༧༽ ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་ཇོ་བོ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང་། དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པའམ། དཔལ་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་དཀར་མོའི་བསྟོད་པ། དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་ཞེས་བྱ་བ།
དཔལ་གསང་བ་འདུས་པའི་བསྟོད་པ། ཀླུ་གཏོར་གྱི་ཆོ་ག །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སམ་མཁའ་སྤྱོད་མ་དཀར་པོ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །ལྟ་སྒོམ་ཆེན་མོ། ནོར་སྦྱིན་པའི་སྒྲུབ་ཐབས། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །གཏོར་མའི་ཚོགས་མཆོད་ཀྱི་རིམ་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ། ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས་བཅས་ལོ་ཆེན་རིན་ཆེན་བཟང་པོས་སྒྲ་སྒྱུར་མཛད། ལོ་ཙཱ་འདི་ཉིད་ཀྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན་ལགས།
༨༽ ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་སྤྱོད་པའི་གླུ་དང་། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ། འཕགས་མ་སྒྲོལ་མའི་མངོན་པར་རྟོགས་པ་བསྡུས་པའམ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་འཕགས་མ་སྒྲོལ་མའི་འདོན་ཐབས་མངོན་པར་རྟོགས་པའི་བསྡུས་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་འཕགས་པ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན་ལགས།
༩༽ ལོ་ཙཱ་བ་ཆེན་པོ་རྒྱ་བརྩོན་འགྲུས་སེངྒེས་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་རིན་པོ་ཆེ་རྒྱན་གྱི་སྒྲུབ་པ་དང་། རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ (དོན་རྟོགས་ཀྱི་སྒོ་ནས་) བསྟོད་པ། བདེན་པ་གཉིས་ལ་འཇུག་པ། དབུ་མའི་མན་ངག་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། ལྟ་སྒོམ་ཆེན་མོ་བཞུགས། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། རྗེ་བཙུན་ཛཾ་བྷ་དཀར་པོའི་སྒྲུབ་ཐབས་སོགས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་སྐབས་སུ་བཀོད་ཟིན་ལགས།
༡༠༽ ལོ་ཙཱ་བ་འབྲོམ་སྟོན་གྱིས་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་དཔལ་མགོན་པོའི་གཏོར་མ་ཞེས་བྱ་བ་དང་། དཔལ་མགོན་པོ་ནག་པོའི་གཏོར་མ་གཉིས་སྒྲ་སྒྱུར་མཛད། འབྲོམ་སྟོན་གྱི་རྣམ་ཐར་འཕགས་པ་ཐོགས་མེད་ཀྱི་གསུང་གི་སྐབས་སུ་བཀོད་ཟིན་ལགས།
༡༡༽ ཞུ་ཆེན་གྱི་ལོ་ཙཱ་བ་འབྲོག་མི་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་དང་། འཇིག་རྟེན་འདས་པའི་ཡན་ལག་བདུན་པའི་ཆོ་ག་གཉིས་སྒྲ་སྒྱུར་མཛད།
༡༢༽ ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག །བླ་མའི་བྱ་བའི་རིམ་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་གཉིས་ཀྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན་ལགས།
༡༣༽ ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག་དང་། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། བྱང་ཆུབ་ལམ་གྱི་སྒྲོན་མ། སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པའམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་གའི་རིམ་པ། དེ་ཁོ་ཉིད་བཅུ་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་སོགས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་གི་སྐབས་སུ་བཀོད་ཟིན་ལགས།
༡༤༽ སྐད་གཉིས་སྨྲ་བའི་དགེ་སློང་པ་ཚབ་ཉི་མ་གྲགས་པས་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་སྐབས་སུ་བཀོད་ཟིན་ལགས།
༡༥༽ ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱིས་ཀྱང་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་མགོན་པོ་ཀླུ་སྒྲུབ་གསུང་གི་སྐབས་སུ་བཀོད་ཟིན།
༡༦༽ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པའི་མི་འཁྲུགས་པའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་སྐབས་སུ་བཀོད་ཟིན།
༡༧༽ ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩེས། (ག་རོད་ཚུལ་ཁྲིམས་འབྱུང་གནས།) སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་སྙིང་པོ་བསྡུ་བ་ཞེས་བྱ་བ་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་སྐབས་སུ་བཀོད་ཟིན་པས་དེ་དག་ཏུ་གཟིགས་པར་འཚལ་ལོ།།
སྤྱིར་གནའ་དུས་རྩོམ་སྒྱུར་ཞུ་གསུམ་གྱི་སྐོར་འགོད་སྲོལ་དར་ཁྱབ་མ་བྱུང་བ་དང་། འགོད་སྲོལ་བྱུང་རྗེས་སུའང་བཀའ་འགྱུར་གྱི་སུམ་ཆ་གཅིག་ཙམ་ལ་འགྱུར་བྱང་མི་གསལ་བ་ལྟར། བསྟན་འགྱུར་དུའང་མཛད་བྱང་དང་འགྱུར་བྱང་མི་གསལ་བའི་ཆོས་ཚན་ཤིན་ཏུ་མང་ལ། ལྷག་པར་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་ཤིན་ཏུ་དཀོན་པར་མ་ཟད། མདོར་བསྡུས་སུ་འཁོད་པའང་ཉུང་བས། པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྒྲ་སྒྱུར་མཛད་མཁན་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་དག་ཀྱང་གང་རྙེད་སྙིང་བསྡུས་རེ་འགོད་ཐབས་ལ་འབད་བརྩོན་ཞུ་ཁུལ་ལགས་ཀྱང་། རེ་ཟུང་ནི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་དཀོན་པས་འགོད་ཐབས་བྲལ་བའི་གནས་སུ་གྱུར་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༨ ནས་ ༢༨༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།