༧༽ ལོ་ཙཱ་བ་ཡར་ལོ་གྲགས་པ་རྒྱལ་མཚན།
ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་མཆོག་ནི། (ཡར་ལོའམ་ཡར་ཀླུང་། ཡར་ལུངས་གྲགས་པ་རྒྱལ་མཚན།) ཕྱི་ལོའི་དུས་རབས་བཅུ་བཞི་པའི་དུས་འགོ་ཙམ་དུ་ཡར་ལུང་ལ་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། དགུང་ལོ་ཆུང་ངུའི་དུས་ནས་བོ་དོང་དགོན་པའི་ཆོས་སྒོར་ཞུགས་ཤིང་རབ་བྱུང་དང༌། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ།
མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པ་མཛད་ཅིང་བོ་དོང་དགོན་པའི་མཁན་པོ་མཛད། མངའ་རིས་གུ་གེ་རྒྱལ་པོ་ཁྲི་རྒྱལ་བསོད་ནམས་ལྡེའི་ (1371-1404) མཆོད་གནས་སུ་བཞུགས། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པར་སྦྱངས་ཏེ་བསྟན་བཅོས་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།
སྒྱུར་རྩོམ་ནི་བཀའ་འགྱུར་ལས། དཔལ་གཤིན་རྗེ་གཤེད་དམར་པོའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་དགུ་པ་དང་། བྱ་རྒྱུད། བསྟན་འགྱུར་ལས། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་དང༌། རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས་སོགས་ཆོས་ཚན་ཉིས་བརྒྱ་དོན་གཉིས་བཞུགས་ལ། ལྷག་པར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་རིགས་པ་ལ་འཇུག་པའི་སྒོ་ཞེས་བྱ་བའི་རབ་ཏུ་བྱེད་པ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བའོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༠ ནས་ ༣༩༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།