ཏ) བཀའ་གདམས་དཔེ་དཀོན་གྱི་རྩོམ་སྒྱུར་ཞུ་གསུམ་སྐོར།

ཏ) བཀའ་གདམས་དཔེ་དཀོན་གྱི་རྩོམ་སྒྱུར་ཞུ་གསུམ་སྐོར།

 

གོང་གསལ་བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས་བྱུང་བའི་གསུང་བཟང་ཆོས་ཚན་ ༤༧ རྙེད་སོན་བྱུང་བའི་ཁྲོད་ནས་ཐོག་མར་རྒྱ་གར་སྐད་གསལ་བའི་ཆོས་ཚན་ ༢༧ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་ ༢༠ བཞུགས་ལ། གསུང་དེ་དག་གི་མཇུག་མཐར་མཛད་བྱང་གསལ་བའི་ཆོས་ཚན་གྲངས་ ༣༧ དང་། མཛད་བྱང་མི་གསལ་བའི་ཆོས་ཚན་གྲངས་ ༩ བཞུགས་པའི་ཁྲོད་ནས་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱུ་ལྟོ་ཞབས་ཀྱི་ཞལ་སྔ་ནས་ཞེས་དང་།

བླ་མ་གསེར་གླིང་པས་མཛད་པ་ཞེས་པའི་མཛད་བྱང་གཅིག །དེ་མིན་སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པར་གསལ་བའི་ཆོས་ཚན་གཅིག་བཅས་མཆིས་པ་འདི་གསུམ་ཇོ་བོའི་གསུང་ཡིན་མིན་དཔྱད་དགོས་ལ། མར་མེ་མཛད་བཟང་པོ་ཇོ་བོའི་མཚན་གྱི་རྣམ་གྲངས་ཡིན་མིན་དཔྱད་པ་ཟུར་དུ་བྱས་ཡོད་དོ།།

ཡང་གོང་གསལ་རྣམས་ལ་འགྱུར་བྱང་མི་གསལ་བའི་ཆོས་ཚན་གྲངས་ ༢༠ དང་། འགྱུར་བྱང་གསལ་བ་ཆོས་ཚན་གྲངས་ ༢༧ བཞུགས་པ་ལས། གསུང་འདི་དག་མཛད་བྱང་དུ་གསལ་བའི་མཚན་གྱི་རྣམ་གྲངས་ནི། ༡༽ དཱི་པཾ་ཀ་ར་དང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁས་པ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་བཅས་ལེགས་སྦྱར་གྱི་མཚན་དཱི་པཾ་ཀ་ར་དང་འབྲེལ་བའི་མཚན་རིང་ཐུང་དྲུག་དང་། ༢༽ ཡང་ཇོ་བོ་དང་། ཇོ་བོ་རྗེ། ཨ་ཏི་ཤ །ཇོ་བོ་ཨ་ཏི་ཤ །ཇོ་བོ་རྗེ་ལྷ་གཅིག །ཇོ་བོ་ཆེན་པོ་རྗེ་ཞེས་ཇོ་བོ་ཨ་ཏི་ཤ་དང་འབྲེལ་བའི་མཚན་རྒྱས་བསྡུས་ཁག་དྲུག །༣༽ ལེགས་སྦྱར་གྱི་མཚན་བོད་བསྒྱུར་གནང་བ་དཔལ་མར་མེ་མཛད་ཡེ་ཤེས། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད། སློབ་དཔོན་དཔལ་མར་མེ་མཛད། སློབ་དཔོན་མར་མེ་མཛད་བཟང་པོ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས། རིག་པའི་གནས་ཐམས་ཅད་ལ་སློབ་དཔོན་གྱི་གོ་འཕང་བརྙེས་པའི་པཎྜི་ཏ་ཆེན་པོ་བཅས་མཚན་རྒྱས་བསྡུས་དང་། ཆ་ཤས་མི་འདྲ་བ་འབྲི་སྲོལ་ཁག་དྲུག་གསལ་ལ། ༤༽ དེ་མིན་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱུ་ལྟོ་ཞབས་ཀྱི་ཞལ་སྔ་ནས་དང་། བླ་མ་གསེར་གླིང་པ་རྣམ་གཉིས་ནི་ཇོ་བོའི་བླ་མའི་གྲས་ཡིན་པ་ལས་ཇོ་བོའི་མཚན་དང་། མཛད་བྱང་དེ་ལྟར་འཁོད་པ་རྣམས་ཇོ་བོའི་གསུང་ཡིན་བཟོ་མི་སྣང་ཡང་། བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས་ཇོ་བོའི་གསུང་ཆོས་སྐོར་གྱི་ཁྲོད་དུ་གསལ་བས་དཔྱད་དགོས་པར་སྣང་ངོ་།།

གསུང་བཟང་དེ་དག་ལེགས་སྦྱར་ནས་བོད་སྐད་དུ་སྒྲ་སྒྱུར་གནང་མཁན་གྱི་རྒྱ་གར་མཁན་པོ་དང་པཎྜི་ཏ་ནི། ཤཱཀྱའི་དགེ་སློང་ཀུ་མ་ར་དང་། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱ་ན་ཤྲཱི། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ་དང་། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་བཅས་ལྔ་དང་། དེའི་ནང་ནས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་མཚན་གསལ་བའི་ཆོས་ཚན་ ༡༠ བཞུགས་སོ།།

༢༽ བལ་པོའི་མཁན་པོ་ནི། བལ་པོའི་མཁན་པོ་སུ་མ་ཀིརྟི་དང་། ༣༽ བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ནི། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་དང་། ཞུ་ཆེན་གྱི་ལོ་ཆེ་བ་དགེ་སློང་རིན་ཆེན་བཟང་པོ། ལོ་ཙཱ་བ་དགེ་བསྙེན་རྒྱ་བརྩོན་འགྲུས་སེངྒེ་། ལོ་ཙཱ་བ་གླན་དར་མ་བློ་གྲོས། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ། ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་བཅས་ཞལ་གྲངས་ ༩ དང་། དེ་དག་ལས་ལོ་ཆེན་རིན་བཟང་པོའི་འགྱུར་བྱང་གསལ་བ་གསུམ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་བྱང་གསལ་བའི་ཆོས་ཚན་ ༣ བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱི་འགྱུར་བྱང་གསལ་བའི་ཆོས་ཚན་ ༡༧ བཞུགས་པས། གསུང་བཟང་འདི་དག་ཕལ་མོ་ཆེ་བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་གནང་འདུག་པ་བཅས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༩ ནས་ ༢༣༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *