༩༽ ལྷ་བཙུན་ཆོས་ཀྱི་རིན་ཆེན།
སུང་རྒྱལ་རབས་ལྷོ་མའི་རྒྱལ་པོ་བདུན་པ་སུང་ཏུའུ་ཙོང་དང་། རུས་ཆོན་ཅན་གྱི་རྒྱལ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༢༧༡ ལོར་ལིན་ཨན་ས་ཆར་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཀྲའོ་ཞན་ཞེས་འབོད། རྒྱལ་པོ་ལ་ཡུམ་མི་གཅིག་པའི་སྲས་གསུམ་ཡོད་པ་ལས་ཁོང་ནི་འབྲིང་པོ་ཡིན། དགུང་ལོ་བཞི་ལ་ཕེབས་པ་ཕྱི་ལོ་ ༡༢༧༤ ལོར་ཡབ་ཚེ་ལས་འདས་པ་ན་རྒྱལ་མོ་དང་བློན་པོ་ཅ་སི་ཏའོ་ཡིས་སྲིད་ཁྲིར་བསྐོས།
མཚན་ན་སུང་གུང་ཙོང་ཞེས་བཏགས། རྨོ་མོ་དང་ཡུམ་ཆེན་གཉིས་ཀྱིས་སྲིད་ཀྱི་ལག་རོགས་བགྱིས་ཀྱང་དོན་དངོས་སུ་སྲིད་ཀྱི་དབང་ཆ་བློན་པོ་ངན་པ་ཅ་སི་ཏའོ་ཞེས་པས་བཟུང་། རྒྱལ་པོ་ལོ་ན་ཆུང་སྟབས་གཡེའུ་ཏི་དང་། ཧྲའོ་ཏི་ཞེས་ཀྱང་འབོད།
སྲིད་ཁྲིར་བཞུགས་ནས་ལོ་ངོ་གསུམ་སོང་བ་ཕྱི་ལོ་ ༡༢༧༦ ཧོར་སེ་ཆེན་ཧན་གྱི་བློན་པོ་བ་ཡན་གྱིས་སོག་དམག་ཁྲིད་དེ་སུང་གི་རྒྱལ་ས་ལིན་ཨན་ལ་རྒོལ་བས་སུང་དམག་ཡོངས་སུ་ཕམ་སྟེ་ཡོན་ལ་མགོ་བཏགས། ལོ་བདུན་ཅན་གྱི་གོང་མ་ཀྲའོ་ཞན་ཡང་སྲིད་ཁྲི་ལས་ཕབ་སྟེ། བྱང་ཕྱོགས་ས་ཁུལ་གྱི་ཧྲང་ཏུའུ་རུ་ཁྲིད་ནས་ཡོན་རྒྱལ་རབས་ཀྱི་བློན་པོ་དབྱིན་ཀུའོ་ཀུང་དུ་བསྐོས། དབྱིན་ཀུའོ་ཀུང་ཀྲའོ་ཞན་དགུང་ལོ་བཅུ་གཉིས་ཏེ་ཕྱི་ལོ་ ༡༢༨༢ ལོར་ཡོན་གོང་མས་ཁོང་རང་སོག་པོའི་དབུས་ཁུལ་དུ་བཏང་། དེའི་ཕྱི་ལོར་གོང་མས་ཀྲའོ་ཞན་གྱི་མ་ཡུམ་ལ་བཀའ་སྟེ་རབ་ཏུ་བྱུང་བར་བཅུག་ཅིང་། ཏ་ཏུའུ་ཡི་ཤེས་རབ་དག་པའི་གླིང་དུ་བཙུན་པ་བྱས་ཏེ་ཚེ་སྨད་ཀྱི་འཚོ་བ་དེ་གར་བསྐྱལ།
དེའང་ཀྲའོ་ཞན་སྐུ་ནར་སོན་པ་དང་བསྟུན་ཡོན་གོང་མ་བློ་མ་བདེ་བ་ཆེར་ཕྱིན་པས། དགུང་ལོ་བཅོ་བརྒྱད་ལ་སོན་པ་ཕྱི་ལོ་ ༡༢༨༨ ལོར་ཁོང་ལ་གསེར་དངུལ་མང་པོ་སྤྲད་དེ་གཙང་ས་སྐྱར་ནང་ཆོས་སློབ་གཉེར་ལ་བཏང་།[1] ས་སྐྱར་རབ་ཏུ་བྱུང་བའི་མཚན་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན་དུ་བཏགས། དགུང་ལོ་བཅོ་བརྒྱད་ནས་སོ་ལྔའི་བར་དུ་བོད་ཀྱི་སྐད་ཡིག་ལ་སྦྱངས་པ་གནང་སྟེ་ཆོས་གཞུང་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་བས། མཁས་པའི་ཡང་རྩེར་སོན་ཏེ་ས་སྐྱའི་སྤྱི་འཛིན་དུ་གྱུར། ཁོང་གིས་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་མདོ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོ་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་སོགས་རྒྱ་ནག་སྐད་ནས་བོད་སྐད་དུ་བསྒྱུར།
