི་ཞལ་གཟིགས་པ། འདོད་པའི་ཡོན་ཏན་གྱི་བདེ་བ་ཐམས་ཅད་ལ་དུག་གི་སྡོང་པོ་ལྟ་བུར་གོ །ཉོན་མོངས་པ་དང་ཚེ་འདིའི་རྣམ་པར་རྟོག་པ་ཐམས་ཅད་ནམ་མཁའ་བཞིན་དུ་སྤྲོས་དང་བྲལ། བློ་ལྡོག་རྣམ་བཞི་ལ་ངེས་པའི་ཤེས་པ་གཏིང་ནས་སྐྱེས། སྣང་བ་སྒྱུ་མ་ལྟ་བུར་རྟོགས་པས་སྣང་བ་ལ་བདེན་པར་འཛིན་པའི་བློ་ངོ་བོ་ཉིད་དུ་རང་གྲོལ་སྐད།

དུས་ཚོད་དེ་ཙ་ན་དགེ་བཤེས་པུ་ཏོ་བ་ཡུལ་དེ་ན་ཚོགས་པ་ཆེན་པོ་བསྡུས་ནས་ཆོས་གསུང་བའི་དུས་སུ། དགེ་བའི་བཤེས་གཉེན་གྱི་ཞལ་ནས། ཚོགས་པའི་གསེབ་ཏུ། གཙང་ནས་འོངས་པའི་སྒོམ་ཆུང་འདི། །གཉེན་པ་སྡུག་བསྲན་ཆེ་ན་ཡང་། །ཆོས་ལམ་དུ་སོང་ངམ་མ་སོང་ཨཾ་ཞེས་བཀའ་སྩལ་པ་དང་མང་དུ་གསུངས་པས། བླ་མ་སངས་རྒྱས་སྒོམ་པས་གསན་ནས། བླ་མའི་ཐུགས་དགོངས་ལ་དགེ་བཤེས་པའི་བཀའ་སྩལ་ཏེ། ད་དགོངས་པ་ཅན་ཡིན་པ་མ་སྲིད་དེ། འཁོར་འདྲ་བས་སྡིག་པ་བསགས་ཉེན་ཡོད་པས། གོ་རྟོགས་གཅིག་འབུལ་དགོས་སྙམ་ནས། དགེ་བའི་བཤེས་གཉེན་པུ་ཏོ་བའི་སྤྱན་སྔར་ཕྱིན་ནས་ཕྱག་གཅིག་མཛད་ནས་རྟོགས་པ་ཕུལ་བ། འཆི་བ་མི་རྟག་པ་དལ་འབྱོར་རྙེད་དཀའ་བ་གཉིས་བསྒོམས་པས། དེ་གཉིས་རྣལ་མ་གཅིག་རྒྱུད་ལ་སྐྱེས་ན་ཚེ་འདི་ལས་བློ་ལྡོག་དགོས་པ་ཡིན་ནམ་སྙམ། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསམ་པའི་དུས་སུ་སྙིང་ནས་གཅིག་རྒྱུད་ལ་སྐྱེས་ན། འཁོར་བ་མཐའ་དག་ལས་བློ་ལྡོག་དགོས་པ་ཡིན་ནམ་སྙམ། བྱམས་པ་དང་སྙིང་རྗེ་བསྒོམས་པས། དེ་རྣལ་མ་གཅིག་རྒྱུད་ལ་སྐྱེས་ན་ཐེག་པ་དམན་པ་ལས་བློ་ལྡོག་དགོས་པ་ཡིན་ནམ་སྙམ། ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་བསྒོམས་པས། དེ་གོམས་པར་གྱུར་ན་དངོས་པོ་དེ་ཚད་མར་འཛིན་པ་ཐམས་ཅད་ལས་བློ་སྣ་འགྱུར་དགོས་པ་ཡིན་ནམ་སྙམ་ན། དགེ་བའི་བཤེས་གཉེན་ཇི་ལྟར་མཆི་ཞུས་པས། དགེ་བཤེས་པུ་ཏོ་བ་ནན་ཏར་མཉེས་ནས། དགེ་འདུན་ཚོགས་པའི་གསེབ་ཏུ་བྱོན་ནས་ཀྱང་། གཙང་བུ་སྒོམ་ཆུང་དེ་དེ་རྩུག་མི་འདུག །གང་ཟག་ངོ་མཚར་ཅན་གཅིག་འདུག །ཅེས་བཀའ་སྩལ། ཡང་དང་ཡང་དུ་གསུང་སྐད། བྱང་ཆུབ་སྒྲུབ་ན་ཁོ་བཞིན་ཡིན། ཁོ་ཞག་གཅིག་བསྒྲུབས་པའི་དགེ་སྦྱོར་དེ། །འོ་སྐོལ་དཔོན་གཡོག་གིས་ལོ་གཅིག་ལ་ཡང་མི་འགྲུབ་པར་འདུག །ཅེས་ཡོན་ཏན་བསྒྲགས་ཤིང་སྙན་པ་བརྗོད་པས། སྒོམ་ཆེན་བཟང་པོ་ཡིན་པར་འདུག །ཇོ་བོ་གདམ་ངག་ཅན་ཡིན་པར་འདུག །བྱ་བའི་སྙན་པའི་གྲགས་པ་ཆེན་པོ་བྱུང་བར་གདའ།

