༄༅། །བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དང་ལོ་པཎ་དག་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་དཔྱོད་ལྡན་དགྱེས་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
མཛད་པ་པོ་མཁན་རིན་པོ་ཆེ་ཕྲིན་ལས་རྡོ་རྗེ།
༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །
གངས་ཅན་ལྗོངས་འདིར་རྒྱལ་བསྟན་འབྱུང་ཁུངས་གནས། །ནཱ་ལེནྡྲ་དང་ལྷག་ལས་མི་དམན་པའི། །
བི་ཀྲ་མ་ལའི་གཙུག་ལག་ཁང་ཆེན་གྱི། །གནས་དང་གནས་བརྟན་ལོ་རྒྱུས་མདོ་ཙམ་བརྗོད། །
དེ་ཡང་བོད་གངས་ཅན་ལྗོངས་འདིར་བསྟན་པ་སྔ་དར་གྱིས་སྐབས་དང་། ལྷག་པར་བསྟན་པ་ཕྱིར་དར་གྱི་སྐབས་སུ་བསྟན་པའི་འབྱུང་ཁུངས་གཙོ་བོར་གྱུར་པའི་རྒྱ་གར་ཤར་ཕྱོགས་སུ་ཡོད་པའི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་འདི་ཡིན་ན་ཡང་། སྔོན་ནས་བོད་ཀྱི་ལོ་རྒྱུས་མང་པོར་གནས་འདི་ཉིད་དབུས་འགྱུར་འཆང་གི་ནཱ་ལེནྡྲ་དང་ནོར་ནས་འཆད་པ་དང་། ཕྱིས་སུའང་གནས་འདི་གལ་ཆུང་སྣང་མེད་དུ་ཤོར་ནས་གང་དུ་ཡོད་མེད་ཙམ་ཡང་མི་ཤེས་པ་མང་བས། འདིར་ངོ་སྤྲོད་ཅུང་ཟད་ཞུ་བ་ལ་དོན་ཚན་བཞི་སྟེ། གནས་འདི་རྒྱ་གར་གྱི་ས་ཕྱོགས་གང་ན་ཡོད་པའི་སྐོར། གནས་དེ་དུས་ནམ་ཙམ་ལ་སུས་བཞེངས་པའི་སྐོར། གནས་དེ་ནས་ལོ་པཎ་རྣམས་ཀྱིས་བསྟན་པ་ཇི་ལྟར་སྤེལ་བའི་སྐོར། གནས་འདི་དུས་ནམ་ཙམ་ལ་འཐོར་ཞིག་སོང་བའི་སྐོར་རོ། །
དང་པོ་ནི། རྒྱ་གར་སྐད་དུ་བི་ཀྲ་མ་ལ་ཤཱི་ལ་དང་། བོད་སྐད་དུ་ཚུལ་ཁྲིམས་དྲི་ངད་ལྡན་པའམ། རྣམ་པར་གནོན་པའི་ཚུལ་ཁྲིམས་ཀྱི་གཙུག་ལག་ཁང་ཞེས་གྲགས་པ་འདི་ནི། མ་ག་དྷའི་བྱང་ཤར་ངོས། རྒྱ་གར་གྲོང་ཁྱེར་ཀ་ལི་ཀ་ཏའི་ཕྱོགས་སུ་འགྲོ་བའི་ལམ་ཟུར་ཆུ་བོ་གང་གཱའི་འགྲམ་ཞིག་ན་ཡོད་ཅིང་། འདི་དང་ཁད་ཉེ་བ་གང་གཱའི་བྱང་འགྲམ་ན་བྷ་གལ་པུར་ཟེར་བའི་གྲོང་ཁྱེར་ཞིག་ཡོད་འདུག་པ་ནི། སྔོན་མ་བྷངྒ་ལའི་རྒྱལ་ས་དང་། ཇོ་བོའི་འཁྲུངས་ཡུལ་ཡིན་ནམ་ཟེར། རྡོ་རྗེ་གདན་ནས་འདིའི་བར་སྤྱི་ལེ་སུམ་བརྒྱ་ལྔ་བཅུ་ཙམ་ཡོད་པར་བཤད། དེ་ཡང་དགེ་འདུན་ཆོས་འཕེལ་གྱི་ལམ་ཡིག་ལས་ཀྱང་། གཱ་ཡ་ནས་ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ། སུལ་ཏན་གན་ཇི་བྱ་བའི་གྲུ་ཟན་ལ་སླེབས། དེར་གྲོང་དང་ཉེ་བའི་གང་གཱའི་ཆུ་དཀྱིལ་དུ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ། བི་ཀྲ་མ་ལ་ཤཱི་ལའི་དགོན་ཤུལ་ཡིན་ཀྱང་། ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མ་ཤེས། ཞེས་བཤད་པས་སོ། །
དེང་སང་ས་བརྐོས་ནས་དགོན་ཤུལ་མངོན་པར་བྱས་ཡོད། གནས་གཞི་འདི་གཞན་དང་མི་འཁྲུལ་བའི་རྟགས་ནི། ཆུ་བོ་གང་གཱའི་འགྲམ་ཉིད་དུ་ཆགས་པས། གནས་དེར་བྱོན་བཞུགས་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་རྣམ་ཐར་རྣམས་སུ་དེའི་ཚུལ་ཤིན་ཏུ་གསལ་ཞིང་། མཐར་དུ་རུ་ཀའི་དམག་གིས་གཏོར་སྐབས་སུ་གཙུག་ལག་ཁང་གི་རྨང་རྡོ་བཅས་བཏོན་ནས་ཆུ་བོ་གང་གཱའི་ནང་བསྐྱུར་བར་ཆག་ལོའི་རྣམ་ཐར་དུ་བཤད་དོ། །དུ་རུ་ཀ་ནི་རྒྱ་གར་སྐད་དུ་གར་ལོག་ལ་འཇུག་པར་བཤད་ཅིང་། སླེ་ཙྪ་སྟེ་ཀླ་ཀློའང་ཟེར། དོན་མུ་སལ་མན་ཏེ། ཁ་ཆེའི་ཆོས་བརྒྱུད་འཛིན་པའི་དམག་ལ་ཟེར། ནཱ་རོ་དང་མཻ་ཏྲིའི་དུས་རྒྱ་གར་དུ་དགེ་འདུན་གྱི་སྡེ་ཨོ་ཏནྟྲ་པཱུ་རི། ཤྲཱི་ནཱ་ལནྡཱ། རྡོ་རྗེ་གདན། བི་ཀྲ་མ་ལ་ཤཱི་ལ་བཞི་གྲགས་ཆེ་བར་ཀུན་མཁྱེན་པད་དཀར་ཆོས་འབྱུང་དུ་བཤད་པ་ལྟར་ཡིན་ནའང་། བོད་དུ་རྡོ་རྗེ་གདན་མ་གཏོགས། གཞན་གསུམ་ཕན་ཚུན་ནོར་བཤད་བྱས་པ་མང་ཞིང་། རྡོ་རྗེ་གདན་དང་ནཱ་ལནྡཱ་གཉིས་ཙམ་ལས་གཞན་ངོས་ཟིན་མཁན་ཉུང་། ཆག་ལོའི་རྣམ་ཐར་དུ་ཁོང་ཕེབས་དུས་བི་ཀྲ་མ་ལ་ཤཱི་ལ་དུ་རུ་ཀས་གཏོར་ཟིན་ཅིང་། ཨོ་ཏནྟྲ་པཱུ་རི་ནི་སྐབས་དེར་ཀླ་ཀློའི་དམག་དཔོན་ཞིག་གི་གཞིས་ཀ་བྱས་ནས་ཡོད་པ་དེས་ནཱ་ལེནྡྲ་ལ་དམག་སུམ་བརྒྱ་དྲངས་ནས་བླ་མ་རཱ་ཧུ་ལ་ཤྲཱི་བྷ་དྲ་སོགས་ཁོང་དཔོན་སློབ་བདུན་ཅུ་ཙམ་ཡོད་པ་རྣམས་བྲོས་ཐར་ཙམ་བྱུང་ཚུལ་དང་། ཨོ་ཏནྟྲ་པཱུ་རིའི་གཙུག་ལག་ཁང་ནི་ནཱ་ལེནྡྲ་ནས་ཤར་ཕྱོགས་སུ་ཉིན་ལམ་གཅིག་ན་ཡོད་པར་གསུངས།
དགེ་ཆོས་ཀྱི་ལམ་ཡིག་ལས། པཊ་ཎ་ནས་ར་ཇི་གི་རི་ལ་འགྲོའི་བའི་ལམ་དུ་བི་ཧ་ར་ཤ་རིབ་ཟེར་བའི་གྲུ་ཟན་ནས། ནུབ་ཏུ་བལྟས་ན་བྲག་རི་ལིབ་མོ་ཞིག་མཐོང་བ་དེ་ཨོ་ཏནྟྲ་པཱུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན་པར་བཤད། དགོན་པ་འདི་གླིང་བཅུ་གཉིས་རི་རབ་དང་བཅས་པ་ལ་དཔེ་བླངས་ནས་བཞེངས་པས། དཔལ་གྱི་བསམ་ཡས་ཀྱང་དེ་ལ་དཔེ་བླངས་པ་ཡིན། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ནི་རྒྱ་གར་དུ་བསྟན་པ་ནུབ་ལ་ཉེ་བའི་སྐབས་སུ་བྱོན་པའི་ལོ་ཙཱ་བ་ཞིག་དང་། ཁོང་གི་རྣམ་ཐར་ཡང་གསུང་སྒྲོས་ལྷད་མེད་ཅིག་ཏུ་རྩི་བས། ཁོང་ནམ་བྱོན་ལོ་ཚིགས་ཤེས་པ་ནི་ལོ་རྒྱུས་སྨྲ་བ་ལ་མེད་དུ་མི་རུང་བའི་ཕྱིར། ཁོང་ནི་སྤྱི་ལོ་༼༡༡༩༧༽ལ་འཁྲུངས། དགུང་ལོ་ཉི་ཤུའི་བར་ཁུ་བོ་ཆག་ལོ་དགྲ་བཅོམ་བསྟེན། བོད་གཙང་དུ་ཁྲོ་ལོ་སོགས་བསྟེན་ནས་སློབ་གཉེར་ལོ་བཅུ་མཛད། བལ་ཡུལ་དུ་ལོ་བརྒྱད་བཞུགས། དགུང་ལོ་སོ་བརྒྱད་༼༡༢༣༤༽ ཙམ་ལ་རྒྱ་གར་དུ་བྱོན། དེར་ལོ་གཅིག་ཙམ་བཞུགས་སོ། །དགུང་ལོ་རེ་བརྒྱད་ཤིང་བྱི་༼༡༢༥༽ ལ་འདས་སོ། །དགེ་ཆོས་ཀྱིས་ཆག་ལོ་བལ་ཡུལ་དུ་ལོ་བརྒྱད་བཞུགས་ནས་དགུང་ལོ་སུམ་ཅུ་ཙམ་ན་རྒྱ་གར་དུ་བྱོན་ཟེར་ཡང་། ཆག་ལོའི་རྣམ་ཐར་དང་བསྡུར་ན་ལོ་བརྒྱད་ཀྱི་ཉུང་སྐྱོན་ཡོད། ཆག་ལོས་ནཱ་ལེནྡྲ་གཟིགས་རྗེས་ལོ་ཉི་ཤུ་ཙམ་གྱི་ཁོངས་སུ་ནཱ་ལེནྡྲ་འཇིག་པར་མངོན་ཞེས་དགེ་ཆོས་གསུངས་ཤིང་། འོན་ཀྱང་རྡོ་རྗེ་གདན་དུ་དེ་རྗེས་སུའང་བསྟན་པ་ཅུང་ཟད་དར་ཡོད་པར་མངོན་ཏེ། ཆག་ལོ་བྱོན་རྗེས་སུ་གྲུབ་ཐོབ་ཨུ་རྒྱན་པ་༼༡༢༣༠-༡༣༠༩༽དགུང་ལོ་སོ་གཉིས་༼༡༢༦༡༽ལ་རྡོ་རྗེ་གདན་དུ་བྱོན་པའི་ཚེ། རྒྱལ་པོ་ཤིང་གཏན་ཅན་ར་མ་པཱ་ལས་སྦྱིན་བདག་བྱས་ནས་མཆོད་རྟེན་ལ་ཞིག་གསོས་གནང་བ་དང་། པཎྜི་ཏ་རྣམས་དང་ཆོས་ཀྱི་བགྲོ་གླེང་མཛད་ཚུལ་གསུངས་པས་སོ། །ཞེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་དཔྱོད་ལྡན་དགྱེས་པའི་མེ་ལོང་ཞེས་བྱ་བ་ལས། གནས་འདི་རྒྱ་གར་གྱི་ས་ཕྱོགས་གང་ན་ཡོད་པའི་སྐོར་ཏེ། དང་པོའོ།། །།
གཉིས་པ་གནས་དེ་དུས་ནམ་ཙམ་ལ་སུས་བཞེངས་པའི་སྐོར་ནི། ལོ་༼༧༠༠༽དུས་རབས་བརྒྱད་པའི་ནང་ཙམ་ན། རྒྱ་གར་ཤར་ཕྱོགས་བངྒ་ལར། པཱ་ལའི་རྒྱལ་རྒྱུད་ཅེས་པ་བྱུང་བ་ལས། པཱ་ལའི་རྒྱལ་རྒྱུད་ཀྱི་ཐོག་མ་ནི་གཽ་པཱ་ལ་སྟེ། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། རྒྱལ་པོའི་སྐུ་ཚེའི་སྟོད་ལ་བངྒ་ལ་ལ་དབང་བསྒྱུར། སྨད་ལ་མ་ག་དྷཱ་ཡང་དབང་དུ་བསྡུས་པར་བཤད་དོ། །འདིས་ནཱ་ལནྡྲ་སོགས་ཀྱི་དགེ་འདུན་ལ་བཀུར་སྟི་ལེགས་པར་བྱས། དེར་གཙུག་ལག་ཁང་ཡང་བརྩེགས་ནས་བསྟན་པའི་སྦྱིན་བདག་ཏུ་གྱུར། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལས། གཽ་པཱ་ལས་བི་ཀྲ་མ་ལ་བརྩེགས་པར་རང་རེ་ལ་གྲགས་པ་ཙམ་ལས་མ་ཐོས་ཀྱང་། འདིའི་རྒྱལ་བརྒྱུད་ལ་གཽ་པཱ་ལ་གསུམ་ཙམ་བྱུང་བ་གང་གི་ཡིན་བརྟག་དགོས་པར་བཤད་པ་ལྟར། འདིར་ཅུང་ཟད་བརྟགས་ན། དེ་ཡང་རྒྱལ་པོ་གཽ་པཱ་ལའི་རྗེས་སུ་དེའི་སྲས་རྒྱལ་པོ་དྷརྨ་པཱ་ལ་དང་། དེའི་སྲས་དེ་ཝ་པཱ་ལ་བྱོན་པར་གསེར་ཐང་ལས་བཤད་ཀྱང་། རྒྱ་གར་ཆོས་འབྱུང་སོགས་བོད་ཀྱི་མཁས་པ་མང་པོས་གཽ་པཱ་ལའི་སྲས་དེ་ཝ་པཱ་ལ་དང་། དེའི་སྲས་དྷརྨ་པཱ་ལ་ཞེས་གོ་རིམ་བསྣོར་ནས་བཤད། འདིར་རྒྱ་གར་ཆོས་འབྱུང་ལྟར་རགས་རྩིས་བྱས་ན། གཽ་པཱ་ལ་དང་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་དང་དུས་མཉམ། དེ་ཝ་པཱ་ལ་དང་ཁྲི་སྲོང་ལྡེའུ་བཙན་དང་དུས་མཉམ། དྷརྨ་པཱ་ལ་དང་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་སད་ན་ལེགས་འཇིང་ཡོན་དང་ཕལ་ཆེར་དུས་ཐོག་མཉམ་པ་སྟེ། བོད་རྗེ་སད་ན་ལེགས་འཇིང་ཡོན་སྐབས་རྒྱ་གར་ན་དྷརྨ་པཱ་ལ་ཡོད་པ་ཡར་ཀླུངས་བང་སོའི་རྡོ་རིང་ལ་ཨུ་རྒྱན་པས་གཟིགས་ཞེས་དེབ་དམར་དུ་བཀོད་པས་སོ། །
དེས་ན་མཁན་པོ་བོ་དྷི་ས་ཏྭ་ཟ་ཧོར་རྒྱས་པོའི་སྲས་ཡིན་ན། རྒྱལ་པོ་གཽ་པཱ་ལའི་སྲས་སུ་འོས་ཤིང་། གལ་ཏེ་དེའི་སྲས་མིན་ན་ཡང་དེའི་དུས་སུ་བྱོན་པ་ཞིག་སྟེ། རྒྱ་གར་ཆོས་འབྱུང་ལས། བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙརྻ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་བོ་དྷརྨ་པཱ་ལའི་བར་དུ་ནི་ངེས་པར་བཞུགས་པར་མངོན་ཞེས་སོ། །དགེ་ཆོས་ཀྱིས། ཞི་བ་འཚོ་དང་། ཇོ་བོའི་གདུང་རྒྱུད་དེ་དང་འདི་གཅིག་ཡིན་མིན་མ་ཤེས། བོད་ཡུལ་དུ་སངས་རྒྱས་བསྟན་པ་དར་བའི་དུས་ཀྱི་རྒྱ་གར་བའི་པཎྜི་ཏ་དེ་དག་ཕལ་ཆེར་པཱ་ལའི་རྒྱལ་ཁམས་ནས་བྱོན་པ་རྐྱང་ཡིན་ཅིང་། ཨོ་ཏནྟྲ་པཱུ་རི་དང་། བི་ཀྲ་མ་ལ་ཤཱི་ལ་ཡང་རྒྱལ་རིགས་དེ་དག་གི་སྐབས་སུ་བརྩིགས་ཤིང་། ཐེག་ཆེན་ཤིན་ཏུ་དར་བའི་དུས་སུ་གྲགས་ཞེས་བཤད། གཽ་པཱ་ལའི་སྲས་ཀྱི་སྐབས་ཙམ་ལ་མཁན་ཆེན་ཞི་བ་འཚོ་བོད་དུ་བྱོན་ཅིང་། དེའི་ཚེ་ཨོ་ཏནྟྲ་པཱུ་རིའི་གཙུག་ལག་ཁང་བཞེངས་ཟིན་ཡོད་དེ། བསམ་ཡས་དེ་ལ་དཔེ་བླངས་པས་སོ། །དེས་ན་ཨོ་ཏནྟྲ་པཱུ་རིའི་གཙུག་ལག་ཁང་ནི་གཽ་པཱ་ལའི་སྐབས་ནས་བཞེངས་པར་མངོན་ཅིང་། རྒྱ་གར་ཆོས་འབྱུང་ལས་ཀྱང་རྒྱལ་པོ་གཽ་པཱ་ལའམ། དེ་ཝ་པཱ་ལའི་མཚམས་སུ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཡང་བཞེངས་པར་གསུངས། བུ་སྟོན་ཆོས་འབྱུང་ལས་འདི་བཞེངས་མཁན་རྒྱལ་པོ་དྷརྨ་པཱ་ལ་ཡིན་པར་གསུངས་ཀྱང་། ཀུན་མཁྱེན་པད་དཀར་ཆོས་འབྱུང་ལས། དེ་མ་ཡིན་པར། མཁན་པོ་བོ་དྷི་ས་ཏྭའི་གསུང་ལས་བྱུང་བ་བཞིན་དགེ་ཚུལ་ཞིག་གིས་རོ་ལངས་སྒྲུབ་པའི་གྲོགས་བྱས་པ་ལས། རོ་གསེར་དུ་སོང་བའི་རྒྱུ་བྱས་ནས་གཙུག་ལག་ཁང་བསྒྲུབས་པ་ཡིན་གསུངས། དེ་བཞིན་རྒྱ་གར་ཆོས་འབྱུང་ལས་ཀྱང་རྒྱས་པར་འབྱུང་ངོ་། །དེས་ན་བཞེངས་མཁན་རྒྱལ་པོ་མིན་ཡང་བཞེངས་དུས་ནི་རྒྱལ་པོ་གཽ་པཱ་ལའི་དུས་ཙམ་ཡིན་པར་སྣང་ངོ་། །
བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནི། བོད་ཀྱི་མཁས་པ་ཁ་ཅིག་གིས་དྷརྨ་པཱ་ལས་བཞེངས་ཟེར། ཡང་ཁ་ཅིག་དེ་ཝ་པཱ་ལས་བཞེངས་ཟེར་ཡང་། འགལ་བར་མི་སྣང་སྟེ། རྒྱལ་རབས་གཅིག་གིས་དབུ་བཙུགས། གཅིག་གིས་མཐར་ཕྱིན་པར་བཞེངས་ཆོག་པའི་ཕྱིར། ཇི་ལྟར་བཞེངས་ཚུལ་ནི། ཀུན་མཁྱེན་ཆོས་འབྱུང་ལྟར་ན། གཽ་པཱ་ལའི་བཙུན་མོ་དབང་ཆུང་བ་ཞིག་གིས་རྒྱལ་པོ་དབང་དུ་བྱ་བའི་ཕྱིར། སློབ་དཔོན་བྲམ་ཟེ་ཞིག་ལ་རིག་པ་ཞུས་པས། དེས་རི་བོ་གངས་ཅན་ལས་སྨན་བླངས་ཏེ་རྒྱ་བཏབ་བྲན་མོ་ལ་བསྐུར་བས། དེ་སྟེགས་ལ་འདྲེད་ནས་ལྷུང་བས་སྨན་ཆུ་ལ་ཤོར་རོ། །རིམ་གྱིས་རྒྱ་མཚོར་ཞུགས་པ་ན་ཀླུའི་རྒྱལ་པོས་བླངས་ཏེ་ཟོས་པས། ཀླུའི་རྒྱལ་པོ་རྒྱ་མཚོ་དབང་དུ་གྱུར་ནས་རྒྱལ་པོར་བརྫུས་ཏེ་བཙུན་མོའི་རྩར་འོང་ཞིང་འདོད་པ་སྤྱོད་པ་ལས། ཅི་ཞིག་ན་སྦྲམ་པ་ན་རང་གི་སོར་གདུབ་གཏད་དེ་དུས་ལ་བབས་པ་དང་བཙས་ཏེ། རྒྱལ་པོ་ཁྲོས་པ་ལ་སོར་གདུབ་བསྟན་པས་ཀླུའི་ཡི་གེ་མཐོང་ནས་དེ་ཝ་པཱ་ལ་ཞེས་བཏགས་ཏེ་གཅེས་པར་བསྐྱེད་བསྲིངས་སོ། །
དེ་རྒྱལ་སྲིད་ཐོབ་པ་དང་ལྷ་ཁང་གཞན་ལས་ཁྱད་པར་འཕགས་པ་ཞིག་རྩིག་པར་འདོད་ནས་ལྟས་མཁན་ལ་དྲིས་པས། དགེ་སྦྱོང་དང་བྲམ་ཟེའི་ཁྱིམ་ནས་རས་བླངས་ཏེ་སྡོང་བུ་བྱས། རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར། དཀའ་ཐུབ་པའི་ལྷ་གནས་ནས་ཀོང་བུ་བླངས་ཏེ་མར་མེ་སྤོར་ལ་ཡི་དམ་གྱི་མདུན་དུ་བཞག །གསོལ་བ་བཏབ་ན་ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་བསྐྱུར་བར་འགྱུར་ལ། དེར་རྩིགས་ཤིག་ཅེས་བསྒོས། དེ་ལྟར་བྱས་པས་བྱ་རོག་གཅིག་བྱུང་ནས་ཀོང་བུ་མཚོ་ལ་བསྐྱར་བས་ཡི་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་ཞིག་བྱུང་ནས། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་གཞུག་གོ། །ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར། དེ་བཞིན་བྱས་པས་ཞག་ཉེར་གཅིག་ན་མཚོ་བསྐམས་ཏེ། བི་ཀྲ་མ་ཤཱི་ལ་རྣམ་པར་གནོན་པའི་ཚུལ་ཁྲིམས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་གཙུག་ལག་ཁང་ཆེན་པོ་བཅུ་དྲུག །ཁང་ཕྲན་བདུན་བརྒྱ་ཡོད་པ། པཎྜི་ཏ་བདུན་བརྒྱ་གདན་ཆགས་པ་དེ་བཞེངས་པ་ཡིན་ཞེས་སོ།།
དེང་སང་བི་ཀྲ་མ་ལ་ཤཱི་ལའི་དགོན་ཤུལ་ཡང་གང་གཱའི་འགྲམ་གྱི་ཐང་དཀྱིལ་ཞིག་ལ་ཡོད་པ་དང་མཐུན་ནོ། །དགེ་ཆོས་ཀྱིས། གང་གཱའི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ། བི་ཀྲ་མ་ལ་ཤཱི་ལའི་དགོན་ཤུལ་ཡིན་ཞེས་བཤད་པ་ནི། སྐབས་དེར་ས་མ་བརྐོས་པས་ས་ཕུང་རི་དེའུ་ལྟ་བུ་ཡོད་པ་ལ་བྲག་རི་ཆུང་ངུར་འཁྲུལ་ཏེ། ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མ་ཤེས་གསུངས་པ་བཞིན་དེ་དུས་མ་ཤེས་པའོ། །འོ་ན་ཏཱ་ར་ནཱ་ཐས་ཀྱང་ཆུ་བོ་གང་གཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཡོད་པར་གསུངས་པ་ཅི་ཞེ་ན། དེ་ནི་ཕྱིས་ཉེ་འཁྲིས་ཀྱི་རི་དེའུ་ཞིག་གི་སྟེང་དུའང་གཙུག་ལག་ཁང་བཞེངས་ཏེ། དགོན་པ་རི་ཐང་གཉིས་སུ་ཆགས་པའི་རི་དགོན་ནམ། རིམ་གྱིས་དར་རྒྱས་སོང་བའི་སྐབས་སུ་རི་ཐང་འདྲེས་མའི་དགོན་སྡེ་ཆེན་པོ་ཞིག་ཏུ་གྱུར་པའི་དུས་ཙམ་ལ་དགོངས་པར་སྙམ་མོ། །
ད་ལྟར་ཡང་གང་གཱའི་འགྲམ་གྱི་དགོན་ཤུལ་ནས་སྣུམ་འཁོར་ནང་སྐར་མ་ཁ་ཤས་སོང་བ་ན་རི་དེའུ་ཞིག་ཡོད་པ་དེར་གསང་སྔགས་ཀྱི་ལྷའི་རྡོ་སྐུ་དང་གནའ་ཤུལ་མང་པོ་རྙེད་རྒྱུ་ཡོད་འདུག་ཅིང་། གཅིག་བྱས་ན་རི་དེའུ་དེ་པཎ་ཆེན་ནཱ་རོ་པ་བཞུགས་ས་ལྗོངས་མེ་ཏོག་རྒྱས་པ་རི་བོ་གསེར་གླིང་གི་དགོན་པ་ཞེས་མར་པས་ནཱ་རོ་པ་ཐོག་མར་མཇལ་ས་དེ་ཡིན་ནམ་སྙམ་སྟེ། རྣམ་ཐར་འགར་ནགས་ཀྱི་ལྗོངས་རི་དེའུ་མི་ཆུང་བ་ཞེས་ཡོད་པར་བཤད་པས་སོ། །འོན་ཀྱང་དེ་ཕུ་ལ་ཧ་རི་མ་ཡིན་པ་ནི་འོག་ནས་བཤད་པར་བྱའོ། །
མདོར་ན་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནི་མཁན་པོ་བོ་དྷི་ས་ཏྭའི་དངོས་སློབ་དང་ཡང་སློབ་རྣམས་ཀྱི་སྐབས་ཙམ་དང་། སྤྱི་ལོའི་དུས་རབས་བདུན་པའི་མཇུག་དང་བརྒྱད་པའི་མགོ་ཙམ་ལ་རྒྱལ་པོ་གཽ་པཱ་ལའི་སྲས་དག་གིས་བཞེངས་པར་ཤེས་པར་བྱའོ། །ཞེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་དཔྱོད་ལྡན་དགྱེས་པའི་མེ་ལོང་ཞེས་བྱ་བ་ལས། གནས་དེ་དུས་ནམ་ཙམ་ལ་སུས་བཞེངས་པའི་སྐོར་ཏེ། གཉིས་པའོ།། །།
གསུམ་པ་གནས་དེ་ནས་ལོ་པཎ་རྣམས་ཀྱིས་བསྟན་པ་ཇི་ལྟར་སྤེལ་བའི་སྐོར་ནི། མཁན་པོ་བོ་དྷི་ས་ཏྭའམ། མཚན་གཞན་རྣམ་པར་སྣང་མཛད་གྲགས་པ་དེའི་སློབ་མ་སེང་གེ་བཟང་པོ་རྒྱལ་པོ་དྷརྨ་པཱ་ལས་གདན་དྲངས་ནས། བསྟན་བཅོས་རྩོམ་པའི་སྦྱིན་བདག་མཛད་དེ། གནས་འདིར་བྱོན་ཡོད་པར་སྣང་ཞིང་། དེའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས། དེའི་སློབ་མ་གུ་ཎ་མི་ཏྲ་ལ་སོགས་བྱོན་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤིན་ཏུ་དར་བར་གྱུར། ཞི་བ་འཚོའི་སློབ་མ་ཀ་མ་ལ་ཤཱི་ལའང་ཕྱོགས་འདིར་བྱོན་ཅིང་། དེའི་སྔོན་ནས་ཕྱོགས་འདིར་ཕེབས་ཟིན་པའི་ཡེ་ཤེས་སྙིང་པོ་དང་བོ་དྷི་ས་ཏྭ་སྟེ། ཡབ་སྲས་གསུམ་ལ་རང་རྒྱུད་ཤར་གསུམ་མཁན་པོ་ཞེས་གྲགས་ཤིང་། དེ་གསུམ་གྱིས་རྣལ་འབྱོར་སྤྱོད་པ་དབུ་མ་རང་རྒྱུད་ཀྱི་གཞུང་གསུམ་མཛད། དེའི་ཕྱིར་བོད་སྔ་རབས་ནས་ཕྱིས་ཀྱི་བར་དུ་དབུ་མ་རང་རྒྱུད་ཀྱི་གཞུང་གཙོ་བོར་དར་བ་ཡིན། ཁྱད་པར་གྲུབ་བརྙེས་ཀྱི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་རྒྱལ་པོ་དྷརྨ་པཱ་ལའི་བླ་མར་གྱུར། བི་ཀྲ་མ་ལ་ཤཱི་ལ་ལེགས་པར་གྲུབ་པའི་རབ་གནས་མཛད་ཅིང་། གནས་དེའི་རྡོ་རྗེའི་སློབ་དཔོན་དུ་མངའ་གསོལ་བས། དེ་ནས་བཟུང་བི་ཀྲ་མ་ལ་ཤཱི་ལའི་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན། གདན་རབས་དང་པོའང་འདི་ཉིད་འདྲེན་པར་བཤད་དོ། །དེས་བསྟན་པ་ལ་བྱ་བ་རླབས་པོ་ཆེ་ཅི་ཡང་བརྩམས་ནས་བསྟན་པ་མཐའ་རྒྱས་སུ་མཛད་ཅིང་། མདོ་སྔགས་འཆད་ཉན་ཡུན་རིང་དང་། ཁྱད་པར་གསང་བ་འདུས་པ་རྩལ་དུ་བཏོན་པས་དེ་ཉིད་ཀུན་ཏུ་ཆེས་དར་རོ། །དེ་ལ་སློབ་མ་རབ་ཞི་བཤེས་གཉེན། རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ། སློབ་དཔོན་སངས་རྒྱས་གསང་། སངས་རྒྱས་ཞི་བ་སོགས་དང་། གཞན་ཡང་དེ་དག་གི་སྐབས་སུ་ཤཱཀྱ་བློ་གྲོས། ངང་ཚུལ་བཟང་པོ། རྒྱལ་སྲས་གྲགས་པའི་བཤེས་གཉེན། པཎྜི་ཏ་སའི་རྩ་ལག །བི་རཱུ་པ་ཆུང་བ། ནག་པོ་སྤྱོད་པ་ཆུང་བ། སློབ་དཔོན་ཟླ་བ་པདྨ། སློབ་དཔོན་ཡེ་ཤེས་བྱིན། ཡེ་ཤེས་གྲགས་པ། སློབ་དཔོན་ཛེ་ཏཱ་རི་ལ་སོགས་པ་པཎྜི་ཏ་བརྒྱ་ཕྲག་མང་པོ་ལས། བསྟན་པ་སྔ་དར་གྱི་སྐབས་སུའང་པཎ་གྲུབ་མང་པོ་གནས་འདིར་བྱོན་ཏེ། བོད་ལའང་དངོས་དང་བརྒྱུད་ནས་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ། །
བི་ཀྲ་མ་ལ་ཤཱི་ལའི་གདན་རབས་ནི། དང་པོ་སངས་རྒྱས་ཡེ་ཤེས། དེའི་རྗེས་སུ་གཉིས་པ་མར་མེ་མཛད་བཟང་པོ། འདི་ཇོ་བོ་རྗེ་མ་ཡིན་ནོ། །གསུམ་པ་རྒྱལ་བ་བཟང་པོ། བཞི་པ་བྲམ་ཟེའི་སློབ་དཔོན་དཔལ་འཛིན། ལྔ་པ་བྷ་ཝ་བྷ་དྲ། དྲུག་པ་སྐལ་ལྡན་གྲགས་པ། བདུན་པ་ལཱི་ལ་བཛྲ། བརྒྱད་པ་མི་ཐུབ་ཟླ་བ། དགུ་པ་ནག་པོ་དམ་ཚིག་རྡོ་རྗེ། བཅུ་པ་ཏ་ཐཱ་ག་ཏ་རཀྴ་ཏ། བཅུ་གཅིག་པ་བོ་དྷི་བྷ་དྲ། བཅུ་གཉིས་པ་ཀ་མ་ལ་རཀྵི་ཏའོ། །དེ་ལྟར་བཅུ་གཉིས་ལས་དང་པོ་གཉིས་མ་གཏོགས་གཞན་བཅུས་ལོ་བཅུ་གཉིས་རེ་གདན་ས་མཛད་པར་གྲགས། དེ་ནས་མཁས་པ་སྒོ་དྲུག་དུས་ཐོག་གཅིག་ལ་བྱོན། དེའི་འོག་ཏུ་ལོ་འགའ་ཞིག་ཐོར་བུ་གནས་པ་ལས་གདན་འཛིན་པ་འདི་ཞེས་པ་མེད། དེ་ནས་ཇོ་བོ་རྗེ་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་ལ་གདན་འཛིན་མཁན་པོ་མེད། དེ་རྗེས་རྡོ་རྗེ་གདན་པ་ཆེན་པོས་མཁན་པོ་ཅུང་ཟད་མཛད། དེ་ནས་ཀ་མ་ལ་ཀུ་ལི་ཤ་དང་། དེ་རྗེས་ནཱ་ལེནྡྲ་ཤྲཱི་ཛྙཱ་ན་དང་། དེ་རྗེས་དཱ་ན་རཀྵི་ཏ། དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་ཤུ་བྷ་ཡཱ་ཀ་ར་གུཔྟ། དེ་རྗེས་སུ་ན་ཡ་ཀ་པ་ཤྲཱི། དེ་རྗེས་ཆོས་འབྱུང་ཞི་བས་མཛད། དེ་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སྟེ། བི་ཀྲ་མ་ཤཱི་ལའི་གདན་རབས་རྗེས་མ་འདི་ཉིད་ཡིན་པར་བཤད་དོ། །རྡོ་རྗེའི་སློབ་དཔོན་དེ་དག་ཐམས་ཅད་མཁས་ཤིང་གྲུབ་པ་བརྙེས་པ་རྐྱང་རྐྱང་ཡིན་ལ། རྣམ་ཐར་རྒྱས་པ་ནི་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་སོགས་གཞན་དུ་གསལ་ཅིང་། མཁས་པ་སྒོ་དྲུག་སོགས་འགའ་ཞིག་ནི་འོག་ནས་ཀྱང་བསྡུས་ཙམ་རེ་བཤད་པར་འདོད་དོ། །
ད་ནི་བསྟན་པ་ཕྱི་དར་སྐབས་སུ་གནས་འདི་ནས་ལོ་པཎ་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་གནང་ཚུལ་ཅུང་ཟད་བརྗོད་ན། དེ་ཡང་པཱ་ལའི་རྒྱལ་བརྒྱུད་རྒྱལ་པོ་མ་ཧཱ་པཱ་ལའི་སྨད་དང་། ན་ཡ་པཱ་ལའི་སྐབས་ཙམ་སྟེ། སྤྱི་ལོའི་དུས་རབས་དགུ་པའི་ནང་དུ། བོད་མངའ་རིས་ཀྱི་རྒྱལ་པོ་སྲོང་ངེའམ། རབ་ཏུ་བྱུང་བའི་མཚན་ལྷ་བླ་མ་ཡེ་ཤེས་འོད་ཀྱིས། ལོ་ཆེན་རིན་བཟང་པོ་༼༩༥༨-༡༠༥༥༽དགུང་ལོ་བཅོ་བརྒྱད་༼༩༧༦༽ལོན་པ་ན། ལོ་ཆུང་ལེགས་ཤེས་སོགས་བློ་གསལ་གཞོན་ནུ་ཉི་ཤུ་རྩ་གཅིག་བཅས་ཁ་ཆེར་མངགས་པའི་ཚེ། འདི་སྐད་དུ་བསྒོས་པར་གྲགས་ཏེ། ཁ་ཆེའི་ཡུལ་ན་མཁས་པ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ཡོད་པས་དེ་སྤྱན་དྲོངས། རྒྱ་གར་ཤར་ཕྱོགས་ན་དྷརྨ་པཱ་ལ་བྱ་བ་ཡོད་པས་དེ་སྤྱན་དྲོངས། ནུབ་ཕྱོགས་ཀ་རུ་ན་པཎྜི་ཏ་ནོར་བུ་གླིང་པ་བྱ་བ་ཡོད་པས་དེ་སྤྱན་དྲོངས་ཤིག །དབུས་འགྱུར་འཆང་ན་པཎྜི་ཏ་པྲཛྙཱ་བ་ལི་བྱ་བ་ཡོད་པས། དེ་ལ་འདུས་པ་རྣམ་གཉིས་བྱ་བའི་ཆོས་མུ་སྟེགས་ཀྱིས་ཀྱང་རྩོད་པར་མི་ནུས་པ་ཡིན། དེ་ཤེས་པར་གྱིས་ཤིག །དེ་ཉིད་འདུས་པ་ལ་ཀུན་དགའ་སྙིང་པོའི་འགྲེལ་པ་ཡོད་ཟེར་བས། དེ་ཤེས་པར་གྱིས་ཤིག་སོགས་ནས། གཞན་ཡང་བི་ཀྲ་མ་ལ་ཤཱི་ལ་ན་པཎྜི་ཏ་བརྒྱ་རྩ་བརྒྱད། མཁས་པ་བདུན་ཅུ་རྩ་གཉིས། འགྲན་ཟླ་མེད་པ་སུམ་ཅུ་རྩ་བདུན། གཙུག་གི་ནོར་བུ་ལྟ་བུར་བཅུ་གཅིག །འཛམ་བུའི་གླིང་གི་རྒྱན་ལྟ་བུ་བརྒྱད། ཁམས་གསུམ་གྱི་སྤྱན་ལྟ་བུ་གཉིས་ཡོད་ཟེར་བས། དེ་རྣམས་ལས་གང་བྱུང་རེ། རབ་གསེར་ལ་མ་གཙིགས་པར་སྤྱན་ཅི་འདྲོངས་གྱིས། འབྲིང་གདམས་པ་ཅི་ཐོབ་གྱིས། ཐ་མའང་པཎྜི་ཏ་ཆོས་གང་མཁས་པ་དང་། གདམས་ངག་གང་ཆེ་བ་རྩད་ཆོད་ལ་ལུང་ཞུས་དཔེ་ལོངས་པ་གྱིས་ལ་ཤོག་བྱས་ཏེ་བཏང་བར་བཤད་དོ། །ལོ་ཆེན་ཐོག་མར་ཁ་ཆེར་བྱོན་ནས་ཁ་ཆེ་རིན་ཆེན་རྡོ་རྗེ་ལས་ཡོ་ག་དང་། ཕུ་ལ་ཧ་རིར་ནཱ་རོ་པ་སོགས་ལའང་གཏུགས། དེ་ནས་བི་ཀྲ་མ་ལ་ཤཱི་ལར་མཁན་པོ་མར་མེ་མཛད་བཟང་པོ་དང་། མི་ཐུབ་ཟླ་བ་དང་། རྒྱལ་བའི་འབྱུང་གནས་གསུམ་ལ་སྔགས་མཚན་ཉིད་མང་པོ་ཞུས། དགུང་ལོ་སོ་གཉིས་ལ་བོད་དུ་ཕེབས། ཤར་ཕྱོགས་ཀྱི་པཎྜི་དྷརྨ་པཱ་ལ་ཚད་པས་བསྙུངས་ནས་བོད་དུ་བྱོན་པ་ན། དེ་ལས་སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་ཀྱི་ཡོ་ག་གསན་པས། སྐུ་ཚེའི་སྟོད་ལ་ཁ་ཆེ་ལུགས། སྨད་ལ་ཤར་ཕྱོགས་ལུགས་ཏེ། ཡོ་ག་ལ་བོད་འདིར་སྟོད་ལུགས་དང་སྨད་ལུགས་གཉིས་སུ་དར། སློབ་དཔོན་ཀུན་དགའ་སྙིང་པོ་ནི་བི་ཀྲ་མ་ལ་ཤཱི་ལར་རིག་པའི་གནས་ལྔ་ལ་སྦྱངས་ནས་གྲུབ་པ་བརྙེས་པ་ཞིག་ཡིན་ལ། བྲམ་ཟེ་རིན་ཆེན་རྡོ་རྗེ་ནི་མཁས་པ་སྒོ་དྲུག་ལས་དབུས་ཀྱི་ཀ་ཆེན་དང་པོ་ཡིན་ཅིང་། དེའི་སྲས་མ་ཧཱ་ཛ་ན། དེའི་སྲས་སཛྫ་ན་སྟེ། བོད་ཀྱི་ཆོས་བརྒྱུད་རྣམས་ལའང་ཤིན་ཏུ་བཀའ་དྲིན་ཆེའོ། །ལོ་ཆེན་གྱིས་པཎྜི་ཏ་དོན་ལྔ་ཙམ་བསྟེན་པར་བཤད་པའི་པཎྜི་ཏ་ཕལ་ཆེ་བ་ནི་བི་ཀྲ་མ་ལ་ཤཱི་ལ་ནས་ཐོན་པ་ཤ་སྟག་ཡིན་ནོ། །
དེ་ནས་ཕྱི་དར་བསྟན་པ་སྤེལ་བའི་ལོ་ཙཱ་བ་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་༼༩༩༣-༡༠༧༤༽ཡང་གནས་འདི་རུ་ཇི་ལྟར་བྱོན་ཚུལ་ནི། རྒྱ་ཤཱཀྱ་གཞོན་ནུ་དང་། སེ་ཡེ་ཤེས་བརྩོན་འགྲུས་ཏེ། མཁན་སློབ་གཉིས་ཀྱིས་བསྐལ་ཏེ། ཁོང་དང་སྟག་ལོ་གཞོན་ནུ་ཚུལ་ཁྲིམས་གཉིས་རྒྱ་གར་དུ་ཆོས་སློབ་ཏུ་བྱོན་པ་ལ། ཐོག་མར་བལ་པོར་ལོ་གཅིག་བཞུགས། བལ་པོ་ཞི་བ་བཟང་པོ་བྱ་བའི་པཎྜི་ཏ་ལ་གཏུགས། སྒྲ་བསླབས། ཆོས་ཀྱང་གསན། དེ་ལ་རྒྱ་གར་དུ་མཁས་པ་ཇི་ལྟར་ཡོད་དྲིས་པས། སྤྱིར་རྒྱ་གར་ན་ཨོ་ཏནྟྲ་པཱུ་རིའི་གཙུག་ལག་ཁང་སོགས་མང་བར་ཡོད་ཀྱང་། ད་ལྟ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་བསྟན་པ་དར། དེ་ན་མཁས་པ་སྒོ་དྲུག་བྱ་བ་ཡོད། དེའི་ནང་ནས་ཤར་སྒོ་སྲུང་བའི་མཁས་པ་ཆེན་པོ་ཤཱནྟི་པ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཡིན། དེ་ངའི་བླ་མ་ཡིན་དེར་སོང་གསུངས་པ་ལྟར། བི་ཀྲ་མ་ལ་ཤཱི་ལར་བྱོན་ནས་ཤར་སྒོ་སྲུང་བའི་མཁས་པ་ཆེན་པོ་ཤཱནྟི་པའི་དྲུང་དུ་ལོ་བརྒྱད་བཞུགས། ཀྱེེ་རྡོར་རྒྱུད་གསུམ་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ནཱ་རོ་པ་སོགས་སྒོ་དྲུག་གཞན་རྣམས་ལ་ཆོས་འབྲེལ་ཞུས་ཤིང་། བོད་དུ་ཕེབས་ནས་འཁོན་དཀོན་མཆོག་རྒྱལ་པོ་སོགས་རྗེས་སུ་བཟུང་ནས་དཔལ་ལྡན་ས་སྐྱ་བའི་བསྟན་པ་ལ་བྱ་བ་བྱས་ཚུལ་ཡོངས་གྲགས་ལྟར་རོ། །དེ་ལྟར་འབྲོག་མི་ལོ་ཙཱའི་རྣམ་ཐར་སོགས་སུ་འབྱུང་བ་ལྟར། བསྟན་པ་ཕྱི་དར་གྱི་དུས་སུ་ནཱ་ལེནྡྲའི་དགོན་གནས་ཅུང་ཟད་ཉམས་ཤིང་། བི་ཀ་མ་ལ་ཤཱི་ལ་དེ་ལས་དར་ཆེ་བ་ཙམ་དུ་ཡོད་པར་མངོན་ཞེས་དགེ་ཆོས་ཀྱིས་ཀྱང་བཤད་དོ། །དེ་བཞིན་རྒྱ་གར་དུ་ཕེབས་མ་མྱོང་ཡང་རྒྱ་གར་གྱི་ཆོས་ལ་ཐུགས་རྒྱུས་ཤིན་ཏུ་ཆེ་བ་རྗེ་ཙོང་ཁ་པས་ཀྱང་། དཔལ་ནཱ་ལེནྡྲ་ལས་དུས་ཕྱིས་ནི་བི་ཀྲ་མ་ལ་ཤཱི་ལར་བསྟན་པ་དར་བར་གསུངས་སོ། །
སྐབས་དེར་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་མཁས་པ་སྒོ་དྲུག་ཅེས་པའི་ཐ་སྙད་བྱུང་ལུགས་ནི། རྒྱལ་པོ་མ་ཧཱ་པཱ་ལའི་སྨད་ཙམ་གྱི་སྐབས་སུ། དེའི་ཞང་པོ་ཙ་ན་ཀ་ཞེས་བྱ་བས་རྒྱལ་སྲིད་གཙོ་བོར་བསྐྱངས་པའི་རིང་། རྒྱལ་པོས་ཡོངས་སུ་གྲགས་པའི་པཎྜི་ཏ་རེ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་བསྟན་པའི་སྒོ་སྐྱོང་དུ་གདན་དྲངས་ནས་མངའ་གསོལ་མཛད་པས། མཁས་པ་སྒོ་དྲུག་གི་ཐ་སྙད་བྱུང་བར་རྒྱ་གར་ཆོས་འབྱུང་དུ་བཤད་པ་ལྟར་ཡིན། དུས་དེ་ཙམ་ལས་དེའི་སྔོན་དང་དེའི་རྗེས་སུ་སྒོ་དྲུག་ཅེས་པའི་ཐ་སྙད་དེ་བཞིན་བྱུང་བར་མི་སྣང་ངོ་། །འབྲོག་མི་རྒྱ་གར་དུ་བྱོན་པའི་ལོ་རྒྱུས་ལས་ཀྱང་། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་མཁས་པ་སྒོ་དྲུག་ཡོད་པ་དང་། དབུས་ཀྱི་ཀ་ཆེན་ལ་རིན་ཆེན་རྡོ་རྗེ་དང་། ཛྙཱ་ན་མི་ཏྲ་སྟེ། དེ་གཉིས་ལ་ཀ་ཆེན་ཟེར་ཡང་གཞན་རྣམས་ལས་ཡོན་ཏན་ཆེ་རྒྱུ་མེད་ཅེས་འབྱུང་ངོ་། །
མཁས་པ་སྒོ་དྲུག་གི་རྣམ་ཐར་རྒྱས་པ་གཞན་དང་གཞན་དུ་གསལ་ཡང་འདིར་ངོ་སྤྲོད་ཙམ་སྨོས་ན། ཤར་སྒོ་ཤཱནྟི་པ་ནི། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ། རིག་པའི་གནས་ཐམས་ཅད་ལ་མཁས་པས། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས། རྒྱལ་པོས་བི་ཀྲ་མ་ལ་ཤཱི་ལའི་ཤར་སྒོ་བསྲུང་བར་མངའ་གསོལ། སྐུ་སྙན་པ་ཆེ་བས་སིངྒ་གླིང་གི་རྒྱལ་པོས་སྤྱན་དྲངས། དེར་ལོ་གསུམ་གྱི་བར་དུ་སྡེ་སྣོད་ཀྱི་ཆོས་མང་དུ་གསུངས། ལྟ་བ་སེམས་ཙམ་པའི་ལུགས་འཛིན། འདིས་མཛད་པའི་གཞུང་ཤིན་ཏུ་མང་། ཏོག་ཙེ་པ་སོགས་པཎ་གྲུབ་ཀྱི་སློབ་མ་དཔག་ཏུ་མེད་པ་ཡོད། ནཱ་རོ་པ་ལས་གསང་སྔགས་ཀྱི་ཆོས་གསན་ཞིང་། རང་གི་སློབ་མ་ཏོག་ཙེ་པའི་གདམས་ངག་ལ་བརྟེན་ནས་བསྒོམས་པས་གྲུབ་པ་ཐོབ་པར་གྲགས་སོ། །
ལྷོ་སྒོ་ཤེས་རབ་འབྱུང་གནས་བློ་གྲོས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་། འཇམ་དཔལ་གྱི་ཞལ་གཟིགས། རྒྱལ་པོས་བི་ཀྲ་མ་ལ་ཤཱི་ལའི་ལྷོ་སྒོ་བསྲུང་བར་མངའ་གསོལ། མུ་སྟེགས་དང་རྩོད་པའི་ཚེ་འཇམ་དབྱངས་ལ་གསོལ་བ་འདེབས་པ་ཙམ་གྱིས་ལན་ཐུགས་ལ་ཤར་ནས་ངེས་པར་རྒྱལ་བ་གྲགས། འདི་དང་རྒྱན་མཁན་པོ་ཤེས་རབ་འབྱུང་གནས་སྦས་པ་དོན་གཅིག་པར་ཀུན་མཁྱེན་པད་དཀར་མཛད་ཀྱང་། ཏཱ་ར་ནཱ་ཐས་རྟོག་གེ་བ་རྒྱན་མཁན་པོ་དང་འདི་གཉིས་སྔོན་རྗེས་སུ་བྱོན་པ་ལས། འདི་རྟེན་དགེ་སློང་། སྔ་མ་ཤེར་འབྱུང་སྦས་པ་དགེ་བསྙེན་ཡིན་པར་མཁས་པ་རྣམས་ལ་གྲགས་པས་མི་འཐད་པ་གསུངས་ཀྱང་། ཐོག་མར་དགེ་བསྙེན་དང་ཕྱིས་དགེ་སློང་གི་མཚན་གྱི་ཁྱད་པར་སྙམ་སྟེ། དཔེར་ན་པཎྜི་ཏ་རྡོ་རྗེ་གདན་པའི་བྱུང་བ་བཞིན་ནོ། །འདིས་སྤྱོད་འཇུག་འགྲེལ་ཆེན་མཛད་པ་ཡོངས་གྲགས་ལྟར་རོ། །འབྲོག་མི་ལོ་ཙཱའི་རྣམ་ཐར་དང་ཀུན་མཁྱེན་ཆོས་འབྱུང་སོགས་བོད་ཀྱི་ལོ་རྒྱུས་མང་པོ་ལས་འདི་ནུབ་སྒོ་བ་དང་། ངག་དབང་གྲགས་པ་ལྷོ་སྒོ་བར་བཤད་ཀྱང་། ཏཱ་ར་ནཱ་ཐས། བོད་ཀྱི་ལོ་རྒྱུས་ཚོ་ན་དེ་ལྟར་ཟེར་བ་གདའ་ན་ཡང་། རྒྱ་གར་གྱི་ཡིག་ཆ་གསུམ་གུང་མཐུན་པ་ལྟར་བཀོད་ཅེས་གསུངས་པ་ལྟར། དེ་ཕྱིན་བོད་ཀྱི་བླ་མ་རྣམས་ལ་འདི་བཞིན་གྲགས་སོ། །
ནུབ་སྒོ་ངག་གི་དབང་ཕྱུག་གྲགས་པ་ནི། ཝཱ་རཱ་ཎ་སཱིར་འཁྲུངས། སྒྲ་ཚད་དང་གཞུང་ལུགས་མང་པོ་མཁྱེན། ངག་གི་དབང་ཕྱུག་གྲུབ་པས་ཉིན་རེར་ཚིགས་བཅད་སྟོང་ཕྲག་རེའི་ཚིག་དོན་མ་ལུས་པར་ཐུགས་སུ་ཆུད་ནུས། འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད། སྒྲོལ་མའི་ཞལ་གཟིགས་ཤིང་ཐེ་ཚོམ་གཅོད། རྒྱལ་པོས་བི་ཀྲ་མ་ལ་ཤཱི་ལའི་ནུབ་སྒོ་བསྲུང་བར་མངའ་གསོལ། མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད། ངོ་མཚར་ཅན་གྱི་རྣམ་ཐར་ཤིན་ཏུ་མང་། ལན་ཅིག་དགེ་སློང་ཞིག་དང་ཆོས་ཀྱི་བགྲོ་གླེང་མཛད་པས། དེས་དབྱིག་གཉེན་གྱི་ལུང་དྲངས། དེ་ལ་ཀྱལ་ཀའི་ཚུལ་གྱིས་དབྱིག་གཉེན་གྱི་གཞུང་ལ་ཟུར་ཟ་མཛད་པས། དེ་ནུབ་ལ་ལྗགས་སྐྲངས་ནས་ཆོས་གསུང་མ་ཐུབ། ཟླ་བ་འགའ་སྙུང་ནས་སྒྲོལ་མ་ལ་ཞུས་པས། སློབ་དཔོན་དབྱིག་གཉེན་ལ་བརྙས་པའི་ཉེས་པ་ཡིན། དེ་ཉིད་ལ་བསྟོད་པ་གྱིས་གསུངས་པ་བཞིན་བསྟོད་པ་བརྩམས་མ་ཐག་ཏུ་སྙུན་དྭངས། སྐུ་ཚེ་སྨད་ཙམ་ལ་བལ་ཡུལ་དུ་ཕེབས་ཏེ། སྔགས་ཀྱི་སྤྱོད་པ་ལ་ཞུགས་ཤིང་འཇའ་ལུས་སུ་གྱུར་པར་གྲགས་སོ། །
བྱང་སྒོ་ནཱ་རོ་ཏ་པ་ནི། ཀསྨིར་ཞེས་ཁ་ཆེར་འཁྲུངས། དེར་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང་ཞིང་། སྡེ་སྣོད་གསུམ་པར་གྱུར། དེ་ནས་ཡུལ་དབུས་ནཱ་ལེནྡྲར་བྱོན། གནས་བརྟན་ཀླུའི་སྡེ་སོགས་ལས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཐོས་པ་མཛད། སློབ་དཔོན་ཙི་ལུ་པ་དེར་བྱོན་ཏེ་དཔལ་དུས་ཀྱི་འཁོར་ལོ་ལེགས་པར་བཤད་པ་གསན། ནཱ་ལེནྡྲའི་མཁན་པོ་མཛད་དེ་བསྟན་པ་ཡུན་རིང་དུ་བསྐྱངས། བསྒོམ་པར་བཞེད་ནས་ཅུང་ཟད་མཉམ་པར་བཞག་པ་ན། རང་གི་སེམས་བ་འཇོ་བའི་ནུ་མ་འཐེན་པའི་ཡུན་ཙམ་ཡང་མི་གནས་པས། སེམས་ལ་དབང་ཐོབ་པའི་གདམས་པ་ཞིག་དགོས་པར་འདུག་དགོངས་པའི་ཚེ། ཡི་དམ་ལྷའི་ལུང་བསྟན་པ་ལྟར་ཤར་ཕྱོགས་སུ་བྱོན་ནས། གྲུབ་ཐོབ་ཏིལླི་པ་ལ་དཀའ་ཆེན་བཅུ་གཉིས་དང་དཀའ་ཕྲན་བཅུ་གཉིས་སྤྱད་ནས་བསྟེན་པ་ཡོངས་གྲགས་ལྟར་ལ། མཐར་བླ་མའི་བྱིན་རླབས་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས། དེ་ནས་རྒྱལ་པོས་བི་ཀྲ་མ་ལ་ཤཱི་ལའི་བྱང་སྒོ་བསྲུང་བར་མངའ་གསོལ། རྒྱ་གར་ཆོས་འབྱུང་ལས། ནཱ་རོ་པས་བྱང་སྒོ་སྲུང་བ་ལོ་འགའ་ཞིག་མཛད་ནས། སྤྱོད་པ་ལ་གཤེགས་པ་ཡིན། དེའི་ཚབ་གནས་བརྟན་བྱང་བཟང་གིས་མཛད་ཅེས་བཤད་པ་ལྟར། དེར་ཡུན་རིང་མ་བཞུགས་པར་བི་ཀྲ་མ་ལ་ཤཱི་ལ་དང་ཧ་ཅང་མི་རིང་བ་མེ་ཏོག་རྒྱས་པ་རི་བོ་གསེར་གླིང་གི་དགོན་པ་དང་། ཁ་ཆེའི་རྒྱལ་པོས་གུར་ཀུམ་གྱི་ཞིང་གི་ལྗོངས་དང་ཉེ་བ་ན་རི་བོ་ཞིག་ལ་དཔལ་མེ་ཏོག་མདངས་འཕྲོག་པའི་གཙུག་ལག་ཁང་བགྱིས་ནས་སྤྱན་དྲངས་པ་དེ་གཉིས་སུ་གཙོ་བོར་བཞུགས་ཤིང་། སྔགས་ཀྱི་སྤྱོད་པ་བརྩམས་ནས་ཐར་སྐུ་མ་སྤངས་པར་མཁའ་སྤྱོད་ཆེན་པོར་བྱོན་པར་གྲགས་སོ། །
དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ནི། ཁ་ཆེའི་ཡུལ་དུ་བྲམ་ཟེའི་རིགས་བརྒྱུད་མཁས་པ་ཤ་སྟག་འབྱུང་བ་ཞིག་ལས་འཁྲུངས། རྟེན་དགེ་བསྙེན་ཡིན། སུམ་ཅུའི་བར་ཁ་ཆེ་ཉིད་དུ་སྦྱངས་ཏེ་མདོ་སྔགས་རིག་གནས་ཕལ་ཆེར་ཐུགས་སུ་ཆུད། དེ་ནས་ནཱ་རོ་པ་དང་ལྷན་དུ་ནཱ་ལེནྡྲར་བྱོན་ཏེ། གསན་འཕྲོ་ཅུང་ཟད་ཡོད་པ་སྦྱངས་ཤིང་། རྡོ་རྗེ་གདན་དུ་སྒྲུབ་པ་མཛད་པས་འཁོར་ལོ་སྡོམ་པ་སོགས་ཡི་དམ་གྱི་ཞལ་གཟིགས། རྒྱལ་པོས་བི་ཀྲ་མ་ལ་ཤཱི་ལའི་དབུས་ཀྱི་ཀ་ཆེན་དང་པོར་མངའ་གསོལ། དེར་ལོ་མང་པོར་སྔགས་ཀྱི་ཐེག་པ་དུ་མ་དང་། ཚད་མ་སྡེ་བདུན་དང་། བྱམས་པའི་ཆོས་ལྔ་སོགས་གཙོ་བོར་གསུངས། སླར་ཡང་ཁ་ཆེར་ཕེབས་ནས་མུ་སྟེགས་མང་པོ་རྩོད་པས་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། དེར་འཆད་པའི་གྲྭ་ཡང་འགའ་རེ་བཙུགས། སྐུ་ཚེ་སྨད་ལ་ཨུ་རྒྱན་དུ་གཤེགས་ནས་འཇའ་ལུས་བརྙེས་པར་གྲགས་སོ། །དེའི་སྲས་མ་ཧཱ་ཛ་ན། དེའི་སྲས་སཛྫ་ན་སྟེ། ཡབ་སྲས་དེ་དག་ནི་བོད་དུ་བྱམས་ཆོས་སྡེ་ལྔ་སོགས་ལ་བཀའ་དྲིན་ཆེའོ། །
དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ནི། ཡུལ་གཽ་ཊར་འཁྲུངས། དང་པོར་ཉན་ཐོས་སེནྡྷ་པའི་པཎྜི་ཏ། ཕྱིས་ཐེག་ཆེན་ལ་དད་པ་ཐོབ་སྟེ་ཀླུ་ཐོགས་གཞུང་ལ་མཁས་པར་སྦྱངས། གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་པོ་མཁྱེན། བྱང་ཆུབ་སེམས་ལ་གོམས་པ་ཐོབ། ཤཱཀྱའི་རྒྱལ་པོ་དང་། བྱམས་པ་དང་། སྤྱན་རས་གཟིགས་གསུམ་ཡང་ཡང་ཞལ་གཟིགས། མངོན་ཤེས་ཐོགས་པ་མེད་པ་མངའ། རྒྱལ་པོས་བི་ཀྲ་མ་ལ་ཤཱི་ལའི་དབུས་ཀྱི་ཀ་ཆེན་གཉིས་པར་མངའ་གསོལ། མ་ག་དྷཱ་དང་། བྷངྒ་ལ་རྣམས་སུ་ཆོས་གཞི་ཉམས་པ་གསོས་པ་དང་གསར་དུ་བཙུགས་པ་མང་བར་ཡོད་དོ། །འདི་འབྲོག་ལོའི་རྣམ་ཐར་དུ་ཁ་ཆེ་ཛྙཱ་ན་མི་ཏྲ་ཞེས་བྲིས་ཀྱང་དེ་མིན་པར་པད་དཀར་དང་ཏཱ་ར་ནཱ་ཐ་གཉིས་ཀས་བཤད་དོ། །ད་དུང་འབྲོག་ལོའི་རྣམ་ཐར་བྲིས་མ་དབུ་མེད་ཅིག་མཐོང་བ་དེར་བཀའ་གདམས་པ་དང་དྭགས་པོ་ལྷ་རྗེ་དང་ཞང་ཚལ་པ་སོགས་ཀྱིས་སངས་རྒྱས་བསྟན་པ་བཤིག་པར་མ་བཟོད་ནས། རྒྱ་དང་སེ་མཁན་སློབ་གཉིས་ཀྱིས་འབྲོག་མི་རྒྱ་གར་དུ་ཆོས་སློབ་ཏུ་བརྫངས་པར་བྲིས་པ་སོགས་ཕྱིས་སུ་ལྷད་བཅུག་པའང་མི་ཉུང་བ་ཡོད་པར་སྣང་། ཀ་ཆེན་གཉིས་པ་ལ་བོད་ཀྱི་བླ་མའི་གསུང་སྒྲོས་སུ་བྲམ་ཟེ་སཛྫ་ན་ཞེས་པ་ཞིག་ཡོད་ཀྱང་། ཁུངས་མ་མཐོང་ངོ་། །
གངས་ཅན་ལྗོངས་འདིར་རྡོ་རྗེ་ཐེག་པ་ལ་བཀའ་དྲིན་ཆེ་བའི་རྗེ་མར་པ་ལོ་ཙཱ་བ་༼༡༠༡༢-༡༠༩༧༽ཆེན་པོ་གནས་འདིར་ཇི་ལྟར་བྱོན་ཚུལ་ནི། ཐོག་མར་མྱུ་གུ་ལུང་དུ་འབྲོག་མི་ལོ་ཙཱ་བསྟེན་ཏེ། ལོ་གསུམ་ཙམ་ལ་སྒྲ་སྐད་བསླབས། ཆོས་བཀའ་དོག་པས་གསང་སྔགས་ཀྱི་ཆོས་འདོད་པ་བཞིན་མ་ཐོབ་པ་ལ་བརྟེན་ནས། རང་ཡང་རྒྱ་གར་དུ་འགྲོ་བའི་ཐུགས་བསམ་འཁོར། ཁོང་འབྲོག་མིའི་དགེ་ཕྲུག་ཡིན་པའི་དབང་གིས་འབྲོག་མི་རྒྱ་གར་དུ་ཇི་ལྟར་བྱོན་ལུགས་ལ་མིག་ལྟོས་མཛད་ཡོད་ཅིང་། འབྲོག་མིའི་ཆོས་ཁུངས་བི་ཀྲ་མ་ལ་ཤཱི་ལ་ནས་ཡིན་པས། ཐོག་མ་ནས་དེར་འབྱོན་འདིང་མཛད་ཡོད་པ་སྨོས་ཅི་དགོས། བལ་ཡུལ་དུ་ལོ་གསུམ་ཚད་པ་ལ་འདྲིས་སུ་བཅུག །དེ་ནས་ནཱ་རོའི་སློབ་མ་པེནྟ་པའི་ལམ་སྟོན་ལྟར་རྒྱ་གར་དུ་བྱོན། རྒྱ་གར་དུ་བྱོན་ལུགས་ཀྱང་འབྲོག་མི་ལོ་ཙཱ་འབྱོན་པ་ལྟར་སྔོན་ལ་རྡོ་རྗེ་གདན་ལ་ཕྱག་མཆོད་གསོལ་བ་བཏབ་ནས། དེ་ནས་བི་ཀྲ་མ་ལ་ཤཱི་ལར་ཕེབས་པར་སྣང་། བི་ཀྲ་མ་ལ་ཤཱི་ལར་སླེབས་པའི་ཚེ། ནཱ་རོ་པའི་ཉེ་གནས་དགེ་ཚུལ་ཤེས་རབ་སེང་གེ་དང་འཕྲད་ཅིང་། དེས་ཁྲིད་ནས་ལྗོངས་མེ་ཏོག་རྒྱས་པ་རི་བོ་གསེར་གླིང་གི་དགོན་པར་དཔལ་ནཱ་རོ་པ་དང་ཐོག་མར་མཇལ། འདིར་མར་པའི་རྣམ་ཐར་མང་པོ་དང་། ལྷག་པར་དེང་སང་གྲགས་ཆེ་བ་ཁྲག་འཐུང་རྒྱལ་པོས་བསྒྲིགས་པའི་མར་པའི་རྣམ་ཐར་མཐོང་བ་དོན་ཡོད་ལས། བི་ཀྲ་མ་ལ་ཤཱི་ལའི་མིང་ཙམ་ཡང་མེད་ཅིང་། ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཕེབས་ནས། དེ་དང་ཕྱོགས་ཉེ་བའི་རི་བོ་གསེར་གླིང་གི་དགོན་པ་པུ་ལ་ཧ་རིར་ནཱ་རོ་པ་མཇལ་ཚུལ་བྲིས་མོད། རྩོམ་པ་པོས་རྫུན་གསུངས་པ་མིན་ན་ཡང་ཟེར་སྒྲོས་མ་དག་པ་ཡི་གེར་བཀོད་པ་ཙམ་སྟེ། རྗེ་མར་པ་ནཱ་ལེནྡྲ་མ་གཏོགས་བི་ཀྲ་མ་ལ་ཤཱི་ལ་ལ་མ་ཕེབས་པ་ནི་གཏན་ནས་མི་འཐད་ཅིང་། གལ་ཏེ་རྒྱ་གར་གྱི་ནཱ་ལེནྡྲ་དང་བི་ཀྲ་མ་ལ་ཤཱི་ལ་གཉིས་གཅིག་ཡིན་ན་ནི། བོད་ཀྱི་ལྷ་ས་དང་བསམ་ཡས་གཉིས་ཀྱང་གཅིག་ཡིན་ཟེར་ན་མི་རུང་བ་ཅི་ཡང་མེད། དེས་ན་རྒྱུས་མེད་ཐག་རིང་ཞིག་ནས་བསམ་ཡས་ལས་ལྷ་ས་སྐད་གྲགས་ཆེ་བས། ལྷ་ས་དང་བསམ་ཡས་གཉིས་གཅིག་ཏུ་རློམ་ནས་བསམ་ཡས་ནི་ལྷ་སའོ་སྙམ་པ་དང་འདྲ་ཞིང་། ནོར་འཁྲུལ་དེའི་དབང་གིས་མར་པའི་རྣམ་ཐར་དེར། ཇོ་བོ་རྗེ་ནཱ་ལེནྡྲའི་ཆོས་ཁྲིམས་མཛད་དེ། མངག་བདག་མཻ་ཏྲི་པས་དམ་རྫས་བསྟེན་པར་གནས་ནས་དབྱུང་བ་བརྩམས་པར་བཤད་པ་ནི། ཀྲ་མ་ལ་ཤཱི་ལ་དང་ནཱ་ལེནྡྲ་གཉིས་ནོར་ཡོད་པའི་རྟགས་མཚན་ཆེ་ཤོས་ཏེ། མི་ཏྲི་པས་ཆང་འཐུང་ནས་དགོན་པ་གཉིས་ནས་ལན་གཉིས་ཕུད་པའི་ལོ་རྒྱུས་མེད་ཅིང་། ལན་གཅིག་གི་ཚེ་ན་རྩིག་པ་ལ་ཐོགས་མེད་དུ་བྱོན་ནས་གང་གཱ་ལ་ཁྲི་བརྙན་ས་ལེའི་པགས་པ་བཏིང་ནས་གཤེགས་པར་གྲགས་པས། རྩིག་འགྲམ་དུ་གང་གཱ་འབབ་པ་ནི་བི་ཀྲ་མ་ལ་ཤཱི་ལ་ཡིན་ལ། ནཱ་ལེནྡྲ་ནི་ཆག་ལོའི་རྣམ་ཐར་ལས་ཆུ་བོ་གང་གཱ་ནས་ཉིན་ལམ་གཅིག་ཙམ་ལ་ཡོད་པར་བཤད་ཅིང་། དེང་སང་དེ་བཞིན་མཐོང་ཆོས་ཡིན་ནོ། །
མར་པའི་རྣམ་ཐར་དེ་མཛད་པ་པོ་ཁྲག་འཐུང་རྒྱལ་པོ་ནི་གཙང་སྨྱོན་ཧེ་རུ་ཀ་ཡིན་པ་འདྲ་སྟེ། དེས་མཛད་པའི་མི་ལའི་རྣམ་ཐར་དང་ཕྱོགས་མཐུན་པར་སྣང་མོད། འོན་ཀྱང་མི་ལའི་རྣམ་ཐར་དེ་ལས། རྗེ་མི་ལའི་མགུར་ལས། འཛམ་གླིང་སྙིང་པོ་རྒྱ་གར་ཡུལ། །གཙུག་ལག་ཁང་ཆེན་བི་ཀྲ་མ། །རིག་པའི་འབྱུང་གནས་དེ་ཉིད་ཀྱི། །བྱང་སྒོ་སྲུང་བའི་པཎྜི་ཏ། །མི་ཡི་སེང་གེ་འགྲན་ཟླ་མེད། །རྒོལ་བ་ངན་པའི་ཀླད་འགེམ་ཕྱིར། །གྱད་སྟོབས་པོ་ཆེ་ཡི་དཔེ་དང་མཚུངས། །བཀའ་རྒྱུད་སྡེ་བཞི་ལ་མ་རྨོངས་ཤིང་། །མཆོག་ཐུན་མོང་དངོས་གྲུབ་བརྙེས་པ་དེ། །རྗེ་ནཱ་རོ་པཎ་ཆེན་མ་ལགས་སམ། །ཞེས་བི་ཀྲ་མ་ལའི་སྒོ་སྲུང་ཡིན་པར་གསལ་བར་གསུངས་ཀྱང་། མར་པའི་རྣམ་ཐར་དེར་བི་ཀྲ་མ་ལ་ཤཱི་ལ་ཟུར་ཙམ་མ་བྱུང་བ་ཡ་མཚན། འོན་ཀྱང་ཚེ་རིང་མའི་ཆོས་སྐོར་དེ་དག་བོ་དྷི་དྷརྨ་ར་ཛཱ་དང་རས་པ་ཞི་བ་འོད་གཉིས་ཀྱིས་གསུང་སྒྲོས་ལ་དབྲི་བསྣན་ལྷག་ཆད་མེད་པར་ནན་ཏན་བྱས་ཏེ་བསྡུ་བསྒྲིགས་མཛད་པ་ཇི་བཞིན་བཞག་འདུག་པས། འདི་ཙམ་གྱིས་ཀྱང་ཆོས་སྐོར་དེ་ཉིད་མར་མིའི་གསུང་སྒྲོས་ལྷད་མེད་ཅིག་ཡིན་པར་དཔོག་ནུས་སོ། །མར་པའི་རྣམ་ཐར་དེར་རི་བོ་གསེར་གླིང་གི་རི་བོ་དགོན་པ་པུ་ལ་ཧ་རི་ཡིན་པར་བཤད་པ་ཡང་འཐད་སྙམ་པ་མི་སྣང་སྟེ། གསེར་གླིང་གི་དགོན་པ་ནི་བི་ཀྲ་མ་ལ་ཤཱི་ལའི་ཕྱོགས་ཉེ་བ་ན་ཡོད་ཀྱི། ནཱ་ལེནྡྲའི་ཕྱོགས་སུ་མེད་པར་སྔར་བཤད་ཟིན་པ་ལྟར་ཡིན་ལ། པུ་ལ་ཧ་རི་སྟེ། ཕུ་ལ་ཧ་རིའམ། པུཥྤ་ཧ་རི་སོགས་ཡི་གེ་ཅུང་མི་འདྲ་བ་འགའ་སྣང་ཡང་བོད་སྐད་དུ་མེ་ཏོག་མདངས་འཕྲོག་གམ་མེ་ཏོག་རྒྱས་པ་ཞེས་པར་བསྒྱུར་འདུག །མར་པའི་རྣམ་ཐར་མཐོང་བ་དོན་ཡོད་ལས་ཀྱང་། པུ་ལ་ཧ་རི་ནི་མེ་ཏོག་མདངས་འཕྲོགས་ཀྱི་དགོན་པ་དང་གཅིག་པར་མཛད་ཡོད་ཅིང་། གནས་དེ་ནི་ཁ་ཆེའི་རྒྱལ་པོས་གུར་ཀུམ་གྱི་ཞིང་གི་ལྗོངས་དང་ཉེ་བ་ན་རི་བོ་ཞིག་ལ། དཔལ་མེ་ཏོག་མདངས་འཕྲོག་པའི་གཙུག་ལག་ཁང་བགྱིས་ནས་དེར་སྤྱན་དྲངས་ནས་ཕུལ་བའི་གནས་ཡིན་པར་ཀུན་མཁྱེན་པད་དཀར་བཞེད། དེ་ཡང་གུ་གེ་ཁྱི་ཐང་པ་ཛྙཱ་ན་ཤྲཱིས་མཛད་པའི་ལོ་ཙཱ་བ་རིན་ཆེན་བཟང་པོའི་༼༩༥༨-༡༠༥༥༽རྣམ་ཐར་འབྲིང་པོ་རྙིང་པ་ལས། བྱང་ཕྱོགས་ཕུ་ལ་ཧ་རིའི་དགོན་པ་དཔལ་མེ་ཏོག་རྒྱས་པ་ཞེས་བྱ་བ་དེར་བྱོན། རྗེ་བཙུན་ནཱ་རོ་པ་མྱུར་དུ་མཇལ་ནས་བྱིན་རླབས་དང་གདམས་པ་ཞུས་ཞེས་དང་། རྣམ་ཐར་བསྡུས་པ་ལས་ཀྱང་ལོ་ཙཱ་བ་ཐོག་མར་ཁ་ཆེར་ཕེབས་པའི་སྐབས་བྱང་ཕྱོགས་ཕུ་ལ་ཧ་རིའི་དགོན་པར་བྱོན་ནས་རྗེ་བཙུན་ན་རོ་པ་མཇལ་ཚུལ་གསུངས་སོ།།
དེ་བཞིན་ཨོ་རྒྱན་པ་ཕྱི་མ་སྟག་ཚང་རས་པ་ངག་དབང་རྒྱ་མཚོའི་༼༡༥༧༤-༡༦༥༡༽ལམ་ཡིག་ལས། ཁ་ཆེའི་གུར་ཀུམ་གྱི་ལྗོངས་དང་ཉེ་བ་ན། སྤང་པོར་ཟེར་བའི་ཚོང་འདུས་ཤིག་ཡོད་པ་ནས་ཉ་བཙོས་པ་ཉོན་ནས་པུཥྤ་ཧ་རིར་ཚོགས་འཁོར་བྱས་ཞེས་དང་། སྐབས་དེའི་མགུར་ལས་ཀྱང་། ས་བོད་ཡུལ་གཙང་གི་རས་པ་ང་། །དཔལ་མེ་ཏོག་མདངས་འཕྲོགས་དགོན་པར་སླེབས། །ཞེས་དང་། ཕ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ། །རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །སྤྲུལ་སྐུ་ནཱ་རོ་པཎ་ཆེན་ལ། །བཀའ་རྒྱ་མཚོ་ལྟར་ཟབ་སྙིང་པོའི་དོན། །གསེར་ཞུན་མ་ལྟ་བུའི་གདམས་ངག་ཞུས། །བཀའ་བབ་ལུང་བསྟན་མངའ་གསོལ་མཛད། །ཅེས་སོགས་གསུངས་ཤིང་། དེ་རྗེས་ལ་དྭགས་སྟག་ཚང་ལྔ་པ་༼༡༨༧༥-༡༩༤༠༽ཁ་ཆེར་ཕེབས་ཤིང་། གནས་དེ་ནས་ལཉྫའི་ཡི་གེར་ནཱ་རང་བྱོན་ཡོད་པ་ཞིག་ཕྱག་ཏུ་བྱུང་བས། པམ་པཱུར་དང་ཐག་ཉེ་མོར་ཁུ་ནུ་མུ་ཞེས་པའི་གྲོང་གསེབ་ཐད་ཀྱི་རི་མགོར་ཡོད་པའི་ཕུག་པ་དེ་ནཱ་རོ་པའི་བཞུགས་གནས་པུ་ལ་ཧ་རི་འཁྲུལ་མེད་ཡིན་པར་མཁྱེན་ནས་གནས་སྒོ་ཕྱེས། ཀ་ཤི་མིར་གྱི་ཧིནྡྷུ་རྣམས་ཀྱིས་ཀྱང་ཧ་རི་ཤར་ཟེར་ཞིང་གནས་རྩ་ཆེན་པོ་བྱེད་པར་མཁས་དབང་བཀྲ་ཤིས་རབ་རྒྱས་ཀྱིས་མཛད་པའི་ལ་དྭགས་ལོ་རྒྱུས་ཀུན་གསལ་མེ་ལོང་ལས་བཤད་དོ། །
དེ་དང་མཐུན་པར་རྗེ་མར་པའི་མགུར་ལས་ཀྱང་། གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །ས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན། །དཔལ་པུཥྤ་ཧ་རིའི་དགོན་པ་དེར། །སྒོ་སྲུང་གི་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་ཞུས། །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། །ཅེས་སོགས་གསུངས་པ་ལྟར་རོ། །གནས་དེར་མར་པ་འབྱོན་ཐེངས་རྗེས་མར་ཕེབས་སྐབས། ནཱ་རོ་པས་མི་ལ་ཐོས་པ་དགའ་ལ་བསྔགས་པ་མཛད་དེ། དབུ་གུག་གུག་མཛད་པས་པུ་ལ་ཧ་རིའི་རི་དང་ཤིང་རྣམས་ད་ལྟའི་བར་བོད་ཀྱི་ཕྱོགས་སུ་མགོ་གུག་གེ་ཡོད་གསུང་ས་དང་། མཐར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བརྩམ་སའང་གནས་དེ་ཉིད་དོ། །འོན་ཀྱང་དགེ་ཆོས་ཀྱི་ལམ་ཡིག་ལས། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་གི་གནས་ཤུལ་གྱི་རི་དེ་ནཱ་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་ཡིན་པ་ལྟ་བུ་དང་། ཆག་ལོའི་རྣམ་ཐར་དུ་ནཱ་ལེནྡྲའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་པར་གསུངས་ཤིང་། ནཱ་ལེནྡྲའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་པས། རྗེ་མི་ལའི་རྣམ་ཐར་དང་ཡང་འགྲིག་ཅེས་བྲིས་པར་དཔྱད་ན། ཆག་ལོའི་རྣམ་ཐར་དུ་ནཱ་ལེནྡྲའི་ཤར་ཕྱོགས་ཉིན་ལམ་གཅིག་ཙམ་ན་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ཡོད་པར་བྲིས་པ་ལས། ནཱ་ལེནྡྲའི་བྱང་ངོས་ན་ཡོད་པར་མ་བཤད་པས། དགེ་ཆོས་ཀྱིས་རི་འདི་ནི་ཞེས་བྲིས་པའི་འདི་སྒྲ་བསྙེག་ས་ཨོ་ཏནྟ་པཱུ་རི་ཆགས་སའི་བྲག་རི་དེ་ཡིན་ན་དེ་དང་མི་འཐུན་ནོ། །ཆག་ལོའི་རྣམ་ཐར་ཏུའང་ནཱ་རོ་པའི་སྒྲུབ་གནས་ཕུ་ལ་ཧ་རི་ནི་ནཱ་ལེནྡྲའི་བྱང་ཕྱོགས་ཀྱི་ནགས་ཁྲོད་ཅིག་ན་ཡོད་པར་བྲིས་པ་ཞིག་འདུག་ཀྱང་། ལོ་ཆེན་གྱི་རྣམ་ཐར་རྙིང་པ་དང་རྗེ་མར་པའི་མགུར་སོགས་དང་མི་འགྲིག་པས། བྱང་ཕྱོགས་ཁ་ཆེའི་ཡུལ་དང་ནཱ་ལེནྡྲའི་བྱང་ངོས་ནགས་ཁྲོད་གཉིས་བྱང་ཕྱོགས་མཚུངས་པ་ཙམ་ལ་འཁྲུལ་གཞི་བྱས་པ་མིན་ནམ་སྙམ་སྟེ་བརྟག་པར་བྱའོ། །