དགུང་ལོ་ང་གསུམ་བཞེས་པ་ཕྱི་ལོ་ ༡༣༢༣ ལོར་ཁོང་གིས་ཡུལ་ལ་འཁྲེང་བའི་སྙན་ངག་ཤླཽ་ཀ་གཅིག་བྲིས་པར་གཞན་གྱིས་གོ་བ་ལོག་པར་བླངས་པའི་རྐྱེན་བྱས་ཏེ། ཡོན་གོང་མས་ཧོ་ཞི་སྟེ་དེང་གི་ཀན་སུའུ་ཞིང་ཆེན་གྱི་ཀྲང་ཡེ་ཞེས་པའི་ས་ཆར་སྲོག་ཁྲིམས་བཅད་དེ་སྐུ་བཀྲོངས། དེབ་དམར་དུ་ཁོང་གི་ལོ་རྒྱུས་ཅུང་ཟད་ཡོད་པ་དེབ་སྔོན་དུའང་ཞལ་མཐུན་པར་བཀོད་ཅིང་། ལྷ་བཙུན་ཁོང་ཉིད་གསོད་པའི་དུས་ན་ཁྲག་འོ་མར་བྱུང་ཞེས་ཉེས་མེད་ཉེས་འགེལ་བྱས་པའི་བརྡ་ཞིག་ཤུགས་ལ་བསྟན་ཏོ།།[2]
དེ་འཕྲོས་སྐད་གཉིས་སྨྲ་བའི་ལོ་པཎ་ནི། ༡༠༽ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་པཎྜི་ཏ་མི་ཕམ་མགོན་པོས་རང་འགྱུར་མཛད་པ་དང་། ༡༡༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་བསྒྱུར་ཞུས་གཏན་འབེབས་མཛད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དོན་ཀུན་བསྡུས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་གཉིས་སྒྲ་སྒྱུར་མཛད། ༡༢༽ ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་རྟོག་གེ་བ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་དང་། རྣལ་འབྱོར་ལ་འཇུག་པ་གཉིས་སྒྲ་སྒྱུར་མཛད་པ། ༡༣༽ ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ་སྒྲ་སྒྱུར་མཛད་པ། ༡༤༽ སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་གཉིས་བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་སྒྲ་སྒྱུར་མཛད་པ་བཅས་ལོ་ཙཱ་བ་འདི་གསུམ་གྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།[3] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སངས་རྒྱས་ཀྱི་སྐྱེས་རབས་མདོར་བཀོད། ཅེས་པའི་ཤོག་དྲིལ་སུམ་ཅུ་སོ་གཉིས་པར། སུང་རྒྱལ་རབས་ཀྱི་རྒྱལ་པོའི་ཐོབ་འཁྱེར་ནས་སེ་ཆེན་གྱི་ཞབས་ལ་གཏུགས་ཤིང་། ཆོས་ཉམས་ལེན་ལ་གཞོལ་རྒྱུའི་འདུན་པ་ཞུས་པར་སེ་ཆེན་ཡིད་འགུལ་ནས་དབུ་བསིལ་ཏེ་ཆོས་གྲྭར་ཞུགས་ཆོག་པའི་བཀའ་གནང་། གོང་མས་ནུབ་ཕྱོགས་སུ་ཐེག་པ་ཆེན་པོའི་གཞུང་གི་དམ་ཆོས་ལ་སློབ་གཉེར་དུ་འགྲོ་བར་བཀའ་ཕབ། ཅེས་ཀྱང་བཀོད་ཡོད།
[2] བོད་བསྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༨༣༤
[3] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༠༥། ༢༣༣། ༢༤༣། ༢༥༡། ༢༧༡། ༢༧༤། ༢༩༥། ༣༡༢། ༣༢༢ བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༢ ནས་ ༣༩༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།