དེ་བྱུང་བ་རང་ཡུལ་ནས་སྤྱན་འདྲེན་པ་ཡང་དང་ཡང་བྱུང་བས། ཡུལ་དུ་བྱོན་ནས་ཕུག་ནག་པར་སྒྲུབ་པ་མཛད། དེའི་དུས་སུ་ཤ་ཁྱི་དང་གླ་ཁྱི་ལ་སྡོམ་ཆངས་བྱིན་པས་ཞེ་སྡང་ཞི་ནས་སྲོག་ཆགས་མི་བསོད་པ་བྱུང་བར་གདའ། ཞག་གསུམ་ཚུན་ཆད་ཀྱི་འཚོ་བ་ལས་ཚགས་མི་མཛད། ཟས་ནོར་ལ་འདོད་པ་དང་འཛིན་པ་མེད་དེ། ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པ་ལགས་སྐད། དེ་ནས་ཚོགས་པ་བསྡུས་པས་ཚོགས་པ་སྟོང་ལྷག་འདུས་པར་གདའ། དུས་ཚོད་དེ་ཙ་ན་མངའ་རིས་བོད་ཀྱི་རྒྱལ་ཁམས་ན། གདམས་པ་ཡང་ཁོང་ལས་ཆེ་བ་མེད། ཇོ་བོ་ཡང་ཁོང་ལས་བཟང་བ་མེད་བྱ་བའི་གྲགས་པ་ཆེན་པོ་བྱུང་ནས། ཉེ་གནས་གཅིག་གིས་བླ་མའི་སྙན་དུ། མངའ་རིས་བོད་ཀྱི་རྒྱལ་ཁམས་ན་གདམས་པ་ཡང་བླ་མ་ལས་ཆེ་བ་མེད། ཇོ་བོ་ཡང་བླ་མ་ལས་བཟང་བ་མེད་ཟེར་གྱིན་གདའ་བྱས་པས། བླ་མའི་ཞལ་ནས་ཇི་སྐད་ཟེར་གསུང་སྐད། ཡང་སྔ་མ་སྐད་བརྗོད་པས། བླ་མའི་ཞལ་ནས་ཁ་རག་སྒོམ་ཆུང་བདུད་ཀྱིས་ཁྱེར་བར་བྱུང་ཨ་གསུངས་ནས། དེ་ནས་ཚོགས་པ་བཀྱེ་ནས། ཁ་རག་གི་ཕུག་ནག་པར་ལོ་བདུན་བསྒོམས་པ་ལགས་སྐད། དེ་ལྟ་བུའི་སྒོམ་ཆུང་གྲགས་པ་དེས་དགེ་བཤེས་ལྷ་པོ་ལ་བཤད།

བླ་མ་ཁ་རག་སྒོམ་ཆུང་ལ་བླ་མ་ལྷོ་པས་ཇི་ལྟར་གསན་ན། བླ་མ་ཁ་རག་ལ་བཞུགས་པའི་དུས་སུ་དེ་ཙ་ན། ལྷ་ལོ་ཡག་གི་སྨོ་མདའ་ན་ལྷ་པོ་སྟན་པོ་དར་མ་སྐྱབས་ཞེས་བྱ་བ། རོང་པ་ཆོས་བཟང་ལ་གསང་སྔགས་རྙིང་མ་དང་རྫོགས་ཆེན་གྱི་ཆོས་མང་དུ་གསན། དེ་ནས་རབ་ཏུ་བྱུང་ནས་གྲགས་དཀར་གྱི་འབྲིང་སྟོན་ལ་བསླབ་ཆོས་དང་བྱམས་ཆོས་མང་དུ་གསན། དེ་གདམ་ངག་གཅིག་སྩལ་ལ་བསྒོམ་དགོས་སྙམ་ནས་ཡོད་ཙ་ན། བླ་མ་ཁ་རག་སྒོམ་ཆུང་སྒྲ་ཆེ་ནས་གདམ་ངག་ཞུར་བྱོན། ཕུག་ནག་པོར་སངས་རྒྱས་སྒོམ་པ་དང་མཇལ་དུ་ཕྱིན་པས། ཉེ་གནས་པ་སྒོམ་གྲགས་ཀྱིས་ཞུ་བ་བྱས་པས་མཇལ་དུ་མ་གནང་བར་ཇོ་བོ་སྟོན་པ་ཁྱོད་ཀྱི་སློབ་དཔོན་ངས་མི་ཡོང་། གང་དག་ན་མི་ཆེ་བ་དང་ཆོས་མཁས་པ་དང་དགེ་བཤེས་ཆེ་བ་མང་པོ་ཡོད་ཀྱིས། དེར་སོང་གསུངས་ནས་མཇལ་དུ་མ་གནང་སྐད།

