ཟ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
དེ་ཡང་མངོན་པ་སྡེ་བདུན་གྱི་རིང་ལུགས་པ་དང་། གཉིས་སྟོང་གི་བཞེད་སྲོལ་རང་ལུགས་སུ་བཟུང་སྟེ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ་བཅས་ཀྱི་གྲུབ་མཐའི་གནད་རྣམས་མ་འདྲེས་པར་ཆེས་ཆེར་གསལ་བར་མཛད་པའི་སྒོ་ནས་སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པའི་དོན་ནི། ཆོས་མངོན་པ་སྡེ་བདུན་ཏེ། བྱེ་བྲག་སྨྲ་བས་དགྲ་བཅོམ་པ་སྡེ་བདུན་གྱིས་བཀའ་བསྡུ་བྱས་པའི་བཀའ་ཡིན་གསུངས་ཤིང་། མདོ་སྡེ་པས་དགྲ་བཅོམ་པ་བདུན་གྱིས་བརྩམས་པའི་བསྟན་བཅོས་ཡིན་གསུངས་པ་སྟེ། དེ་ཡང་དཀར་ཆག་འཕང་ཐང་མ་ལས[2]།
༡ ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །༢ གདགས་པའི་བསྟན་བཅོས་མོ་དགལ་བུས། །
༣ ཁམས་ཀྱི་ཚོགས་ནི་གང་པོས་བྱས། །༤ རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །
༥ ཡེ་ཤེས་ལ་འཇུག་ཀ་ཏའི་བུས། །༦ རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །
ཡང་དག་བགྲོ་བའི་རྣམ་གྲངས་ནི། །༧ གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །[3]
ཞེས་གསུངས་པ་ལྟར་མངོན་པ་སྡེ་བདུན་གྱི་རིང་ལུགས་དང་། གཉིས་སྟོང་གི་ལྟ་བ་སྟེ་གཟུང་འཛིན་གཉིས་པོ་རྫས་གཞན་གྱིས་སྟོང་པའི་དེ་ཁོ་ན་ཉིད་མཐར་ཐུག་པའི་ལྟ་བར་སྨྲ་བའི་སེམས་ཙམ་རྣམ་རིག་པའི་ལམ་སྲོལ་རང་ལུགས་སུ་བཟུང་ནས། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། རྣམ་རིག་པའམ་སེམས་ཙམ་པའི་གྲུབ་མཐའ་བཅས་ཀྱི་བཞེད་པའི་དགོངས་མཐིལ་དང་། བར་ཁྱད། གསང་གནད་སོགས་ཉི་མ་ལྟར་ཆེས་ཤིན་ཏུ་གསལ་བར་མཛད་པས། འཛམ་བུ་གླིང་འདིར་ཀུན་མཁྱེན་གཉིས་པར་གྲགས་པ་སྟེ། དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ་ལས[4]། ཇི་སྐད་དུ།
དགུ་བཅུ་གོ་དགུའི་འབུམ་སྡེའི་གཞུང་རྣམས་ཀྱིས། །
གང་གི་བློ་གྲོས་མགུལ་བར་རབ་བརྒྱན་ཅིང༌། །
འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །
མཁས་མཆོག་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །
ཞེས་དང་། གཞན་ཡང་བློ་སྦྱོང་དོན་བདུན་མའི་བརྒྱུད་འདེབས་ལས་ཀྱང་། ཀུན་མཁྱེན་གཉིས་པ་རྒྱལ་སྲས་དབྱིག་གི་གཉེན། །ཞེས་སོགས་གསུངས་པ་ལྟར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་མཁས་མཆོག་དབྱིག་གཉེན་ཞབས་ཀྱི་སྐུ་དྲིན་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༣༣
[2] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༦༧
[3] ཀློང་རྡོལ་བླ་མ་རིན་པོ་ཆེས། ༼ཀློང་རྡོལ་བླ་མ་རིན་པོ་ཆེའི་གསུང་འབུམ། གླེགས་བམ་དང་པོ། ཤོག་ ༥༤༥ ཕྲེང་ ༡༦༽ ༡ ཡེ་ཤེས་ལ་འཇུག་ཀཏྱའི་བུས། ། ༢ རབ་ཏུ་བྱེད་པ་དབྱིག་གཉེན་གྱིས། ། ༣ རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། ། ༤ ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། ། ༥ གདགས་པའི་བསྟན་བཅོས་མོའུ་དགལ་བུས། ། ༦ འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། ། ༧ ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་གོ་རིམ་དང་། རྐང་པ་མང་ཉུང་། ལྷག་པར་དབྱིག་གཉེན་དང་དབྱིག་བཤེས་གཉིས་བཅས་ཀྱི་ཁྱད་པར་ཆེ་བས་དཔྱད་དགོས་སོ།།
[4] རེད་མདའ་བའི་བསྟོད་ཚོགས། ༼ང༽ ཐོར་བུ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༨ན༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༩ ནས་ ༢༡༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།