༧༽ ཆག་ལོ་ཙཱ་བ་ཆོས་རྗེ་དཔལ།

༧༽ ཆག་ལོ་ཙཱ་བ་ཆོས་རྗེ་དཔལ།

 

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་ཆག་ལོ་ཙཱ་བ་ལ་བསྐུར་བ་ལས[1]།

མ་ཆགས༵་ལོ༵་བདག་ཚ་ཟེར་བྱེད་སོགས་ཀྱིས།

མཆོད་པའི་གནས་གྱུར་ཆོས༵་ཉིད་རྡོ་རྗེ༵་ཡིས། །

ལྟ་ངན་རི་འཇོམས་གདུལ་བྱའི་དཔལ༵་གྱུར་པ། །

བསྒྲུབ་པ་བཟང་པོ་ཁྱོད་ནི་རྒྱལ་གྱུར་ཅིག །

ཅེས་མཚན་སྒྲ་དང་བཅས་ཏེ་བསྟོད་ཕྱག་མཛད་པ་ལྟར། ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ལ་བསྟོད་པ་རྨད་དུ་བྱུང་བའི་འོད་ཕྲེང་ལས་[2]ཀྱང་།

རིག་གནས་སྦྱངས་པའི་བློ་གྲོས་རྨད་བྱུང་ཞིང་། །འཕགས་པའི་ཡུལ་དུ་དཀའ་སྤྱད་དུ་མ་ཡིས། །རབ་ཏུ་བགྲོད་ནས་གཞུང་ལུགས་མན་ངག་རྣམས། །ལེགས་པར་འདོམས་པའི་རྗེ་བཙུན་ཆོས་རྗེ་དཔལ། །སྒྲ་བསྒྱུར་ཕུལ་ཕྱིན་སྐད་གཉིས་སྨྲ་བ་པ། །མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་ཏེ། །གངས་རིའི་ཁྲོད་ཀྱི་གདུལ་བྱ་རྣམ་མང་ལ། །ལེགས་བཤད་ཆར་རྒྱུན་ཕབ་སྟེ་སྨིན་པར་མཛད། །ལྷག་པའི་ལྷ་མཆོག་དུ་མའི་ཞལ་གཟིགས་ཤིང་། །རིམ་གཉིས་ཟབ་མོའི་ཏིང་འཛིན་བརྟན་པ་ཐོབ། །མ་ལུས་རྒྱུད་སྡེ་ཀུན་གྱི་བདག་པོ་མཆོག །འགྲོ་བའི་ཡོན་གནས་དམ་པ་ཁྱོད་ལ་འདུད། །མཁས་པ་དུ་མས་གང་གི་རྗེས་ཞུགས་ཏེ། །བསྟན་པ་སྤེལ་དང་རྒྱ་ཆེན་བསྔགས་པ་བརྗོད། །ཐུབ་བསྟན་དྲི་མ་མེད་པའི་རྒྱན་གྱུར་པ། །སྐད་གཉིས་སྨྲ་བ་ཆོས་རྗེ་དཔལ་ལ་འདུད། །ཅེས་གསུངས་པ་ལྟར། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་མཆོག་ནི། རབ་བྱུང་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༡༩༧ ལོར་ཡབ་སློབ་དཔོན་ཆོས་ཀྱི་འབྱུང་གནས་སམ་བློན་པོ་ཆེན་པོ་དར་མ་འབྱུང་གནས་དང་། ཡུམ་ཆོས་འབུམ་གཉིས་ཀྱི་སྲས་སུ་ལྷོ་ཁ་གཉེན་ལྟེའུ་ར་ (ལྷོ་ཁ་ལྷུན་རྩེ་རྫོང་གི་ལྷུན་པོ་རྩེ་གྲོང་སྡེའི་བྱང་ཕྱོགས་ཆག་གྲོང་།) ཞེས་པར་སྐུ་འཁྲུངས། དགུང་ལོ་བདུན་པར་རྒྱ་བོད་ཀྱི་ཡི་གེའི་སྦྱོར་ཀློག་ལ་བསླབས་པས་ཤིན་ཏུ་མཁས་པར་གྱུར།

ཕྱི་ལོ་ ༡༢༡༧ ལོར་གཙང་དུ་ཕེབས་ཏེ་བླ་མ་ས་སྐྱ་པ་དང་། ཁྲོ་ཕུ་ལོ་ཙཱ་བ། ཉང་སྟོད་ལོ་ཙཱ་བ་ལ་སོགས་པའི་མཁས་བཙུན་མང་པོ་ལས་ཆོས་མང་དུ་གསན། ལྷག་པར་དུ་བླ་མ་ཆེན་པོ་གུང་ཐང་པ་ལྷ་བཙུན་ལས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། འཕགས་སྐོར་རྔོག་ལུགས་སོགས་ལ་མཁས་པར་བསླབས། ཡང་སྒོས་དགུང་ལོ་བཅུ་གཅིག་ནས་ཉི་ཤུའི་བར་དུ་ཨ་ཁུ་ཆག་ལོ་དགྲ་བཅོམ་གྱི་ཞབས་དྲུང་དུ་འབྲལ་མེད་བསྟེན་ཞིང་སྔགས་དང་མཚན་ཉིད་ཀྱི་གཞུང་གདམས་ངག་མང་པོ་ཞུས།