སྤྱིར་ནཱ་རོ་པ་ནཱ་ལེནྡྲའི་ཕྱོགས་གང་སར་ཕེབས་ཡོད་ངེས་པས། དཔལ་ནཱ་རོ་པ་ལ་དད་པ་ཅན་རྣམས་ཀྱིས་ནཱ་ལེནྡྲ་དང་། ནཱ་ལེནྡྲའི་ཕྱོགས་མཚམས་སུ་ཕྱག་འཚལ་གསོལ་བ་འདེབས་ན་དོན་མེད་ག་ལ་ཡིན། འོན་ཀྱང་རྗེ་མར་པས་ནཱ་རོ་པ་ཐོག་མར་མཇལ་ས་རི་བོ་གསེར་གླིང་གི་དགོན་པ་དང་། ནཱ་རོ་པ་ཐ་མར་ཞལ་འབྲལ་ས་པུཥྤ་ཧ་རིའམ་མེ་ཏོག་མདངས་འཕྲོགས་ཀྱི་དགོན་པ་གང་ཡིན་ངོས་ཟིན་དགོས་ན། བི་ཀྲ་མ་ལ་ཤཱི་ལའི་ཕྱོགས་དང་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་འཚོལ་བ་ལས་ནཱ་ལེནྡྲའི་ཕྱོགས་སུ་འཚོལ་བའི་ངལ་བ་སྤངས་ན་ལེགས་སོ། །དེ་ལྟར་རྗེ་མར་པས་བི་ཀྲ་མ་ལ་ཤཱི་ལ་གཙོ་བོར་གྱུར་པའི་རྒྱ་གར་ཡུལ་དུ་སྐུ་ཚེ་སུམ་གཉིས་ཙམ་གསན་བསམ་སྒོམ་པ་གནང་ཚུལ་རྣམ་ཐར་རྒྱས་པར་གསལ་བས་འདིར་མ་སྨོས་ཤིང་། ནཱ་རོ་པ་དང་མཻ་ཏྲི་པ་གཙོ་བོར་གྱུར་པའི་པཎ་གྲུབ་རྣམས་ཀྱིས་བྱང་ཕྱོགས་བོད་དུ་བསྟན་པ་དར་བར་ལུང་བསྟན་པ་ལྟ་བཀའ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཚུལ་ནི་ཡོངས་གྲགས་ལྟར་རོ། །
མཁས་པ་སྒོ་དྲུག་གི་རྗེས་སུ་བི་ཀྲ་མ་ལ་ཤཱི་ལའི་གདན་རབས་སུ་བྱོན་པའི་གནས་བརྟན་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་༼༩༨༢-༡༠༥༤༽ནི། རྗེ་མར་པ་ཐོག་མར་བི་ཀྲ་མ་ལ་ཤཱི་ལ་བྱོན་སྐབས་ཇོ་བོ་དབུས་ཀྱི་ཀ་ཆེན་གཉིས་པའི་ཉེ་གནས་ཡིན་སྐད། ཤཱནྟི་པ་དང་ནཱ་རོ་པ་ལ་གཏུགས། རིག་པའི་ཁུ་བྱུག་དང་། སློབ་དཔོན་བྱང་ཆུབ་བཟང་པོ། གསེར་གླིང་པ་སོགས་བསྟེན་ནས་པཎ་གྲུབ་ཆེན་པོར་གྱུར། རྗེ་བཙུན་སྒྲོལ་མ་སོགས་ཐུགས་དམ་གྱི་ལྷ་མང་པོའི་ཞལ་གཟིགས། པཎ་ཆེན་ལྔ་བཅུ་རྩ་གཅིག་གིས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་གཏད་དེ། བི་ཀྲ་མ་ལ་ཤཱི་ལ་སོགས་རྒྱ་གར་གྱི་གནས་གཞི་ཀུན་གྱི་བསྟན་པའི་བདག་པོར་གྱུར་པར་བཤད། སྐབས་དེ་ཙམ་ན་བོད་དུའང་ཇོ་བོ་རྗེའི་སྙན་པས་ཁྱབ་ཅིང་། ལྷ་བླ་མ་ཡེ་ཤེས་འོད་སྐུ་ཚེ་སྨད་ཙམ་ལ་ཇོ་བོ་སྤྱན་དྲང་པའི་ཐུགས་འདུན་སྐྱེས་ཏེ། རྒྱ་བརྩོན་སེང་སོགས་བོད་ཕྲུག་མང་པོ་ལ་གསེར་བསྐུར་ནས་བཏང་། རྒྱ་བརྩོན་སེང་བི་ཀྲ་མ་ཤཱི་ལ་ཕྱིན་ནས་ཇོ་བོ་ལ་གསེར་ཕུལ་ནས་བོད་དུ་འབྱོན་པར་ཞུས་པས། ཇོ་བོས་བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན་ཏེ། འདོད་པས་གསེར་འཚོལ་དུའམ། རང་བས་གཞན་གཅེས་ཀྱི་བྱང་ཆུབ་སེམས་ཀྱིས་འགྲོ་བ་ལ། ང་ལ་དེ་གཉིས་ཀ་མེད་པས་མི་འགྲོ་གསུང་ནས་གསེར་ཚུར་གཏད། ཅི་བྱས་ཀྱང་གདན་མ་དྲངས། དེ་ནས་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར། སླར་ཡང་ཚ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་ལ་ཤིན་ཏུ་ཡུས་པའི་སྒོ་ནས་གདན་འདྲེན་དུ་མངགས་ཚུལ་མཆི་མ་འཆོར་བའི་ལོ་རྒྱུས་ཡོད་ཅིང་། ནག་ཚོ་ལོ་ཙཱ་བ་བལ་ཡུལ་ནས་རིམ་གྱིས་བི་ཀྲ་མ་ལ་ཤཱི་ལར་འགྲོ་བའི་ལམ་གྲོགས་བཟང་པོ་དང་བཅས་ཐོན་ཏེ། ཉི་མ་ནུབ་ཁ་ཞིག་ལ་གང་གཱའི་འགྲམ་དུ་སླེབས། གྲུ་པས་མགྲོན་པོ་གཞན་རྣམས་སྔོན་ལ་བསྐྱེལ། ཁོང་རྣམས་ལུས། ཕྱོགས་དེར་མི་ནི་མེད། གབ་ས་དང་ཡིབ་ས་མེད། གསེར་མང་པོ་ཡོད་པས་ཅི་དྲག་སྙམ་བཞིན་དེར་གཟིམས་ལ་ཐུག་པའི་ཚེ། ས་རུབ་ཟིན་ན་ཡང་གྲུ་པ་སླར་འོང་ནས་ནམ་ལ་ཆུ་ལས་བསྒྲལ། གྲུ་པ་དེ་ན་རེ། ད་ནམ་ལ་ཆུ་འཁྲིས་དང་སྔོ་གསེབ་ཏུ་ཉལ་ན་དུག་སྦྲུལ་གྱི་འཇིགས་པ་འོང་། དོ་ནུབ་བི་ཀྲ་མ་ལ་ཤཱི་ལའི་སྒོ་སྤེའི་འོག་ཏུ་སོང་། ཆོམ་རྐུན་པའི་འཇིགས་པ་ཡེ་མི་ཡོང་ཟེར་བ་ལྟར་དེར་ཕྱིན་ཏེ། འདི་ན་བོད་སུ་ཡོད་ཅེས་ལན་གསུམ་བོས་པས། རྒྱ་བརྩོན་སེང་སྒོ་ཁང་གི་སྟེང་དུ་བཞུགས་པས་གསན་ནས་བོད་ང་ཡོད། ཁྱེད་ཀུན་ག་ནས་འོངས། ངེད་མངའ་རིས་སྟོད་ནས་འོངས་པ་ཡིན་བྱས་པས། འོ་ན་སྒོ་ན་བྱིས་པ་ཡོད། དེ་ལ་ཁྱེད་རང་གི་ཆས་ཆོལ། གར་ཡང་མ་འགྲོ། དོ་ནུབ་དེ་རང་དུ་སྡོད་ཅིག །ནངས་པར་མཇལ་ལོ་ཟེར་བས་དེ་བཞིན་བྱས། སང་རྒྱ་བརྩོན་སེང་གིས་རྩད་བཅད་ནས་མཇལ་ཞེས་པའི་ལོ་རྒྱུས་དང་། ཡང་ལོ་རྒྱུས་གཞན་ན་དེ་ནུབ་མགྲོན་ཁང་དུ་བཞུགས། ནངས་པར་དཔོན་གཡོག་ལྔས་བོད་སྐད་དུ་མདོ་བཏོན་པས། རྒྱ་བརྩོན་སེང་གིས་ཐོས་ཏེ་མཇལ་ཕྲད་བྱུང་ཞེས་ཀྱང་བཤད། བཀའ་གདམས་ཕ་ཆོས་སུ་གང་གཱའི་ཆུ་འགྲམ་རི་དེའུ་ཞིག་གི་སྟེང་ན་བི་ཀྲ་མ་ལ་ཤཱི་ལ་ཡོད་པར་གསུངས་པ་ལྟར་ཏཱ་ར་ནཱ་ཐས་ཀྱང་དེ་བཞིན་བྲིས་ཀྱང་། དེ་ནི་སྔར་བཤད་པ་ལྟར་ཕྱིས་ཀྱི་གནས་ཚུལ་ལྟར་ཕྱོགས་གཅིག་གི་དབང་དུ་མཛད་པར་སྣང་ངོ་། །
དེ་ནས་ནག་ཚོ་དང་རྒྱ་བརྩོན་སེང་ལྷན་ཅིག་ཏུ་ཇོ་བོའི་སྤྱན་སྔར་བཅར་ནས་བོད་ཀྱི་ལྷ་བཙུན་པས་ཇི་སྐད་གསུངས་པའི་ལོ་རྒྱུས་རྣམས་མཆི་མ་འདོན་བཞིན་ཞུས་པས། ཇོ་བོའི་ཞལ་ནས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །བྱང་ཆུབ་སེམས་དཔའི་བཀའ་ཡང་བཅག་མི་བཏུབ། ངའི་ཕྱིར་དུ་ཁོང་གི་མི་ནོར་མང་པོ་ཆུད་ཟོས་ལ་སོང་གསུང་། སྤྱན་ཆབ་ཉིལ་མཛད་དེ་འབྱོན་པར་ཞལ་གྱིས་བཞེས། ལྷག་པའི་ལྷ་རྣམས་ཀྱིས་བོད་ལ་ཕན་ཐོགས་པར་ལུང་བསྟན། དེ་ནས་ཇོ་བོའི་མཛད་འཕྲོ་བསྡུ་བ་ལ་ལོ་གཅིག་ལྷག་གམ། ཁ་ཅིག་གིས་ལོ་གསུམ་ཙམ་ཡང་བཤད། མཐར་བི་ཀྲ་མ་ཤཱ་ལའི་གནས་བརྟན་དབང་ཆེ་ཤོས་ཤཱི་ལ་ཨཱ་ཀ་ར་ཞེས་པ་ལ་ཇོ་བོ་ལོ་གསུམ་ན་སླར་རྒྱ་གར་དུ་སྐྱེལ་བར་ཁ་ཆད་བྱས་ཏེ། དགུང་ལོ་ང་དགུ་༼༡༠༤༠༽ལོར་བལ་ཡུལ་བརྒྱུད་མངའ་རིས་སུ་བྱོན། དེར་ལོ་གསུམ་བཞུགས། མཐོ་ལྡིང་དུ་བྱང་ཆུབ་ལམ་སྒྲོན་སོགས་མཛད་དེ་བསྟན་པ་ཡང་དག་པ་སྤེལ། སླར་རེ་གཅིག་ཆུ་རྟ་༼༡༠༤༢༽ལོར་རྒྱ་གར་དུ་ཕེབས་རྩིས་ལ། བལ་ཡུལ་མཐའ་མཚམས་སུ་འཁྲུག་པ་ལངས་ཏེ་ཕྱིར་འགྱངས་པ་ལས། འབྲོམ་སྟོན་གྱིས་དབུས་གཙང་ལ་འབྱོན་པར་བསྐུལ་བ་དང་། དབུས་གཙང་གི་མི་ཆེན་དང་དགེ་འདུན་ཐམས་ཅད་ཀྱིས་གདན་ཞུས་གནང་བ་ལྟར་ཕེབས་ཏེ། བོད་གངས་ཅན་གྱི་ལྗོངས་སུ་སླར་ཡང་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་མཛད་པ་ཡོངས་གྲགས་ལྟར་རོ། །རྗེ་མར་པ་རྒྱ་གར་དུ་འབྱོན་ཐེངས་རྗེས་མའི་སྐབས་ཇོ་བོ་རྗེ་གཙང་དུ་ཕེབས་པ་དང་ལམ་ནས་མཇལ་བར་བཤད་ཀྱང་། མར་པའི་འཁྲུངས་ལོ་སྤྱི་ལོ་༼༡༠༠༠༽ཡན་ལ་འདོད་པ་སྔ་མའི་ཕྱོགས་རྣམས་ནི་འབྲོག་ལོ་དང་དུས་མི་འགྲིག །མར་པའི་འཁྲུངས་ལོ་༼༡༠༡༢༽ལ་འདོད་པ་ཕྱི་མ་ནི་མར་པ་རྒྱ་གར་འབྱོན་ཐེངས་གསུམ་པ་དང་དུས་འགྲིག་དཀའ་བར་སྣང་བས། རྗེ་མར་པ་རྒྱ་གར་དུ་འབྱོན་ཐེངས་གཉིས་པའམ། བལ་པོར་འབྱོན་པའི་སྐབས་ཙམ་ཞིག་ལ་མཇལ་འཕྲད་བྱུང་ཡོད་པ་ཙམ་བརྗོད་ནུས་སོ། །
འོན་ཀྱང་ཇོ་བོ་རྗེ་བོད་དུ་ཕེབས་དུས་ཙམ་ནས་རྒྱ་གར་གྱི་གྲུབ་ཐོབ་གཞན་ལྟར་ནཱ་རོ་པའང་ཐུན་མོང་གིས་མཇལ་བའི་ཡུལ་དུ་མ་བཞུགས་ན་ཡང་། རྗེ་མར་པ་ནི་གཞན་གྱིས་མཇལ་མི་ནུས་པའི་ལྷོ་དུག་མཚོའི་ཁོལ་བའི་གླིང་སོགས་སུ་བླ་མ་མཇལ་ནུས་པའི་སྐལ་ལྡན་སྔར་ནས་ཡིན་པ་ལྟར་འདིའང་དེ་བཞིན་ཡིན་པས་སྐྱོན་མེད་དོ། །ས་སྐྱའི་ཕྱོགས་ནས་མཁས་པ་ཁ་ཅིག་གིས་མར་པས་ནཱ་རོ་པ་མ་མཇལ་ཟེར་བ་ནི། འབྱོན་ཐེངས་རྗེས་མའི་སྐབས་ལ་བསམ་པ་ཡིན་ན་མ་གཏོགས། མར་པས་ནཱ་རོ་པ་གཏན་ནས་མ་མཇལ་ཟེར་བ་ནི་མི་འཐད་པའི་ཚུལ་རྗེ་ཞྭ་དམར་བཞི་པ་དང་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་པ་ལྟར་དོན་ལ་གནས་སོ། །
ཇོ་བོ་རྗེ་བོད་དུ་ཕེབས་རྗེས་བི་ཀྲ་མ་ཤཱི་ལའི་གདན་འཛིན་མཁན་པོ་མེད་པར་ལོ་བདུན་ལ་ལུས་པར་གྲགས་ཤིང་། དེའི་རྒྱུ་མཚན་ཡང་ཇོ་བོ་སླར་ཕེབས་པར་རེ་བས་ཡིན་པར་སྣང་ལ། དེ་ནས་ཇོ་བོ་བྱོན་མ་ཐུབ་པར་བརྟེན་ཇོ་བོའི་དངོས་སློབ་རྡོ་རྗེ་གདན་པ་ཆེན་པོས་བི་ཀྲ་མ་ཤཱི་ལའི་མཁན་པོ་ཅུང་ཟད་མཛད་ཅིང་། དེ་རྗེས་མཁན་རབས་ཁ་ཤས་བྱུང་ཡང་། རྡོ་རྗེ་གདན་པ་ཆུང་བའམ་ཨ་བྷ་ཡཱ་ཀ་ར་ཙམ་ལས་གྲགས་ཆེ་བ་སུ་མ་བྱུང་ཞིང་། ཨ་བྷ་ཡཱ་ཀ་རའི་སྐབས་བི་ཀྲ་མ་ཤཱི་ལ་དང་ནཱ་ལེནྡྲ་ཁྱད་པར་མེད་པར་དར་རྒྱས་བྱུང་ཡང་། ཇོ་བོའི་རྗེས་ནས་བི་ཀྲ་མ་ལ་སྔར་ལས་ཅུང་ཟད་ཉམས་པར་མངོན་ནོ། །ཨ་བྷ་ཡཱ་ཀ་རའི་སྔོན་ཙམ་གྱི་བར་སྐབས་དེར། པཎྜི་ཏ་འབུམ་ཕྲག་གསུམ་པ་ཞེས་བྱ་བ་ཞིག་བྱོན་ཏེ། བི་ཀྲ་མ་ཤཱི་ལར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་ནས་དར་རྒྱས་ཆེ་ཙམ་བྱུང་བར་གྲགས་ཤིང་། འདི་ཉིད་བོད་དུའང་བྱོན་ཏེ། རྔོག་ལོ་ཆེན་པོས་བསྟེན་ཅིང་། དེའི་ལུགས་བཞིན་རྔོག་ལོས་ཕར་ཕྱིན་ལ་འགྲེལ་པ་མཛད་པ་ཡོད་དོ། །འོན་ཀྱང་དེ་ཉིད་བི་ཀྲ་མ་ཤཱི་ལའི་གདན་འཛིན་མཁན་པོར་བགྲང་སྲོལ་མི་འདུག་གོ། །
དེ་ཡང་བི་ཀྲ་མ་ཤཱི་ལའི་མཁན་པོ་རྡོ་རྗེ་གདན་པ་ཆེན་པོའི་ལོ་རྒྱུས་ནི། རིག་གནས་དུ་མ་དང་སྒྲ་ཚད་ལ་མཁས་པས་འཁོར་རབ་ཏུ་བྱུང་བའི་པཎྜི་ཏ་འདུས་ཀྱང་། རྟེན་དགེ་བསྙེན་ཡིན་པས། ཡུལ་དབུས་ཀྱི་བློན་པོ་ཞིག་གིས་ཅིའི་ཕྱིར་རབ་ཏུ་མི་འབྱིན་དྲིས་པས། མའི་འཚོ་བ་སྦྱང་བས་སོ་ཟེར། དེས་མའི་འཚོ་རྟེན་སྦྱར་ཏེ། ཤཱནྟི་པ་ལ་རབ་ཏུ་བྱུང་བའི་མཚན་རཏྣ་ཨཱ་ཀཱ་ར་གུཔྟའོ། །ཏཱ་ར་ནཱ་ཐས། རྡོ་རྗེ་གདན་པ་ཆེན་པོ་འདི་དགེ་བསྙེན་གྱི་དུས་ཀྱི་མཚན་པུཎྱ་ཤྲཱི། རབ་ཏུ་བྱུང་བའི་མཚན་པུཎྱ་ཨཱ་ཀ་ར་གུཔྟའོ། །ཞེས་གསུངས་ཀྱང་། དགེ་བསྙེན་གྱི་མཚན་ཟུར་རབ་བྱུང་ལ་སྦྱར་མ་སྦྱར་ཙམ་ལས་པཎྜི་ཏ་རཏྣ་ཨཱ་ཀཱ་ར་གུཔྟ་དང་གཅིག་ཡིན་པར་སྔོན་གྱི་མཁས་པ་རྣམས་ལ་གྲགས་སོ། །འདི་དགེ་བསྙེན་སྡོམ་པ་བརྒྱད་པའི་རྩ་འགྲེལ་མཛད་མཁན་ཡིན། ཤཱནྟི་པ་དང་། ནཱ་རོ་པ། བྱང་ཆུབ་བཟང་པོ། ཇོ་བོ་རྗེ་སོགས་ལ་བསྟེན། རྡོ་རྗེ་གདན་གྱི་བདག་མཛད་དེ་བཞུགས་པས། མཚན་རྡོ་རྗེ་གདན་པ་མངོན་ཤེས་ཅན་དུ་གྲགས། རྒྱལ་པོ་ན་ཡ་པཱ་ལས་མཆོད་དེ། བི་ཀྲ་མ་ལ་ཤཱི་ལའི་གདན་སའི་མཁན་པོ་མཛད་ནས་བསྟན་པ་བསྐྱངས། འདིས་ཚོགས་ཀྱི་འཁོར་ལོར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་སྤྱན་དྲངས་ཏེ་བསྟོད་པ་མཛད་པར་གྲགས་སོ། །དེ་ནས་མཁན་ཐོག་ཁ་ཤས་སོང་རྗེས་རྒྱལ་པོ་རཱ་མ་པཱ་ལའི་དུས་སུ། ཨ་བྷ་ཡཱ་ཀ་རས་གདན་ས་ཡུན་རིང་དུ་མཛད་དེ། འདི་ལྷོ་ཕྱོགས་སུ་རིགས་བྲམ་ཟེ་ལས་འཁྲུངས། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བས་སྒྲ་ཚད་གསོ་བ་མཁས་པར་ལོབས། ཆུང་དུས་ནས་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་ཡང་ངོ་མ་ཤེས། ཁྱིམ་སྤངས་ཏེ། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ཕེབས། རྡོ་རྗེ་གདན་པ་ལས་བསྙེན་པར་རྫོགས། མདོ་རྒྱུད་ཐམས་ཅད་ལ་སྨྲ་བའི་སེང་གེར་གྱུར། ཡི་དམ་བསྒྲབས་པས་རྡོ་རྗེ་རྣལ་འབྱོར་མ་བུ་མོའི་ཚུལ་བཟུང་ནས་དངོས་གྲུབ་ལན་གསུམ་བསྐྱལ་ཀྱང་། འདུལ་བ་ལ་གཙིགས་སུ་བཟུང་ནས་མ་བླངས་པས། མཐར་རྨི་ལམ་དུ་བྱིན་གྱིས་བརླབས་ཤིང་། བར་དོར་མཆོག་གི་དངོས་གྲུབ་ཐོབ་པར་ལུང་བསྟན། རྡོ་རྗེ་གདན་དང་ནཱ་ལེནྡྲའི་མཁན་པོ་མཛད། དེ་ནས་རྒྱལ་པོས་བི་ཀྲ་མ་ཤཱི་ལའི་མཁན་པོར་མངའ་གསོལ། ཐེག་ཆེན་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་ཅིང་། ཉན་ཐོས་པ་རྣམས་ཀྱིས་ཀྱང་འདུལ་བ་འཛིན་པ་ཆེན་པོ་ཞེས་གུས་པས་རབ་ཏུ་འདུད། དེ་དུས་བི་ཀྲ་མ་ཤཱི་ལར་པཎྜི་ཏ་བརྒྱ་དྲུག་ཅུ་ཙམ་རེ་དང་། གཏན་དུ་བཞུགས་པའི་དགེ་སློང་སྟོང་རེ་ཡོད་ཅིང་། མཆོད་པ་ལ་སོགས་པའི་དུས་དུས་སུ་རབ་བྱུང་ལྔ་སྟོང་རེ་འདུ། རྡོ་རྗེ་གདན་དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང་། ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང་། དུས་དུས་སུ་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་རེ་འཚོགས་པ་བྱུང་། ཨོ་ཏནྟ་པཱུ་རིར་ཡང་རྟག་ཏུ་དགེ་སློང་སྟོང་ཕྲག་རེ་བཞུགས། ཐེག་པ་ཆེ་ཆུང་གི་སྡེ་གཉིས་ཆར་ཡོད་ཅིང་། དུས་དུས་སུ་རབ་ཏུ་བྱུང་བ་རྣམས་འདུས་པ་སྟོང་ཕྲག་བཅུ་གཉིས་རེ་འབྱུང་བར་གྲགས་ཞེས་རྒྱ་གར་ཆོས་འབྱུང་ལས་གསུངས་སོ། །འདིས་བསྟན་པ་ལ་དག་ཐེར་ཆེར་མཛད་ཅིང་། ཕྱིས་སུ་བསྟན་པ་ཡོངས་རྫོགས་འཛིན་པའི་སློབ་དཔོན་འདི་ཉིད་གྲགས་ཆེ་བར་བཤད་དོ། །ཨ་བྷ་ཡཱ་ཀ་ར་དང་ཙ་མི་ལོ་ཙཱ་གཉིས་ཆོས་ཕར་གསན་ཚུར་གསན་དང་། ཙ་མི་ལོ་ཙཱ་ནཱ་ལེནྡྲའི་མཁན་པོའང་གནང་བར་གྲགས། དེ་གཉིས་ཀ་དཔལ་ཆེན་སྒ་ལོའི་བླ་མ་ཡིན། སྒ་ལོའི་རྣམ་ཐར་དུ་སྐབས་དེར་ནཱ་ལེནྡྲ་ན་ཙ་མིའི་དྲུང་དུ་ཨོ་རྒྱན་ཚུན་ཆོད་ཀྱི་པཎྜི་ཏ་ཆེན་པོ་མང་པོ་ཆོས་གསན་དུ་འདུས་པར་བཤད་ཅིང་། ནཱ་ལེནྡྲ་སླར་ཡང་དར་བའི་སྒང་ཡིན། དཔལ་ཆེན་སྒ་ལོའི་སློབ་མ་ཞང་བརྩོན་འགྲུས་གྲགས་པ་༼༡༡༢༣-༡༡༩༣༽ སྟེ། བོད་ན་འདི་དུས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་ཐོག་མར་དར་བའི་སྐབས་ཙམ་ཡིན་ནོ། །
