ཚ༽ རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་གྱི་སྙིང་པོ།
ནུབ་ཕྱོགས་རྒྱལ་རིགས་ཡུལ་འཁོར་བཟང་པོར་འཁྲུངས། །འཇམ་དབྱངས་ཞལ་གཟིགས་ནཱ་ལེནྡྲ་རུ་བྱོན། །
བསླབ་སྤྱོད་གཞུང་བརྩམས་ངོ་མཚར་བདུན་ལྡན་གྱིས། །མཁའ་ལ་གཤེགས་མཛད་ཞི་བ་ལྷ་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཤཱནྟ་དེ་ཝ་ (शान्तिदेवा,) (Shantideva) དང་། རྒྱའི་སྐད་དུ། (寂天) ཞེས་ཞུ་ཞིང་།
བོད་སྐད་ཀྱི་མཚན་ལ་ཞི་བ་ལྷ་དང་། གྲུབ་ཐོབ་ཀྱི་མཚན་ལ་བྷུ་སུ་ཀུ་ཞེས་གྲགས། ཕྱི་ལོའི་ ༦༨༥ ཙམ་ལ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་འཁྲུངས་ཤིང་། མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་བས་ཞི་བ་ལྷར་མཚན་གསོལ། ལྷག་པའི་ལྷ་བརྙེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང༌། །རྒྱལ་པོ་མུ་སྟེགས་བཏུལ་བའོ། །ཞེས་པའི་ངོ་མཚར་གྱི་གཏམ་བདུན་དང་། ཕར་ཕྱིན་ཐེག་པའི་ཡོན་ཏན་ལྔ་དང་ལྡན་ཞིང་། སྔགས་ཀྱི་ཐུན་མིན་ཡོན་ཏན་བརྒྱད་དེ་གདོལ་པ་མོ་ལྔ་བརྒྱ་བཏུལ་བ་དང་། ཆང་ཚོང་སྨིན་གྲོལ་ལ་བཀོད་པ། བྲམ་ཟེ་གཙང་སྦྲ་ཅན་སྨིན་གྲོལ་ལ་བཀོད་པ། ཞིང་པ་དང་ཐ་ག་པ་སྨིན་གྲོལ་ལ་བཀོད་པ། རྔོན་པ་སྨིན་གྲོལ་ལ་བཀོད་པ། རྫུ་འཕྲུལ་གྱིས་མུ་སྟེགས་པ་བཏུལ་བ། མུ་སྟེགས་ཀྱི་དཀྱིལ་འཁོར་བཤིགས་པ། རྫུ་འཕྲུལ་གྱི་སྒོ་ནས་བསླབ་སྤྱོད་ཀྱི་དོན་གསུངས་པ་བཅས་རྣམ་ཐར་ཁྱད་དུ་འཕགས་ཤིང་། སློབ་དཔོན་ཨེ་ལ་དྷ་རི་སོགས་སློབ་མ་མང་དུ་བསྐྱངས། གདན་ས་དཔལ་ནཱ་ལེནྡྲ་དང་། མཆོད་རྟེན་དཔལ་ཡོན་ཅན་སོགས་སུ་མཛད་ནས་གསུང་རྩོམ་བསླབ་སྤྱོད་སོགས་ཆོས་ཚན་ ༡༣ མཛད། ཕྱི་ལོ་ ༧༦༣ ཙམ་ལ་ཞི་བར་གཤེགས་ཤིང་། རྨད་བྱུང་སློབ་དཔོན་གཉིས་ཀྱི་ཡ་གྱལ་དང་། པཎ་གྲུབ་བཅུ་བདུན་ལས་དྲུག་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༩ ནས་ ༡༥༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།