ཁ༽ གསུང་གི་མཚན་བྱང་དང་མཛད་བྱང་།
དེ་ལྟར་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་སེམས་ཙམ་དང་། འདུལ་བའི་སྡེ་ཚན་གཉིས་ནང་ཆོས་ཚན་ ༧ བཞུགས་པ་ལས། དང་པོ་སེམས་ཙམ་སྐོར་ལ་གསུམ་སྟེ། ༡ བྱང་ཆུབ་སེམས་དཔའི་སའི་འགྲེལ་པ་དང་། ༢ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་འགྲེལ་པ། ༣ ཕུང་པོ་ལྔའི་རྣམ་པར་འགྲེལ་པ་བཅས་སོ།།
གཉིས་པ་འདུལ་བའི་སྐོར་ལ་བཞི་སྟེ། ༡ རྩ་བའི་ལུང་དང་བཤད་པའི་ལུང་ཐམས་ཅད་ཀྱི་དགོངས་འགྲེལ་མཚན་ཉིད་གཏན་ལ་འབེབས་པར་བྱེད་པ་) འདུལ་བའི་མདོ། ༢ ཆོ་ག་ལག་ལེན་གཏན་ལ་འབེབས་པར་བྱེད་པ་ལས་བརྒྱ་རྩ་གཅིག་པ། ༣ འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བའམ། འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མ་ཞེས་བྱ་བ། ༤ འདུལ་བ་མདོའི་འགྲེལ་པའམ་འདུལ་བ་མདོའི་རྩ་བའི་འགྲེལ་པ་ཆུང་བ་བཅས་བསྟན་བཅོས་ ༧ བཞུགས་སོ།།
བསྟན་བཅོས་དེ་དག་གི་མཛད་བྱང་དུ་སློབ་དཔོན་ཡོན་ཏན་འོད་ཅེས་གསལ་བའི་བསྟན་བཅོས་ ༣ དང་། སློབ་དཔོན་མང་དུ་ཐོས་ཤིང་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་ཞེས་འཁོད་པ་ ༡ འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞེས་གསལ་བའི་བསྟན་བཅོས་ ༢ ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཞེས་གསལ་བ་ ༡ བཅས་མཛད་བྱང་ལ་ཆེ་བསྟོད་རྒྱས་བསྡུས་ཙམ་ལས་མཛད་པ་པོའི་མཚན་དངོས་བོད་སྐད་ཀྱི་ཡོན་ཏན་འོད་ཅེས་གསལ་བ་གཅིག་མཚུངས་ལགས་སོ།།
དེ་ལྟར་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་ ༧ བཞུགས་པ་རྣམས་བསྟན་འགྱུར་གྱི་པར་མ་བཞི་གར་བཞུགས་ཤིང་། བསྟན་བཅོས་ ༧ བཞུགས་པ་དེ་དག་གི་ཁྲོད་ནས་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༦ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་ ༡ བསྟན་བཅོས་བདུན་ལས་འདུལ་བ་མདོའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པ་ལས། དེ་འཕྲོས་ཀྱི་བསྟན་བཅོས་ ༦ གི་ལེགས་སྦྱར་གྱི་མ་དཔེ་རྩ་བརླག་ཏུ་སོང་ཟིན་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧ ནས་ ༡༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།