དེ་ལ་རྒྱ་གར་ན་པཎྜི་ཏ་ཤུ་བྷ་ཡཱ་ཀ་ར་གུཔྟ་སོགས་སློབ་མའི་ཚོགས་དཔག་ཏུ་མེད་ཅིང་། བོད་ན་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། ཁེ་གད་འཁོར་ལོ་གྲགས། སྤོང་ཞོ་གསལ་བ་གྲགས། རོ་ལིངས་པ། དིང་རི་ཆོས་གྲགས། ཏྲེ་བོ་ཤེས་རབ་དཔལ། ཤེའུ་ལོ་ཙཱ་བ་སོགས་མང་ངོ་། །དེ་ལྟར་བོད་འདིར་དབུ་མ་ཐལ་འགྱུར་བའི་རིང་ལུགས་དར་རྒྱས་སུ་གནང་བའི་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་པ་ཡང་། སྤྱི་ལོ་༼༡༠༥༥༽ལ་འཁྲུངས། ལོ་ཆེས་རིན་ཆེན་བཟང་པོ་གཤེགས་པའི་ལོ་དེ་ཡིན། འདས་ལོ་མི་གསལ། ཁོང་ཁ་ཆེ་དང་རྒྱ་གར་དུ་བྱོན་ཏེ། གཙོ་བོར་དབུ་མའི་སྐོར་རྣམས་བསྒྱུར་ཅིང་བོད་དུ་བཤད་པ་མཛད་པའི་ཆོས་ཀྱང་། བི་ཀྲ་མ་ལ་ཤཱི་ལའི་སློབ་བརྒྱུད་ནས་བླངས་པ་ཡིན་ལ། གཞན་ཡང་བོད་འདིར་ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་མཁས་གྲུབ་ཁྱུང་པོ་རྣམ་རྒྱལ་ཀྱང་། རྒྱལ་གར་དུ་ཕེབས་ཏེ། རྡོ་རྗེ་གདན་པ་བསྟེན་ཅིང་། དགེ་ཚུལ་མཛད། ནཱ་རོའི་སློབ་མ་ཕམ་མཐིང་བ་དང་། མཻ་ཏྲི་པ་སོགས་བསྟེན། ཁྱད་པར་པཎ་ཆེན་ནཱ་རོ་པའི་སྲིང་མོ་ནི་གུ་མ་སོགས་བསྟེན་ཅིང་། སྐུ་ཚེ་རིང་པོར་བཞུགས་པ་གྲགས་ཀྱང་། རྡོ་རྗེ་གདན་པ་ལས་དགེ་ཚུལ་མཛད། བོད་དུ་གླང་ཐང་པ་ལས་བསྙེན་པར་རྫོགས་ཞེས་བཤད་པ་ལྟར་ན། འཁྲུངས་འདས་ལོ་ཚིགས་༼༡༠༦༢-༡༡༣༦༽བར་ཏེ། དགུང་ལོ་དོན་ལྔར་བཞུགས་པ་བྱས་ན་འཐད་དོ། །དེ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་སྤེལ་བའི་ཕ་དམ་པ་སངས་རྒྱས་ཀྱང་། བི་ཀྲ་མ་ལ་ཤཱི་ལར་རབ་ཏུ་བྱུང་བ་དང་། ནཱ་རོ་དང་མཻ་ཏྲི་སོགས་བླ་མ་བསྟེན་པའི་ལོ་རྒྱུས་ལྟར་ན་འདི་ནས་བརྒྱུད་པའི་ཆོས་ཡིན་ནོ། །
གངས་ཅན་ལྗོངས་འདིར་ཕར་ཚད་དབུ་མ་སོགས་དར་བར་མཛད་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་འཇིག་རྟེན་མིག་གཅིག་རྔོག་ལོ་ཆེན་པོ་༼༡༠༥༩-༡༡༠༩༽བློ་ལྡན་ཤེས་རབ་ཀྱང་། ཁ་ཆེར་ཕེབས་ཏེ། བྲམ་ཟེ་སད་ཛ་ན་དང་། གོ་མི་འཆི་མེད་དང་། གཞན་ཕན་བཟང་པོ་སོགས་བསྟེན་ནས་བྱམས་ཆོས་དང་ཚད་མ་སོགས་བསླབ་ས་དང་བསྒྱུར་སའི་པཎྜི་ཏ་རྣམས་ནི་བི་ཀྲ་མ་ལ་ཤཱི་ལ་ནས་བརྒྱུད་པ་རྐྱང་ཡིན་ཅིང་། བོད་ནས་བསྟེན་པའི་པཎྜི་ཏ་འབུམ་ཕྲག་གསུམ་པའང་གོང་སྨོས་ལྟར་བི་ཀྲ་མ་ལ་ནས་ཡིན་ནོ། །དེ་ནས་བི་ཀྲ་མ་ལ་ཤཱི་ལའི་མཁན་རབས་བཞིའི་མཚམས་སུ། ས་སྟེང་ན་འགྲན་ཟླ་བྲལ་བ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྱོན་པ་སྟེ། དེས་རྒྱ་བོད་གཉིས་སུ་བསྟན་པ་ཇི་ལྟར་སྤེལ་བའི་ཚུལ་མདོ་ཙམ་འོག་ཏུ་བཤད་པར་བྱའོ། །ཞེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་དཔྱོད་ལྡན་དགྱེས་པའི་མེ་ལོང་ཞེས་བྱ་བ་ལས། གནས་དེ་ནས་ལོ་པཎ་རྣམས་ཀྱིས་བསྟན་པ་ཇི་ལྟར་སྤེལ་བའི་སྐོར་ཏེ། གསུམ་པའོ།། །།
ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནི། མཁས་པ་སྒོ་དྲུག་སོ་སོར་བགྲང་ན་བི་ཀྲ་མ་ལ་ཤཱི་ལའི་མཁན་རབས་ཉེ་བརྒྱད་པ་སྟེ། ཀསྨཱིར་མེ་ལུག་༼༡༡༢༧༽ལོར་འཁྲུངས། དེར་དགུང་ལོ་བཅུ་ནས་བཟུང་རིག་པའི་གནས་ལ་སྦྱངས་ནས་གཞུང་འབུམ་ཕྲག་དུ་མ་ཐུགས་སུ་ཆུད། ཉེར་གསུམ་ལ་སུ་ཁཾ་ཤྲཱི་ལས་རབ་ཏུ་བྱུང་། དེ་ཕྱིན་འཚོ་བ་བསོད་སྙོམས་ཁོ་ན་མཛད་པས་བསོད་སྙོམས་པར་གྲགས། པཎྜི་ཏ་ཆེན་པོ་ཞི་བའི་འབྱུང་གནས་དབྱངས་སྙན་སོགས་ལས་ཐོས་པ་མཛད་དེ། ཏིལ་མར་གྱི་ནང་དུ་མནལ་སྤངས་ཏེ་ཁ་འདོན་གནང་བས་དབྱིག་གཉེན་གཉིས་པར་གྲགས། དེ་ཡང་ལུས་ཀྱི་བྱ་བ་རེ་དང་། གཞུང་རྩོམ་པ་དང་དྲི་བ་དགུའི་ལན་དུས་གཅིག་ལ་ནུས་པས་ཡོངས་སུ་གྲགས་པའི་པཎྜི་ཏ་ཆེན་པོར་གྱུར། ཁ་ཆེར་ཕྱི་ནང་གི་པཎྜི་ཏ་ཀུན་གྱིས་གཙུག་ཏུ་བཀུར། དེ་དུས་ནས་ཡི་དམ་མང་པོའི་ཞལ་གཟིགས། སུམ་ཅུ་ལ་མཁན་པོ་ཨུ་དྷཱ་ཀ་ར་གུཔྟ་ལས་བསྙེན་པར་རྫོགས། མ་ག་དྷའི་ཡུལ་དུ་ཉི་མ་སྦས་པ། ཙནྡྲ་གུཔྟ་སོགས་བསྟེན། ཨ་བྷ་ཡཱ་ཀ་ར་ལའང་ཐུག་པར་བཤད། གཙོ་བོར་ཨ་བྷ་ཡཱ་ཀ་རའི་རྗེས་འབྲང་གི་མཁས་གྲུབ་དག་ལ་བསྟེན་པར་གསལ་ལོ། །པཱ་ལའི་རྒྱལ་བརྒྱུད་ཐ་མ་བློན་པོ་ཞིག་གིས་འཕྲོགས་ནས་རྒྱལ་ས་བཟུང་ཞིང་། དེའི་བུ་རྒྱུད་ལ་རྒྱལ་པོ་སེ་ནའི་མིང་ཐོགས་པ་བཞི་བྱུང་བའི་རྗེས་མ་རྒྱལ་པོ་ར་ཐཱི་ཀ་སེ་ནའི་སྐབས་སུ་རྒྱལ་པོས་བླ་མར་བཟུང་སྟེ། བི་ཀྲ་མ་ལ་ཤཱི་ལ་མཁན་པོར་མངའ་གསོལ། དགེ་འདུན་སྟོང་ཕྲག་མང་པོ་ལ་ཆོས་བསྟན། ནཱ་ལེནྡྲར་བྱོན་ནས་མུ་སྟེགས་པའི་རྩོད་པ་ཟློག་ཅིང་བསྟན་པ་དར་བར་བྱས། དེ་ནས་ཨོ་ཏནྟྲ་པཱུ་རིའི་གཙུག་ལག་ཁང་གི་སྡེ་པ་བཞིའི་དགེ་འདུན་ཁྲི་ཉིས་སྟོང་གིས་བསུས་ཏེ་གཙོ་བོར་བཀུར། འདམ་བུའི་ཚལ་དུ་རི་མོའི་བུད་མེད་ཀྱིས་བསོད་སྙོམས་ཕུལ་བ་སོགས་ངོ་མཚར་རྣམ་པར་ཐར་པ་བརྗོད་མི་ལང་། རྒྱུན་དུ་ཐུགས་དམ་གྱི་རྣམ་ཐར་གཙོ་བོ་བཞི་ནི། བྱང་ཆུབ་ཀྱིས་སེམས་ཀྱི་ཀུན་ནས་བསླངས་ཏེ་ཉིན་ཞག་ཕྲུགས་རེ་ལ་ཆོས་སྤྱོད་བཅུ་ཁ་ཚང་རེ་མཛད་པ། ནོར་རྫས་ཅི་བྱུང་ཡང་བདག་ཏུ་མི་འཛིན་པ། གཞན་གྱིས་གནོད་སྐྱེལ་བའི་ལན་དུ་ཕན་ཅི་ཐོགས་བྱེད་པ། རྐྱེན་བཟང་ངན་ཅི་བྱུང་ཡང་སྟོང་པ་ཉིད་སྒོམ་པ་མ་གཏོགས་སྲུང་བ་གཞན་མི་བྱེད་པའོ། །
སྐབས་དེ་དུས་རྡོ་རྗེ་གདན་དུ་ཐེག་ཆེན་གྱི་སྡེ་མ་ཚུགས། རྣལ་འབྱོར་པ་དང་ཐེག་ཆེན་པ་འགའ་རེས་ཆོས་གསུང་བ་ནི་བྱུང་། དབྱར་གནས་ལ་ཉན་ཐོས་སེནྡྷ་པ་ཁྲི་ཙམ་རེ་འདུས་པར་རྒྱ་གར་ཆོས་འབྱུང་དུ་གསལ། ཆག་ལོའི་རྣམ་ཐར་དུའང་རྡོ་རྗེ་གདན་གྱི་གཙང་ལག་ཁང་གི་དཀོར་གཉེར་གྱིས། ཤེར་ཕྱིན་བརྒྱད་སྟོང་པ་མཐོང་ན་སྣ་འགེབ་པར་བཤད་ཅིང་། ཉན་ཐོས་དག་གིས་རྡོ་རྗེ་ཐེག་པ་མཐོང་ན་ནི་སྐྲག་པ་ཤོར་བའི་ཚོད་དུ་སྣང་། དེའི་ཕྱིར་རྡོ་རྗེ་གདན་དང་ཁད་ཉེ་བའི་ནཱ་ལེནྡྲ་ནའང་གསང་སྔགས་མངོན་མཚན་ཆེན་པོས་དར་མེད་ཚོད་སྙམ། ཁ་ཆེ་པཎ་ཆེན་སྐབས་བི་ཀྲ་མ་ཤཱི་ལ་དང་ཨོ་ཏནྟ་པུ་རི་གཉིས་སུ་ཨ་བྷ་ཡཱ་ཀ་རའི་དུས་དང་ཚོགས་པ་མཉམ་པ་ཙམ་བྱུང་ཟེར་རོ་ཞེས་རྒྱ་གར་ཆོས་འབྱུང་དུ་བཤད་དོ། །
དེ་ནས་རྒྱལ་པོ་ར་ཐཱི་ཀ་སེ་ན་འདས་རྗེས་སུ། བྷངྒ་ལ་སོགས་ཡུལ་གཞན་དང་གཞན་ན་གནས་པའི་དུ་རུ་ཀའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ། མ་ག་དྷའི་ཡུལ་ཐམས་ཅད་འཇོམས་ཤིང་། ཨོ་ཏནྟ་པཱུ་རིར་རབ་བྱུང་མང་པོ་བསད། ཤུལ་དུ་དམག་རྫོང་བཅས། བི་ཀྲ་མ་ཤཱི་ལ་ཡང་བཤིག །དེའི་ཚེ་སྲོད་ཀྱི་དུས་ཤིག་ལ་པཎ་ཆེན་ལ་རྗེ་བཙུན་སྒྲོལ་མས་ཁྱོད་ད་ལྟ་ཤར་ཕྱོགས་སུ་སོང་ཞིག་གསུང་། དེ་མ་ཐག་མི་རྣམས་ལ་མྱུར་དུ་འདེང་ཞེས་བསྐུལ་ནས་བྱོན་པས། དཀའ་ཚེགས་མེད་པར་ཤར་ཕྱོགས་ཛ་ག་དྷ་ར་ཞེས་པར་ཕེབས་གྲུབ། དེའི་ཐོ་རངས་ལ་ཏུ་རུ་ཀའི་དམག་གིས་བཅོམ་འདུག་སྐད། དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན་པ་ཡིན་ཞེས་ཏཱ་ར་ནཱ་ཐས་གསུངས་ཤིང་། པཎ་ཆེན་རྣམ་ཐར་ལས་དགུང་ལོ་དོན་བརྒྱད་ཤིང་བྱི་༼༡༢༠༤༽ལོའི་རྟ་ཟླ་བའམ་ཆོ་འཕྲུལ་ཟླ་བའི་ཚེས་བདུན་ལ་གནས་དེ་ནས་བོད་དུ་ཐེག་པར་བཤད་པ་ལྟར་ན། དེའི་སྔོན་གྱི་ཆུ་ཁྱི་༼༡༢༠༢༽ལོ་ཙམ་ན་བི་ཀྲ་མ་ཤཱི་ལ་བཤིག་པ་མངོན་ནོ། །དགེ་ཆོས་ཀྱིས་བྷངྒ་ལའི་ནུབ་ཀླ་ཀློས་བཟུང་རྗེས་སེ་ནའི་རྒྱལ་བརྒྱུད་རྣམས་ཀྱིས་ཤར་ཕྱོགས་སུ་རྒྱལ་ཁམས་ཆུང་ངུ་བསྐྱངས་ཞེས་བཤད་པ་ལྟར། སྐབས་དེར་དེའི་ཕྱོགས་སུ་དགེ་འདུན་སྟོང་ཕྲག་གསུམ་ཙམ་ཡོད་འདུག་པ་དག་གིས་པཎ་ཆེན་བཤོལ་བཏབ་ཀྱང་། རྗེ་བཙུན་སྒྲོལ་མའི་ལུང་བསྟན་དང་སྤྱན་འདྲེན་མཁན་ཁྲོ་ལོ་ཆེན་པོའི་བཀའ་དྲིན་ལས་པཎ་ཆེན་ལ་པཎ་ཆུང་དགུའི་འཁོར་དང་བཅས་བོད་དུ་ཕེབས་ཐུབ་པ་བྱུང་བའོ། །
ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་༼༡༡༧༣-༡༢༢༥༽གདན་འདྲེན་ལ་བྱོན་དུས་དགུང་ལོ་སོ་གཉིས་ཟིན་ཙམ་ཡིན་པས། ཐོག་མར་མཇལ་ཕྲད་ཚེ་པན་ཆེན་གྱི་ཞལ་ནས། བྱམས་ཆེན་བཞེངས་མཁན་དེ་ཁྱོད་ཀྱི་ཁུ་བོའམ་མེས་པོ་ཞིག་ཡིན་ནམ། ཁྱེད་རང་ཡིན་གསུངས། ཁོ་བོ་རང་ལགས་ཞུས་པས། ཁྱོད་གཞོན་ནུ་ཞིག་སྣང་བས་ཆོས་བསྒྱུར་ནུས་པ་ཅང་འོང་ངམ། ལྷ་ཆེན་བཞེངས་བསམ་པ་འོར་ཆེ་གསུང་། ལྐོག་ཏུ་པཎ་ཆུང་རྣམས་ལ་ཁྲོ་ཕུ་ལོ་ཙཱ་བ་ཟེར་བ་དེ་རྒན་པོ་ཞིག་ཡོད་ཤག་ལ། འདི་ནི་བཙུན་ཆུང་ལྟ་བུ་འདུག་པས། འོ་སྐོལ་གྱི་ཆོས་བསྒྱུར་བའི་ནུས་པ་མེད། ཐག་རིང་པོ་ནས་དཀའ་སྤྱད་བྱས་པའི་ངོ་མ་བཟློག་ཙམ་ལ་སེམས་བསྐྱེད་སོགས་ཆོས་འགའ་སྦྱིན་ནས། འོ་ཅག་བོད་དུ་མི་འགྲོ་གསུངས། ཁྲོ་ལོས་དེ་གསན་ནས་ཉིན་ཞིག་པཎ་ཆུང་རྣམས་དང་ཆོས་ཀྱི་བགྲོ་གླེང་མཛད་པས་ནམ་ཕྱེད་བར་འདས། པཎ་ཆེན་ཡང་ཐུགས་དམ་འགའ་ཞིག་ཆག་ཀྱང་གཟིགས་ཏེ། བོད་ལ་འདི་ལྟ་བུའི་ཆོས་སྨྲ་བ་འོང་བ་ངོ་མཚར་ཆེ་གསུངས། ཐུགས་ཧ་ཅང་མཉེས། བོད་ལ་འབྱོན་པར་ཐག་ཆོད། དེ་ནས་མ་ཧཱ་ལོ་ཙཱ་ཞེས་ཡང་ཡང་བསྔགས་པ་མཛད་ཅིང་། བོད་ནས་འབུལ་བ་ཐམས་ཅད་བྱམས་པ་བཞེངས་པའི་རྒྱུར་གནང་བ་སོགས་རྒྱས་པ་རྣམ་ཐར་དུ་གསལ་ཞིང་། མདོར་ན་བོད་དུ་ལོ་བཅུ་བཞུགས། ས་ལོ། དཔྱལ་ལོ། ཆག་ལོ། ཞང་ལོ་སོགས་བོད་ཡུལ་ན་ཆེ་བ་ཐམས་ཅད་ཀྱིས་བཏུད། འབྲི་གུང་སྐྱོབ་པ་ཀླུ་སྒྲུབ་ཀྱི་སྤྲུལ་པར་ངོས་བཟུང་། ཆོས་འདུལ་བ་ནས་རྡོ་རྗེ་ཐེག་པའི་བར་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ། དཔལ་གྱི་མཐའ་ཅན་གསུམ་ལས་འདུལ་བ་སྟོད་འདུལ་གྱི་སྡོམ་རྒྱུན་དུ་གྲགས་པ་བྱུང་བ་སོགས་སངས་རྒྱས་བསྟན་པ་ཚུལ་བཞིན་སྤེལ་ཅིང་། སླར་ཁ་ཆེར་བྱོན་ནས་དེར་ལོ་བཅུ་གཉིས་བཞུགས་ནས་བསྟན་པ་བསྐྱངས་པའི་མཐར་དགུང་ལོ་གོ་དགུ་༼༡༢༢༥༽ལ་གཤེགས་སོ། །ཁྲོ་ལོ་ཆེན་པོའང་ལོ་འདིར་བཤེགས་སོ། །འདི་སིངྒ་ལའི་དགྲ་བཅོམ་པས་མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་སྤྲུལ་པར་ལུང་བསྟན་ཏོ། །
ཁ་ཆེན་པཎ་ཆེན་དང་དུས་ཐོག་མཉམ་པར་བི་ཀྲ་མ་ཤཱི་ལར་སྡོམ་བརྩོན་རྡོ་རྗེ་འཛིན་པ་ཆེན་པོ་མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པ་བྱུང་ཞིང་། དེ་ལས་སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རིག་གནས་སྤྱི་ལ་ཤཱཀྱ་ཤྲཱི་དང་མཁྱེན་པ་མཉམ་ལ། ཚད་མ་ལ་ཤཱཀྱ་ཤྲཱི་མཁས། གསང་སྔགས་ལ་འདི་ཉིད་མཁས་པར་གྲགས་ཤིང་། བྱིན་རླབས་དང་ནུས་མཐུ་ཡང་མཉམ་པ་ཞིག་བྱུང་སྟེ། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་སློབ་དཔོན་མཛད། ཀླ་ཀློས་ཆོས་གཞིས་འཇོམས་པར་ལོ་གཉིས་ཀྱི་སྔོན་ནས་ལུང་བསྟན་ཏེ། སློབ་མ་མང་པོ་སྔོན་ཚུད་ནས་ཁ་ཆེ་དང་བལ་པོར་བྲོས་ཐུབ་པ་བྱུང་། ཉིད་ཀྱང་བལ་ཡུལ་དུ་བྱོན་ནས་འགྲོ་དོན་མཛད་ཅིང་། བོད་དུའང་ཡུད་ཙམ་ཞིག་ཕེབས། འདིས་སྡོམ་འབྱུང་གི་འགྲེལ་པ་མཛད་དོ། །
དེ་བཞིན་བལ་པོ་བུདྡྷ་ཤྲཱི་བྱ་བས་ཀྱང་བི་ཀྲ་མ་ཤཱི་ལར་ཕལ་ཆེན་སྡེ་པའི་གནས་བརྟན་ཅུང་ཟད་མཛད་ཅིང་། སླར་བལ་ཡུལ་དུ་བྱོན་ནས་བསྟན་པ་སྤེལ། ཕྱིས་བོད་ཀྱི་ལོ་ཙཱ་བ་མང་པོ་ཞིག་བལ་ཡུལ་དུ་བྱོན་ནས་ཆོས་བསྒྱུར་རྒྱུ་བྱུང་བའང་པཎྜི་ཏ་འདི་དག་གི་བཀའ་དྲིན་ཡིན་ནོ། །མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀར་གུཔྟ་ལ་སོགས་པ་པཎྜི་ཏ་ཆེ་བ་འགའ་དང་། པཎ་ཆུང་བརྒྱ་ཙམ་རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་སུ་བྱོན། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ་དང་པཎ་ཆུང་མང་པོ་ལྷོ་ཕྱོགས་ཐག་རིང་པོར་བྲོས། མཁས་པ་སཾ་གྷ་མ་ཤྲཱི་ཛྙཱ་ན་སོགས་མ་ཧཱནྟ་བཅུ་དྲུག་ཙམ་དང་པཎ་ཆུང་ཉིས་བརྒྱ་ཙམ་ཤར་ཕྱོགས་ཐག་རིང་པུ་ཁཾ་དང་། ར་ཁང་དང་། མུ་ཉུང་། ཀཾ་པོ་ཛ་དང་། མ་རྐོ་སོགས་ཀྱི་ཡུལ་རྣམས་སུ་བྲོས་བྱོལ་དུ་ཕེབས་པར་བཤད། ཡུལ་དེ་དག་དེང་སང་འབར་མ་དང་། ཐེ་ལན་ཌི་དང་། ཀམ་བྷོ་དི་ཡའི་ཕྱོགས་སུ་གཏོགས་སོ།།
སྔོན་རྒྱ་གར་ཤར་ཕྱོགས་ཨོ་ཌི་བི་ཤ་ཡ་དང་འབར་མ་སོགས་ཡུལ་དེ་དག་ཐེག་ཆེན་དང་ཉན་ཐོས་སྡེ་གཉིས་ཀ་དར་ན་ཡང་། དེང་སང་ཉན་ཐོས་སྡེ་ཤས་ཆེ། རྒྱ་གར་ཤར་ཕྱོགས་སུ་ཕྱིས་ཀྱི་བར་དུ་བསྟན་པ་གནས་པས་པཎ་ཆེན་ནགས་ཀྱི་རིན་ཆེན་ཡང་ཕྱོགས་འདི་ནས་བྱོན་པར་བཤད་ཅིང་། དེང་སང་ནི་བྷངྒ་ལའི་ཤར་ནུབ་ཕལ་ཆེར་མུ་སལ་མན་སོགས་མུ་སྟེགས་ཀྱིས་བཟུང་ཡོད་ཀྱང་། སྔོན་གསང་སྔགས་ཀྱི་བསྟན་པ་དར་བའི་གནས་ཤུལ་ངོ་མཚར་བ་མཇལ་རྒྱུ་ཡོད་འདུག་གོ། །
དེ་ལྟར་ཀླ་ཀློའི་དམག་གིས་བི་ཀྲ་མ་ཤཱི་ལའི་རྟེན་དང་བརྟེན་པ་བཅས་པ་ཐམས་ཅད་ཆུར་གཡུགས་ཐུབ་ཚད་ཆུར་གཡུགས། མེར་སྲེག་དགོས་པ་རྣམས་མེར་བསྲེགས། གཏོར་ཐུབ་ཚད་གཏོར། ཁྱེར་ལོ་ཚད་ཁྱེར་ཏེ། བོད་དུ་རིག་གནས་གསར་བརྗེ་ཚེས་པ་དང་འདྲ་བར་གཏོར་བཅོམ་འཕྲོགས་གསུམ་གྱིས་བསྟན་པ་དམིགས་མེད་དུ་བྱས་པའི་རྗེས་སུ་ནཱ་ལེནྡྲ་བཤིག་པར་ཆག་ལོ་ཙཱའི་རྣམ་ཐར་དུ་གསལ་ཅིང་། ཆག་ལོ་ནཱ་ལེནྡྲར་ཕེབས་སྐབས་བི་ཀྲ་མ་ཤཱི་ལ་བཤིག་ནས་ལོ་སུམ་ཅུ་ཡས་མས་ཙམ་སོང་ལ། ནཱ་ལེནྡྲ་ཡང་ཆག་ལོ་བྱོན་སྐབས་༼༡༢༣༤༽ནས་གྲོང་དགོན་འདྲེས་མར་གྱུར་ཏེ། གཙུག་ལག་ཁང་བརྒྱད་ཅུ་རྩ་བཞི་ན་གྲོང་ཁྱིམ་བརྒྱད་ཅུ་རྩ་བཞི་གནས་ཤིང་། དེར་ལོ་རྒྱུས་ངོ་མཚར་བ་ཅན་གྱི་རྡོ་སྐུའི་རྟེན་ཁྱད་འཕགས་༼ཇོ་བོ་ཁ་སརྤ་ཎི། འཇམ་དཔལ་མཇིང་ཡོན་མ། སྒྲོལ་མ་རྒྱན་མེད་མ། མགོན་པོ་རང་བྱོན།༽བཞི་མ་ཉམས་པར་བཞུགས་ཡོད་ཀྱང་། དུ་རུ་ཀས་ཉམས་དམས་པར་བྱས་པས་རྟེན་དང་བརྟེན་པ་ལ་ཞབས་ཏོག་མཆོད་འབུལ་མེད་པ་ཤས་ཆེ་གསུངས། སྐབས་དེར་ཁོང་དཔོན་སློབ་དགེ་འདུན་པ་བདུན་ཅུ་ཙམ་ཡོད་པ་རྣམས་ཀྱང་ཡོན་བདག་གིས་བྱ་གཏོང་བ་མ་གཏོགས་ཀླ་ཀློའི་དམག་གིས་དེའུ་བསད་འདུག །འོན་ཀྱང་དམག་མི་མེད་པའི་དུས་སུ་འཆད་ཉན་ཅུང་ཟད་རེ་བྱེད་ཆོག་པ་བྱུང་འདུག་ཅིང་། ཆག་ལོ་བོད་དུ་བྱོན་རྗེས་སུ་ནཱ་ལེནྡྲར་གནས་བརྟན་བྷཱ་མི་ཤྲཱི་བྷ་དྲ་དང་། དེ་ནས་ཨུ་པ་ཡ་ཤྲཱི་བྷ་དྲ་ཞེས་བྱ་བ་རྣམས་བྱུང་ཞིང་། ཐུབ་པའི་བསྟན་པ་འབད་པ་ཅི་ནུས་ཀྱིས་བཟུང་ཡང་སྤྱི་མཐུན་བསོད་ནམས་དམན་པའི་དབང་གིས་མཐར། ཀླ་ཀློ་གྷོ་རི་རྒྱལ་པོའི་དམག་དཔོན་ཞིག་གིས་ནཱ་ལེནྡྲ་གཏོར་ཅིང་། གླེགས་བམ་མང་པོ་མཐོང་སྟེ། མི་ཐམས་ཅད་བསད་ཟིན་པས་ཀློག་མཁན་ནི་མེད། ཅི་བྱ་ཟེར། དམག་དཔོན་ལ་དྲིས་པས། མུ་སལ་མན་གྱི་གཞུང་ཀོ་རན་དང་མི་མཐུན་ན་མེར་སྲེགས་ཤིག་ཅེས་སྨྲས་ནས་མེར་བསྲེགས་པས་ཟླ་བ་དྲུག་གི་བར་དུ་བ་མ་ཆད་པར་གྲགས། རྡོ་རྗེ་གདན་ཡང་གཏོར་བཤིག་ཅི་ནུས་བྱས་ནས་བསམ་མི་ནུས་པའི་ལས་ངན་དུ་མ་བརྩམས་སོ། །
དེའི་དུས་ཚོད་ཀྱང་སྤྱི་ལོ་དུས་རབས་བཅུ་གཉིས་པའི་ལོ་རབས་བཞི་བཅུ་ཡས་མས་༼༡༢༤༠༽ཤིག་ཡིན་ཚོད་གདའ། དེའི་རྗེས་སུ་གྲུབ་ཐོབ་ཨུ་རྒྱན་པ་རྡོ་རྗེ་གདན་དུ་༼༡༢༦༡༽ལ་བྱོན་པའི་ཚེ། ནཱ་ལེནྡྲ་གཏོར་ཟིན་ནས་ཕེབས་ས་མེད་པར་གྱུར་ཅིང་། རྡོ་རྗེ་གདན་ཉམས་ཆགས་སོང་བར་རྒྱལ་པོ་ཤིང་གཏན་ཅན་ར་མ་པཱ་ལས་སྦྱིན་བདག་བྱས་ནས་མཆོད་རྟེན་ཞིག་གསོས་གནང་བར་གསུངས་པའང་། དུས་བསྒྲིགས་ན་རྒྱལ་པོ་ར་མ་པཱ་ལ་མ་ཡིན་པར། སེ་ན་བཞིའི་རྗེས་ཀྱི་བུདྡྷ་སེ་ནའམ། དེའི་བུ་ཧ་རི་ཏ་སེ་ནའི་སྐབས་ཙམ་སྣང་ཡང་། སྔར་གྲགས་ཆེ་བའི་རྒྱལ་པོའི་མཚན་རྒྱུན་འབྱམས་ལ་སོང་བར་སྙམ་མོ། །ཏཱ་ར་ནཱ་ཐའི་༼༡༥༧༥-༡༦༣༥༽ཆོས་འབྱུང་ལས། ཧ་རི་ཏ་སེ་ནའི་བུ་པྲ་ཏི་ཏ་སེ་ན་འདས་རྗེས་ལོ་བརྒྱ་ཙམ་སོང་བ་ན། བྷངྒ་ལའི་ཡུལ་དུ་ཅྀ་ག་ལ་རཱ་ཛ་ཞེས་བྱ་བ་ཤུགས་ཆེན་ཞིག་བྱུང་སྟེ། བཙུན་མོ་སངས་རྒྱས་ལ་དད་པས་བློ་བསྒྱུར་ཏེ། དེས་རྡོ་རྗེ་གདན་དུ་མཆོད་པ་ཆེན་པོ་བྱས། ལྷ་ཁང་ཐམས་ཅད་ལ་ཞིག་གསོས་དང་། གནྡྷོ་ལ་ཆེན་པོ་དགུ་ཐོག་ཡོད་པའི་རྩེ་ནས་ཐོག་སོ་བཞི་ཙམ་དུ་རུ་ཀས་བཤིག་པ་རྣམས་གསོས། པཎྜི་ཏ་ཤཱ་རི་པུ་ཏྲ་བྱ་བ་བཞུགས་ཏེ་ཆོས་གཞི་བཙུགས། ནཱ་ལེནྡྲར་ཡང་ཞིག་གསོས་དང་མཆོད་པ་བྱས། འོན་ཀྱང་ཆོས་གཞི་རྒྱ་ཆེན་པོ་མ་ཚུགས་པར་བཤད་དོ། །
ཏཱ་ར་ནཱ་ཐས་ས་སྤྲེལ་༼༡༥༠༨༽ལོར་རྒྱ་གར་ཆོས་འབྱུང་བརྩམས་སྐབས་རྒྱལ་པོ་འདི་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་སོང་ཟེར། དེ་ལྟར་ན་རྒྱལ་པོ་འདི་བོད་དུ་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་སྐབས་ཙམ་ཡིན་ཞིང་། དགེ་ཆོས་ཀྱིས་ཀྱང་འབར་མའི་ཡུལ་གྱི་ནང་པ་རྣམས་ཀྱིས་རྡོ་རྗེ་གདན་ཞིག་གསོས་བགྱིས་ཏེ་ད་བར་ལོ་དྲུག་བརྒྱ་ལྷག་སོང་ཟེར་བ་དང་རྒྱལ་པོ་དེས་ཞིག་གསོས་བགྱིས་པ་དང་ཕལ་ཆེར་དུས་བསྒྲིག་བཏུབ་ཙམ་འདུག་གོ། །དེ་ཕྱིན་ཆད་མ་ག་དྷཱའི་ཡུལ་དུ་ཆོས་ལ་མཆོད་པའི་རྒྱལ་པོ་བྱུང་བ་ནི་མ་ཐོས་ཞེས་ཏཱ་ར་ནཱ་ཐས་གསུངས་སོ། །འོན་ཀྱང་རྡོ་རྗེ་གདན་དང་ནཱ་ལེནྡྲའི་བསྟན་པ་ཆགས་འཇིག་སྐོར་ད་ལམ་དེ་ཙམ་ལས་དཔྱད་པར་མ་ལྕོགས་སོ། །
དེ་ལྟར་བི་ཀྲ་མ་ཤཱི་ལ་༼༡༢༠༢༽ལོར་ཀླ་ཀློས་བཤིག་ནས། ད་ལྟ་སྤྱི་ལོ་༼༢༠༢༠༽བར་ལོ་ ༨༢༢ ཙམ་སོང་ལ། བི་ཀྲ་མ་ཤཱི་ལ་ཐོག་མར་ཆགས་པ་དུས་རབས་བརྒྱད་པའི་དཀྱིལ་ཙམ་ནས་ཡིན་པའི་དབང་དུ་བཏང་ན། མཐར་འཇིག་པའི་བར་ལོ་ ༤༥༠ ཙམ་ལ་བསྟན་པ་གནས་ཤིང་། དེའི་རིང་བོད་དུ་དར་བའི་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཆོས་བརྒྱུད་ཐམས་ཅད་འདི་ཉིད་ནས་དར་རྒྱས་སུ་བྱུང་བ་ཤ་སྟག་སྟེ། དེ་ཡང་སྔ་འགྱུར་རྙིང་མའི་རིང་ལུགས་སྤེལ་བའི་ཞི་འཚོ་ཡབ་སྲས་སློབ་བརྒྱུད་དང་བཅས་པའང་པཱ་ལའི་རྒྱལ་བརྒྱུད་ནས་བྱོན་པས་གནས་གཞི་འདི་དང་ཤིན་ཏུ་འབྲེལ་ཆེ་བར་བྱུང་ཡོད་ལ། བསྟན་པ་སྔ་དར་སྐབས་བོད་དུ་བྱོན་པའི་ལོ་པཎ་ཕལ་ཆེར་བི་ཀྲ་མ་ལ་ནས་ཐོན་པ་ཡིན། བསྟན་པ་ཕྱི་དར་སྐབས་སུ་ནི་སྔར་སྨོས་པ་ལྟར་བོད་འདིར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་གྲགས་པ་ཐམས་ཅད་འདི་ལ་དངོས་དང་བརྒྱུད་ནས་མ་འབྲེལ་བ་མེད་ཅིང་། ནཱ་ལེནྡྲ་ལས་ཀྱང་ཐད་ཀར་གནས་འདི་འབྲེལ་ཆེ་བར་བྱུང་ཡོད་པ་ནི་ལོ་རྒྱུས་རང་གིས་གསལ་ལ། ལྷག་པར་བོད་ཀྱི་ཆོས་བརྒྱུད་ཀུན་གྱིས་གཞི་འདུལ་བ་ནས་བཟུང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་བར་མདོ་སྔགས་ཆ་ཚང་བར་དངོས་སུ་འཆད་ཉན་གྱིས་གཏན་ལ་འབེབས་པའི་བཤད་གྲྭ། དེ་ཐམས་ཅད་སྒོམ་པས་ཉམས་སུ་ལེན་པའི་སྒོམ་གྲྭ། གསང་སྔགས་ཀྱི་སྒྲུབ་ཐབས་ཆོ་གའི་གཞུང་སྲོང་ཚུལ་བཅས་ཏེ། རང་རེའི་ཁྱད་ཆོས་སུ་སྙེམ་པའི་སྲོལ་ཀ་འདི་ནི་བི་ཀྲ་མ་ལ་ཤཱི་ལ་ནས་བརྒྱུད་པའི་ལུགས་ཡིན་གྱི། རྡོ་རྗེ་གདན་དང་ནཱ་ལེནྡྲ་སོགས་སུ་ཉན་ཐོས་སེནྡྷ་པ་འདུས་པ་ཤས་ཆེ་བས། མདོ་ཕྱོགས་ཀྱི་ཐེག་ཆེན་སྐོར་ཙམ་ལས་རྡོ་རྗེ་ཐེག་པ་ནི་པཎྜི་ཏ་སྔགས་ལ་མོས་པ་འགའ་ཞིག་ལས་ཕལ་ཆེར་ལྐོག་ཆོས་སུ་གྱུར་ཡོད་པར་ལོ་རྒྱུས་ལ་བལྟས་པས་ཤེས་ནུས་སོ། །
འོན་ཀྱང་བི་ཀྲ་མ་ལ་ཤཱི་ལའི་གནས་འདིའང་ཕུགས་གཏུགས་ན་དཔལ་ནཱ་ལེནྡྲ་ནས་བྱོན་པའི་པཎ་གྲུབ་རྣམས་ཀྱི་བཀའ་དྲིན་ལས་བྱུང་ཞིང་། ནཱ་ལེནྡྲ་ཡང་མཉན་ཡོད་རྒྱལ་བྱེད་ཚལ་གྱི་ཀུན་དགའ་ར་བ་ནས་བྱོན་པའི་འཕགས་པའི་གནས་བརྟན་དག་དང་། དེ་ཡང་རྡོ་རྗེ་གདན་དུ་བཞུགས་ནས་སངས་རྒྱས་པའི་སྟོན་པ་བཀའ་དྲིན་ཅན་ལ་བརྟེན་ནས་བྱུང་བའི་ཕྱིར། བཀའ་དྲིན་ཆེ་ཆུང་གི་འགྲན་རྩོད་སློང་བ་མིན་ན་ཡང་། བོད་དུ་ཆོས་དར་སའི་གནས་གཞི་ཐད་ཀར་འབྲེལ་སུ་ཆེ་བརྟག་ན་ནི་བི་ཀྲ་མ་ཤཱི་ལ་ལས་ཆེ་བ་གང་ན་མེད་པས། དེ་ཉིད་འདིར་ཐོག་མར་རྩལ་དུ་བཏོན་ནས་བཤད་པ་སྟེ། དཔེར་ན། མེས་པོ་དང་ཡང་མེས་རྩད་གཅོད་པའི་སྔོན་དུ་རང་གི་ཕ་གང་ཡིན་ངོ་ཤེས་དགོས་པ་གལ་ཆེ་བ་ལྟ་བུ་དང་། བརྒྱུད་པའི་མ་གྱུར་སེམས་ཅན་གཞན་གྱི་བཀའ་དྲིན་དྲན་པའི་ཐོག་མར་རང་གི་དངོས་ཀྱི་རྩ་བའི་མ་ལ་བཀའ་དྲིན་བསམ་དགོས་པ་བཞིན་ནོ། །