དེ་ནས་དགུང་ལོ་ཉེར་དགུ་ལ་ཕེབས་པ་ཕྱི་ལོ་ ༡༢༢༥ ལོར་བལ་ཡུལ་དུ་ཕེབས་ཏེ་བླ་མ་རཏྣ་རཀྵི་ཏ་ཞེས་པ་བླ་མར་བསྟེན་ནས་དཔལ་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་ལ་སོགས་པ་གསན་པ་དང་། ཡང་པཎྜི་ཏ་ཆེན་པོ་རེ་ཝེནྡྲ་དེ་བ་ལ་བརྟེན་ཞིང་འཕགས་སྐོར་དང་། རྡོ་རྗེ་ཕྲེང་བ། མདོ་རྒྱུད་རྟོགས་པ་བསྡུས་པ་སོགས་ལ་གསན་ནས་ལོ་ཧྲིལ་པོ་བརྒྱད་བཞུགས། ཕྱི་ལོ་ ༡༢༣༤ ལོར་རྒྱ་གར་དུ་ཕེབས་ཤིང་ཏེ་ཏི་ར་ཧུ་ཏི་དང་། ཡངས་པ་ཅན། རྡོ་རྗེ་གདན། བྱ་རྒོད་ཕུང་པོའི་རི། རྒྱལ་པོའི་ཁབ། ནཱ་ལེནྡྲ་སོགས་སུ་ཞབས་ཀྱིས་བཅགས་ཏེ་སློབ་དཔོན་རཱ་ཧུ་ལ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། གར་ལོག་དམག་གི་གནོད་པ་ཅུང་ཟད་ཙམ་ཡང་མ་བྱུང་། སྐབས་དེར་ཆག་ལོའི་ལམ་ཡིག་ཀྱང་མཛད།

དེ་ནས་ཕྱི་ལོ་ ༡༢༤༡ ལོར་བོད་དུ་ཕེབས་ཏེ་པཎ་ཆེན་བཅུ་གཉིས་དང་། བོད་ཀྱི་ལོ་ཙཱ་བ་བཞི། མཁས་བཙུན་ཉི་ཤུ་རྩ་གཅིག་བཅས་བསྟེན་ནས་ཆོས་མདོ་སྔགས་མང་དུ་གསན། ས་སྐྱ་པཎ་ཆེན་གྱིས་ལོ་ཙཱ་བ་རིན་ཆེན་བཟང་པོའི་འོག་ན་ལོ་ཙཱ་བ་ཁྱེད་མཁས་ཞེས་བསྔགས་བརྗོད་མཛད། ནག་ཚོ་ལོ་ཙཱ་བའི་གདན་སའི་ཐོག་ཏུའང་ནན་གྱིས་ཞུ་བ་ཕུལ་བས་ལོ་བཞིར་བཞུགས། དགུང་ལོ་དྲུག་ཅུ་རྩ་གཉིས་པར་ཐང་པོ་ཆེར་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དེ་ནས་ཡར་ཀླུང་ཕྱོགས་སུ་ཕེབས་ཤིང་དགོན་པ་མང་པོར་ཆོས་གསུངས། དེའི་སྐབས་སུ་གོང་མའི་སྤྱན་འདྲེན་བྱུང་ཡང་མ་ཕེབས། ས་སྐྱར་གདན་དྲངས་ཏེ་ཤར་པ་ཡེ་ཤེས་རྒྱལ་མཚན་དང་། དཔོན་ཆེན་ཀུན་དགའ་བཟང་པོས་བླ་མར་བཀུར། ཚོགས་དཔོན་མཛད་ཅིང་ཆོས་ཀྱང་མང་དུ་གསུངས། ཆོས་འཁོར་ཆེན་མོ་མཛད། དེ་ནས་རྟེའུ་རར་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་ཅིང་དགུང་ལོ་དྲུག་ཅུ་རྩ་བརྒྱད་པ་རབ་བྱུང་བཞི་པའི་ཤིང་བྱི་ཕྱི་ལོ་ ༡༢༦༤ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོའི་གཟུངས་དང་། བསྟན་འགྱུར་ལས། འཕགས་པ་མཚན་ཡང་དག་པར་བརྗོད་པའི་མདོར་བཤད་པ་བདུད་རྩིའི་ཐིགས་པ། ལྷག་པར་རྟོག་གེ་བའི་ཚོགས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞབས་ཀྱིས་མཛད་པ་འི་དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ་ལེགས་སྦྱར་ནས་བོད་སྐད་དུ་ལོ་ཙཱ་འདི་ཉིད་ཀྱིས་བསྒྱུར་བ་སོགས་ལེ་ཚན་བཅུ་གྲངས་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འགྲོ་མགོན་ཆོས་འཕགས་ཀྱི་གསུང་འབུམ། ༼ང༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༣༣༦

[2] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་སྐོར། པོད། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༦ན༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༣ ནས་ ༤༤༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *