༦༽ ལོ་ཙཱ་བ་གླན་དར་མ་བློ་གྲོས།
ལོ་ཙཱ་བ་གླན་དར་མ་བློ་གྲོས་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་གྲགས་ཅན་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།
སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། དེ་བཞིན་གཤེགས་པའི་རིགས་སུ་གཏོགས་པའི་བཀའ་ཉན་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་རྟོག་པ་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བར་གསུང་པའི་རྒྱུད་ཀྱི་རྒྱལ་པོ་དང་། བསྟན་འགྱུར་ལས། འགྲེལ་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་དང་། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ། གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག །མན་ངག་གི་རིམ་པ་གསུམ་པ། གོ་བར་བྱེད་པའི་སྙིང་པོ་བརྒྱ་པའི་མིང་། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རོ་སྲེག་བྱ་བ། རིམ་པ་ལྔའི་བཤད་པ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ། འཇམ་དཔལ་འཇིགས་བྱེད་མཚན་གྱི་བསྟོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་རྡོ་རྗེ་འོད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསལ་བ། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་བཅས་བཞུགས་སོ། །[1]
དེ་འཕྲོས་ཇོ་བོའི་གསུང་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ་རྣམས་ནི། ༥༽ ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་མཁས༌པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་མངོན་པར་རྟོགས་པ་རྣམ་པར་འབྱེད་པ་དང་། དཔལ་བདེ་མཆོག་འཁོར་ལོ་དཔའ་བོ་གཅིག་པའི་སྒྲུབ་ཐབས། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ་དང་། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་པ། སྤྱོད་པའི་གླུའི་འགྲེལ་པ། སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པར་བྱེད་པའི་གཟུངས་རྣལ་འབྱོར་གྱི་རྒྱུད་དུ་དགོངས་པ་བཀྲལ་བ་མི་འཁྲུགས་པའི་སྒྲུབ་ཐབས་ཞེས་བྱ་བ་རྒྱས་པའམ། མི་འཁྲུགས་པའི་སྒྲུབ་ཐབས་ཞེས་བྱ་བ། མི་འཁྲུགས་པའི་སྒྲུབ་ཐབས་བཞུགས་སམ། མི་འཁྲུགས་པའི་སྒྲུབ་ཐབས་བསྡུས་པ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྒྲུབ་ཐབས། གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་ཁག་གཉིས། སཱཙྪ་ལྔ་གདབ་པའི་ཆོ་ག །འཇིགས་པ་བརྒྱད་ལས་སྐྱོབ་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ། འཕགས་པ་ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ་ཞེས་བྱ་བ། ཆུ་གཏོར་གྱི་ཆོ་ག་བཞུགས་སམ། ཆབ་གཏོར་དྲི་མ་མེད་པའི་གཞུང༌། རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཞིབ་མོར་བཀོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ། ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་བཞུགས། དྲན་པ་གཅིག་པའི་མན་ངག །དབུ་མའི་མན་ངག་ཅེས་བྱ་བ། དབུ་མའི་མན་ངག་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སྤྱོད་པ་བསྡུས་པའི་སྒྲོན་མ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པའམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་གའི་རིམ་པ། ལྟུང་བ་བཤགས་པའི་ཆོ་ག །ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་གའི་བཤད་པ་ཞེས་བྱ་བ། དྲི་མ་མེད་པའི་རིན་པོ་ཆེའི་སྤྲིང་ཡིག་ཅེས་བྱ་བ། རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ། ཤེར་ཕྱིན་དོན་བསྡུས་སྒྲོན་མེ། སྨན་བླའི་སྒྲུབ་ཐབས། དེ་ཁོ་ཉིད་བཅུ་པ། འཕགས་པ་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྒྲུབ་པའི་ཐབས། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པར་བྱེད་པའི་ཆོ་ག་ཞེས་བྱ་བ་སྨན་བླའི་སྒྲུབ་ཐབས། དམ་ཚིག་ཀུན་གྱི་ཆོ་ག་ཀུན་ལས་བཏུས་པ་ལེའུ་ཉེར་ལྔ་པ། སྨན་བླའི་སྒྲུབ་ཐབས། གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས། ཡང་གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས། མཆོད་རྟེན་ལྔ་གདབ་པའི་ཆོ་ག་བཅས་བསྟན་བཅོས་ལྔ་བཅུ་ལྷག་ཇོ་བོ་བོད་དུ་གདན་འདྲེན་མཁན་གྱི་སྐུ་དྲིན་ཅན་གྱི་སྐད་གཉིས་སྨྲ་བའི་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་། ནག་ཚོའི་རྣམ་ཐར་སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྐབས་སུ་བཀོད་ཟིན།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༠༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༥ ནས་ ༢༧༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།