ཡིན་ནའང་རང་རེ་བོད་བརྒྱུད་ནང་བསྟན་གྱི་མེས་པོ་ལྟ་བུ་ནི་དཔལ་ནཱ་ལེནྡྲ་ཡིན་ལ། གནས་དེའི་པན་གྲུབ་ཆེན་པོ་ནི་རྒྱན་དྲུག་མཆོག་གཉིས་དང་། རྨད་བྱུང་གི་སློབ་དཔོན་རྣམ་གཉིས་དང་། དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་པ་སྟེ། དེ་དག་གི་ལོ་རྒྱུས་རྒྱ་གར་རང་དུ་གྲགས་པ་ནི་རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས་ལྷག་ཙམ་དེ་སྔོན་བྱུང་མྱོང་མེད་ཅིང་། གཙོ་བོར་ནཱ་ལེནྡྲ་ལ་བརྟེན་ནས་བྱུང་བའི་པཎ་གྲུབ་བཅུ་བདུན་ཞེས་བོད་ལ་གྲགས་ཆེ་བ་རྣམས་སྡོམ་དུ་མཛད་དེ། གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་མཛད་པའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་ལས་ལྷག་པ་མེད་པས། དེ་བཞིན་པཎ་གྲུབ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་བཞིན་གསོལ་བ་འདེབས་པ་ཧ་ཅང་གལ་ཆེའོ། །
སྐབས་འདིར་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་འདི་དང་འབྲེལ་བའི་བླ་མ་བརྒྱུད་པ་ལས་ལོ་པཎ་བགྲང་གིས་མི་ལང་བ་བྱུང་བའི་ནང་ནས། བོད་འདིར་ཡོངས་སུ་གྲགས་ཤིང་མཛད་རྗེས་ཆེ་བའི་ལོ་པཎ་ཆེན་པོ། ཏུ་ཆེ་བ་འགའ་ཞིག་ཟུར་དུ་གྲངས་ངེས་ཅན་དུ་བྱས་ན། བོད་ལ་བཀའ་དྲིན་ཤིན་བི་ཀྲ་མ་ལ་ཤཱི་ལའི་གཙུག་རྒྱན་པཎ་ཆེན་བཅུ་བདུན་དང་། མཆོག་གྱུར་ལོ་ཙཱ་བ་ཆེན་པོ་དྲུག་སྟེ། དང་པོ་པཎ་ཆེན་བཅུ་བདུན་ནི། མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་ཀ་མ་ལ་ཤཱི་ལ། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས། ཤར་སྒོ་ཤཱནྟི་པ། ལྷོ་སྒོ་ཤེར་འབྱུང་བློ་གྲོས། ནུབ་སྒོ་ངག་དབང་གྲགས་པ། བྱང་སྒོ་ནཱ་རོ་ཏ་པ། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ། མངའ་བདག་མཻ་ཏྲི་པ། གནས་བརྟན་བྱང་ཆུབ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།།རྡོ་རྗེ་གདན་པ་པུཎྱ་ཨཱ་ཀ་ར་གུཔྟ། རྡོ་རྗེ་གདན་པ་ཆུང་བ་ཨ་བྷ་ཡཱ་ཀ་ར། པཎྜི་ཏ་འབུམ་ཕྲག་གསུམ་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའོ། །མཆོག་གྱུར་ལོ་ཙཱ་བ་ཆེན་པོ་དྲུག་ནི། ལོ་ཆེན་རིན་ཆེན་བཟང་པོ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ལོ། །ཞེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་དཔྱོད་ལྡན་དགྱེས་པའི་མེ་ལོང་ཞེས་བྱ་བ་ལས། གནས་དེ་དུས་ནམ་ཙམ་ལ་འཐོར་ཞིག་སོང་བའི་སྐོར་ཏེ། བཞི་པའོ།། །།
༈ བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་གཙུག་རྒྱན་པཎ་ཆེན་བཅུ་བདུན་དང་། མཆོག་གྱུར་ལོ་ཆེན་དྲུག་ལ་རྣམ་ཐར་གྱི་སྒོ་ནས་
བསྟོད་པའི་ཚིགས་སུ་བཅད་པ་མདོ་སྔགས་བསྟན་པའི་མཛེས་རྒྱན་ཞེས་བྱ་བ་ནི།
རྫོགས་པའི་སངས་རྒྱས་ཐུབ་པའི་དབང་པོ་དང་། །རྒྱལ་བའི་སྲས་དང་འཕགས་པའི་གནས་བརྟན་ཚོགས། །རྒྱན་དྲུག་མཆོག་གཉིས་རྨད་བྱུང་སློབ་དཔོན་སོགས། །སྔོན་བྱོན་པཎ་གྲུབ་རྣམས་ལ་གུས་ཕྱག་འཚལ། །ཟ་ཧོར་ཡུལ་འཁྲུངས་གསུང་རབ་ཀུན་ལ་མཁས། །བྱང་ཆུབ་སེམས་ལ་དབང་འབྱོར་མངོན་ཤེས་མངའ། །གངས་ཅན་ལྗོངས་སུ་འདུལ་བསྟན་ཐོག་མར་སྤེལ། །མཁན་ཆེན་ཞི་བ་འཚོ་ལ་གུས་པས་བསྟོད། །ཕྱི་ནང་རིག་གཞུང་རྒྱ་མཚོའི་ཕ་རོལ་ཕྱིན། །གངས་ཅན་ལྗོངས་བྱོན་ལོག་སྨྲ་ཚར་བཅད་ནས། །ཀླུ་སྒྲུབ་ལུགས་བཟང་སླར་ཡང་སྤེལ་མཛད་པ། །ཀ་མ་ཤཱི་ལའི་ཞབས་ལ་གུས་པས་བསྟོད། །རྒྱལ་རིགས་ལས་འཁྲུངས་ཕྱི་ནང་གྲུབ་མཐའ་མཁས། །ཁྱད་པར་རྒྱལ་ཡུམ་ཤེར་ཕྱིན་རིང་གོམས་པས། །བྱམས་པའི་ཞལ་གཟིགས་རྒྱ་ཆེན་སྒྱུ་མའི་ལུགས། །གསལ་མཛད་སེང་གེ་བཟང་པོར་གུས་པས་བསྟོད། །མཁས་པའི་ཕུལ་ཕྱིན་གྲུབ་པའི་གོ་འཕང་བརྙེས། །བི་ཀྲ་མ་ལའི་རྡོ་རྗེ་སློབ་དཔོན་མཛད། །རྒྱུད་སྡེ་ཀུན་དང་ཁྱད་པར་གསང་འདུས་སྤེལ། །སངས་རྒྱས་ཡེ་ཤེས་མཆོག་ལ་གུས་པས་བསྟོད། །བྲམ་ཟེ་ལས་འཁྲུངས་རིག་གནས་ཀུན་ལ་མཁས། །ཁྱད་པར་རྣམ་རིག་གྲུབ་མཐའི་ཕ་རོལ་ཕྱིན། །སྙན་པ་རབ་གྲགས་གྲུབ་པའི་གོ་འཕང་བརྙེས། །ཤར་སྒོ་ཤནྟི་པ་ལ་གུས་པས་བསྟོད། །དབུ་ཚད་དགོངས་པ་ཇི་བཞིན་སྨྲ་ལ་མཁས། །ཕྱི་ནང་དངོས་སྨྲའི་རྒོལ་བ་ཀུན་ལས་རྒྱལ། །འཇལ་དཔལ་དབྱངས་ཀྱི་ཞལ་གཟིགས་བྱིན་བརླབས་པ། །ལྷོ་སྒོ་ཤེར་འབྱུང་བློ་གྲོས་གུས་པས་བསྟོད། །ཝཱ་རཱ་ཎ་སཱིར་འཁྲུངས་ཤིང་སྒྲ་ཚད་མཁས། །འཆད་རྩོད་རྩོམ་གསུམ་གང་ལ་ཐོགས་པ་མེད། །སྒྲོལ་མའི་ཞལ་གཟིགས་གྲུབ་པའི་ངོ་མཚར་མང་། །ནུབ་སྒོ་ངག་དབང་གྲགས་པར་གུས་པས་བསྟོད། །ཀསྨི་རར་འཁྲུངས་སྡེ་སྣོད་གསུམ་པར་གྱུར། །ཏིལླི་པ་ལས་བྱིན་རླབས་དབང་མཆོག་ཐོབ། །སྐུ་ཚེ་དེ་ལ་མཁའ་སྤྱོད་ཆེན་པོར་ཕེབས། །བྱང་སྒོ་ནཱ་རོ་ཏ་པར་གུས་པས་བསྟོད། །ཁ་ཆེའི་ཡུལ་དུ་བྲམ་ཟེའི་རིགས་ལས་འཁྲུངས། །མདོ་སྔགས་ཀུན་མཁྱེན་ཡི་དམ་ཞལ་ཡང་གཟིགས། །བྱམས་ཆོས་གཙོ་གྱུར་ཐེག་ཆེན་བསྟན་པ་སྤེལ། །ཀ་ཆེན་རིན་ཆེན་རྡོ་རྗེར་གུས་པས་བསྟོད། །གོ་ཊར་འཁྲུངས་ཤིང་ཐེག་པ་གསུམ་ལ་མཁས། །བྱང་ཆུབ་སེམས་ལྡན་མངོན་ཤེས་ཐོགས་པ་མེད། །ཐུབ་དབང་ཞལ་གཟིགས་ཀ་ཆེན་གཉིས་པ་གྲགས། །ཛྙཱ་ན་ཤྲཱི་མི་ཏྲར་གུས་པས་བསྟོད། །ཕྱི་ནང་གྲུབ་མཐའ་ཀུན་གྱི་གཞུང་ལུགས་བྱང་། །གྲུབ་ཐོབ་ཤ་བ་རི་པས་རྗེས་སུ་བཟུང་། །རྒོལ་བ་ཚར་བཅད་ངོ་མཚར་གྲུབ་རྟགས་བསྟན། །མངའ་བདག་མཻ་ཏྲི་པ་ལ་གུས་པས་བསྟོད། །ནཱ་རོ་ཏ་པའི་རྒྱལ་ཚབ་དབང་བསྐུར་ཅིང་། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་ཚོགས་ལྡན། །ཇོ་བོའི་བླ་མ་པཎ་གྲུབ་ཡོངས་གྲགས་པ། །གནས་བརྟན་བྱང་ཆུབ་བཟང་པོར་གུས་པས་བསྟོད། །ཟ་ཧོར་རིགས་འཁྲུངས་ཡོངས་རྫོགས་པཎྜི་ཏ། །བྱང་ཆུབ་སེམས་གཉིས་ཇི་བཞིན་ཐུགས་ལ་གཏམས། །རྒྱ་བོད་གཉིས་སུ་བསྟན་པའི་སྒྲོན་མེ་སྦར། །མཉམ་མེད་ཇོ་བོ་རྗེ་ལ་གུས་པས་བསྟོད། །དགེ་བསྙེན་དུས་ནས་རིག་གནས་ཀུན་ལ་མཁས། །རབ་ཏུ་བྱུང་ནས་མདོ་སྔགས་གཉིས་ལ་བྱང་། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་མཇལ། །རྡོ་རྗེ་གདན་པ་མཆོག་ལ་གུས་པས་བསྟོད། །བྲམ་ཟེ་ལས་འཁྲུངས་འདུལ་བ་འཛིན་པའི་མཆོག།།མདོ་སྔགས་ཐམས་ཅད་སྨྲ་བའི་སེང་གེར་གྱུར། །ཐུབ་པའི་བསྟན་པ་ཉི་བཞིན་གསལ་བར་མཛད། །འཇིགས་མེད་འབྱུང་གནས་ཞབས་ལ་གུས་པས་བསྟོད། །སླར་ཡང་ཤེས་རབ་ཕར་ཕྱིན་རྒྱས་པར་སྤེལ། །བི་ཀྲ་མ་ལའི་གཙུག་ལག་ཁང་ཆེན་དུ། །རྒྱ་བོད་གཉིས་སུ་གྲགས་པའི་པཎྜི་ཏ། །བསྟན་སྐྱོང་འབུམ་ཕྲག་གསུམ་པར་གུས་པས་བསྟོད། །ཁ་ཆེའི་ཡུལ་འཁྲུངས་ཁྱིམ་སྤངས་རབ་ཏུ་བྱུང་། །སྡེ་སྣོད་འཛིན་པ་ཀུན་གྱི་གཙུག་རྒྱན་གྱུར། །འཕགས་བོད་ཀུན་ཏུ་སློབ་ཚོགས་རྒྱ་མཚོ་སྤེལ། །པཎ་ཆེན་ཤཱཀྱ་ཤྲཱིར་གུས་པས་བསྟོད། །གཞན་ཡང་བི་ཀྲ་མ་ལའི་གཙུག་ལག་ནས། །མཁས་པར་གྱུར་པའི་ཡོངས་རྫོགས་པཎྜི་ཏ། །སངས་རྒྱས་གསང་བ་ཀུན་དགའ་སྙིང་པོ་སོགས། །པཎ་གྲུབ་ཀུན་ལ་རབ་ཏུ་གུས་པས་བསྟོད། །
༈ ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་དང་། །གངས་ལྗོངས་མིག་གཅིག་ཐུ་མི་སམ་བྷོ་ཊ། །བཻ་རོ་ཙ་ན་སྐ་ཅོག་ཞང་གསུམ་སོགས། །སྔོན་བྱོན་ལོ་ཙཱ་རྣམས་ལ་གུས་ཕྱག་འཚལ། །འཕགས་ཡུལ་པཎ་གྲུབ་མང་བསྟེན་བཀའ་བསྟན་བསྒྱུར། །ཁྱད་པར་ཡོ་གའི་རྒྱུད་སྡེ་དར་བར་མཛད། །ཕྱི་དར་ཐོག་མའི་ལོ་ཙཱ་མཚུངས་ཟླ་བྲལ། །ལོ་ཆེན་རིན་ཆེན་བཟང་པོར་གུས་པས་བསྟོད། །བླ་མེད་རྒྱུད་སྡེ་བཤད་པའི་ཡལ་འདབ་རྒྱས། །གསུང་ངག་ལམ་དང་འབྲས་བུའི་སྙིང་པོ་སྤེལ། །དཔལ་ལྡན་ས་ལུགས་བསྟན་པའི་རྩ་ལག་ཆེ། །འབྲོག་མི་ཤཱཀྱ་ཡེ་ཤེས་གུས་པས་བསྟོད། །དཀའ་སྤྱད་འབད་པ་སྟོང་གི་རི་བོ་བརྒལ། །རྒྱུད་སྡེ་རྒྱ་མཚོའི་ནོར་བུ་ལྗོངས་འདིར་བླངས། །ས་སྟེང་གྲུབ་ཐོབ་ཁྱབ་པའི་མངའ་དབང་བསྒྱུར། །མར་སྟོན་ཆོས་ཀྱི་བློ་གྲོས་གུས་པས་བསྟོད། །འཕགས་མཆོག་ཀླུ་སྒྲུབ་དགོངས་པ་ཇི་བཞིན་པར། །དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་བ་ལྟར། །དབུ་མ་ཐལ་འགྱུར་རིང་ལུགས་དར་མཛད་པ། །པ་ཚབ་ཉི་མ་གྲགས་པར་གུས་པས་བསྟོད། །འཕགས་ཡུལ་ཆོས་ཀྱི་ཆུ་གཏེར་ཆེན་པོ་ནས། །བཀའ་བསྟན་གཞུང་ལུགས་གངྒཱའི་རྡུལ་སྙེད་ཙམ། །བོད་དུ་བསྒྱུར་ནས་བསྟན་པ་ཕྱོགས་བརྒྱར་སྤེལ། །མཚུངས་མེད་རྔོག་ལོ་ཆེ་ལ་གུས་པས་བསྟོད། །གཞོན་ནུའི་དུས་ནས་མཁྱེན་པའི་བློ་གྲོས་རྒྱས། །པཎ་གྲུབ་མང་པོ་བོད་དུ་སྤྱན་དྲངས་ཏེ། །ཁྲོ་ཕུ་བཀའ་བརྒྱུད་ཅེས་པའི་མཚན་སྙན་འབར། །ལོ་ཆེན་བྱམས་པ་དཔལ་ལ་གུས་པས་བསྟོད། །གཞན་ཡང་དཔྱལ་ལོ་ཤོང་ལོ་དཔང་ལོ་ནས། །ཕྱིས་བྱོན་ལོ་ཙཱ་སངྒྷ་དྷརྨའི་བར། །གངས་ལྗོངས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ། །ཀུན་ལ་བཀའ་དྲིན་བསམས་ནས་གུས་པས་བསྟོད། །དེ་ལྟར་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས། །བསྟན་པ་རིན་ཆེན་གང་དུ་སྤེལ་བ་དང་། །གང་ནས་དར་བའི་ལོ་རྒྱུས་ཟུར་ཙམ་ཞིག །སྤེལ་བའི་དགེ་རྩ་གང་དང་ཅི་མཆིས་ན། །མདོ་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་གནས་མཐར་བདེ་བའི་རྒྱུར་གྱུར་ཅིག །ཁྱད་པར་རྒྱལ་ཁམས་ནད་ཡམས་རྒྱུན་ཆད་ནས། །དགའ་བདེའི་དཔལ་ལ་མྱུར་དུ་སྤྱོད་པར་ཤོག །
ཅེས་འཕགས་ཡུལ་གྱི་གནས་གཞི་ཆེན་པོ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་གནས་དང་གནས་བརྟན་དག་གི་ལོ་རྒྱུས་ཟུར་ཙམ་དང་། ཞར་བྱུང་དེ་དང་འབྲེལ་བའི་ལོ་པཎ་བཀའ་དྲིན་ཅན་རྣམས་ལ་གུས་བསྟོད་ཚིགས་སུ་བཅད་པས་མཐའ་བརྒྱན་པ་འདིའང་། སྔར་ནས་གནས་གཞི་དེར་གནས་མཇལ་དང་། གནས་དེའི་ལོ་རྒྱུས་འཚོལ་འདོད་ཧ་ཅང་ཆེན་པོ་མཆིས་ཀྱང་། ཆོས་སྨྲ་བར་བསྙད་པའི་རྣམ་གཡེང་གིས་ཅི་ཡང་མ་བྱུང་བར་རིམ་ལུས་སུ་གྱུར་ཅིང་། འདི་ལོར་ངེས་པར་གནས་མཇལ་དུ་འགྲོ་བསམས་ཀྱང་རྒྱལ་ཁམས་ནད་ཡམས་ཐེབས་དབང་ལས་ཕྱི་འགྱངས་སུ་ཤོར། ཉེ་ཆར་རྐྱེན་ཞིག་གིས་བསྐུལ་ནས་ལོ་རྒྱུས་བསྡུས་ཙམ་བྲི་འདུན་ཟློག་མེད་དུ་སྐྱེས་ཏེ། ཅུང་ཟད་བྲི་བའི་དུས་ཚོད་བྱུང་བ་དང་བསྟུན། རྒྱ་གར་སྐད་ཡིག་མི་ཤེས་ཀྱང་བོད་ཡིག་ཏུ་བསྒྱུར་བའི་འབྲེལ་ཡོད་ལོ་རྒྱུས་རྣམས་ལ་ཞིབ་དཔྱོད་དང་། བོད་ཀྱི་ཆོས་འབྱུང་དང་རྣམ་ཐར་ཡིག་ཐོག་འཁོད་པ་གང་ཡོད་ལ་ལྟ་ཀློག་ཅི་ནུས་བྱས་ཤིང་། རང་གི་བརྗེད་ཐོ་དང་གཞན་གྱི་དཔྱད་གཞི་ལ་ཅུང་ཟད་ཕན་རེས། བོད་ལྕགས་བྱི་ ༼༢༠༢༠༽ ལོའི་ས་ཟླའི་ཚེས་གཅིག་ནས་བརྩམས་ཏེ། ཟླ་དེའི་ཚེས་ལྔ་ལ་གྲུབ་པར་བགྱིད་པ་པོ། ཤཱཀྱའི་རྗེས་འཇུག་འཛི་སྒར་མཁན་མིང་ཙམ་འཛིན་པ་ཕྲིན་ལས་རྡོ་རྗེས། འཕགས་ཡུལ་རྡོ་རྗེ་གླིང་འཛི་སྒར་བྱེས་ཀྱི་བཤད་གྲྭ་ནས་བྲིས་པ་དགེའོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།