དེ་ནས་ཕྱག་བརྟེན་མར་ཚུད་གཅིག་ཡོད་པ་དེ་ཕུལ་བས་ཀྱང་མ་བཞེས། དེ་ནས་ལྷ་པོས་ཁ་རག་གི་འབྲུག་གི་སེ་གསེབ་ཏུ་ལོ་གསུམ་དུ་བཞུགས་པས་ལྷོ་པ་སྟོན་པ་དེ་ད་རུང་འདུག་གམ་གསུང་སྐད། འདུག་ཞུས་པས། འོ་ན་ད་ཁྲིད་ལ་ཤོག་གསུངས་ནས། ལྷོ་པས་བྱོན་ཙ་ན་ད་འདི་རྩར་འདུག་གཅིག་གསུངས་ནས་གནང་བ་ཡིན་ཏེ། འབྲུག་གི་སེ་གསེབ་ནས་ཕུག་ནག་པོར་འགྲོ་བ་ལ་གྲོ་སྐད་རེས་སྙེགས་ཀྱིན་གསན་པ་ལགས་སྐད། དེར་མ་གྲོངས་བར་དུ་བསྙེན་ཏེ་འདི་བྲལ་བྱས་པ་ཡིན་སྐད། སློབ་དཔོན་ལྷོ་པ་ལ་སློབ་མ་མྱང་སྒོམ་རྣམ་པ་གསུམ་བྱ་བ་ལ། མྱང་སྒོམ་རྒོད་པོ་དང་། དཀར་པོ་དང་། ཆོས་ཉིད་དང་གསུམ། གཞན་ཡང་དགེ་བཤེས་ཨར་དང་། རྒྱ་དམར་དང་། རྗེ་བཙུན་རྗེ་ཆུང་བ་ལ་སོགས་པའི་མཁས་བཙུན་མང་པོ་འདུས། གོང་དུ་ཡི་གེར་བཀོད་པ་མེད་པས། དགེ་བཤེས་ཨར་ལ་སོགས་པས་མི་རེས་ཟིན་བྲིས་རེ་རེ་བྱས་ནས་བཤུས་པས་སྙན་བརྒྱུད་ཀྱི་གདམ་ངག་ཆལ་དུ་འགྲོ་བར་འདུག་ནས། རྗེ་བཙུན་རྗེ་ཆུང་བ་ལ་སོགས་པས་སློབ་དཔོན་ལྷོ་པ་ལ་གདམ་ངག་འདི་རྣམས་ལ་ཡི་གེ་རེ་རེ་མཛད་པར་ཞུ་དང་ཞེས་ཞུས་པས་བླ་མ་ལྷོ་པའི་ཞལ་ནས། ང་ལ་སློབ་དཔོན་སངས་རྒྱས་པ་རང་གི་ཞལ་ནས་ཀྱང་ཁྱོད་ཀྱིས་ངའི་གདམ་ངག་འདི་རྣམས་ལ་ཡི་གེ་རེས་གཅིག་གྱིས་ན་གསུང་བ་ཡིན་པ་ལ་དེ་གོང་དུ་ཡི་གེ་མ་གྲུབ། ད་བྱ་ཡིས་གསུངས་ནས། ཐུན་མོང་གི་གདམ་ངག་བྱང་ཆུབ་སེམས་སྦྱོང་དང་། ཐུན་མོང་མ་ཡིན་པ་རིན་ཆེན་སྤུངས་པ་དང་། ཁ་འཐོར་གྱི་གདམ་ངག་གནད་བསྡུས་དོན་གྱི་གཟེར་བུ་དང་། དེ་ལྟར་གདམས་པ་གསུམ་ཡི་གེར་བཏབ་པས་ན། སེམས་སྦྱོང་གི་དབུ་ན།

དམ་པས་བསྐུལ་བས་བླ་མེད་པའི། །བྱང་ཆུབ་ལམ་གསུམ་གསལ་བར་བྲི། །

ཞེས་པའི་དོན་ཡང་འདི་ཡིན་གསུངས། བླ་མ་ལྷོ་པ་ལ་སློབ་དཔོན་ཇོ་སྲས་ལྕགས་རི་བས་གསན། དེ་ལ་སློབ་དཔོན་ཇོ་བཙུན་གྱིས་གསན། དེ་ལ་བླ་མ་བ་ལམ་པས་ཞུས་སོ། །ཐུན་མོང་མ་ཡིན་པ་རིན་པོ་ཆེ་སྤུངས་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་ལགས་སོ།།  །།

 

དཔྱད་གཞིའི་ཡིག་ཆ།

[1] ས་གཅོད་ལོ་རྒྱུས་སམ་རིན་ཆེན་སྤུངས་པའི་ལོ་རྒྱུས། བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་བཞི་པ། གླེགས་བམ་ ༩༩ པར་གསལ་ཡོད། དབུ་མེད། ཤོག་གྲངས་ ༡༡ ཅན་བཞུགས་པ་ལས་བཏུས་པའོ།།

 

ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༥ ནས་ ༤༧༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *