ཆ༽ དབྱིག་གཉེན་གྱི་གསུང་རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་རྒྱུ།

ཆ༽ རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་རྒྱུ།

 

གཞན་ཡང་རྒྱའི་བསྟན་འགྱུར་ལྟར་ན། ༡༽ འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་ཀྱི་བསྟན་བཅོས། 《六門陀羅尼經論》T21, No1361 དང་། ༢༽ རྡོ་རྗེ་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས། 《金剛般若波羅蜜經論》T25, No1511 དེ་ཡང་ཉམས་ཞིབ་པ་དག་གིས་སློབ་དཔོན་དབྱིག་གཉེན་གྱི་གསུང་འདི་དང་།

གོང་གསལ་ཐོགས་མེད་ཀྱི་གསུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་བསྟན་བཅོས། 應為No1514之同本異譯 འདི་གཉིས་ཀ་ཐོགས་མེད་ཀྱིས་མཛད་པའི་གསུང་གཅིག་ཡིན་ནའང་། བསྒྱུར་མི་འདྲ་བ་གཉིས་བྱུང་བས་ལོ་ཙཱ་བ་གཅིག་གིས་དབྱིག་གཉེན་གྱི་གསུང་ཡིན་པར་བཀོད་འདུག་པ་བཅས་སོ།།

༣༽ རྡོ་རྗེ་ལྷ། 《金剛仙論》T25, No1512 ༼འདི་དབྱིག་གཉེན་གྱི་མཚན་གཡར་བ་ཞིག་ཡིན་པར་བརྗོད་སྲོལ་ཡོད་འདུག༽ ༤༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་བསྟན་བཅོས་ཀྱི་འགྲེལ་པ། 《能斷金剛般若波羅蜜多經論釋》T25, No1513 ༥༽ འཕགས་པ་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བའི་མདོའི་ཆོས་བཞི་འགྲེལ་པ། 《寶髻經四法憂波提舍》T26, No1526 ༦༽ གདོད་མ་ནས་ཡོད་ཀྱང་ད་ལྟར་མེད་ཅེས་པའི་མྱང་འདས་མདོའི་ཚིགས་སུ་བཅད་པ། 《涅槃經本有今無偈論》T26, No1528 ༼གདོད་ནས་ཡོད་ཀྱང་ད་ལྟར་མེད། །ཅེས་པའི་ཚིགས་སུ་བཅད་པ་ཐོག་མའི་ཆ་ནས་མཚན་བཏགས་པ་ཡིན། མདོ་འདི་བོད་བསྒྱུར་གྱིས་བཀའ་འགྱུར་གྱི་མྱ་ངན་ལས་འདས་པའི་མདོའི་ནང་བཞུགས་ཡོད། བོད་བསྒྱུར་ནང་ཚིགས་རྐང་དེ་ཉིད་ཇི་བཞིན་ཡིན་མིན་དཔྱད་བསྡུར་ཞུ་དགོས།༽

༧༽ བཀའ་ཆེམས་མདོ་དང་བསྟན་བཅོས། 《遺教經論》T26, No1529 ༨༽ འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས། 《勝思惟梵天所問經論》T26, No1532 ༩༽ ཆོས་འཁོར་བསྐོར་བའི་མདོའི་འགྲེལ་པ། 《轉法輪經憂波提舍》T26, No1533 ༡༠༽ སྒོ་དྲུག་ནས་ཏིང་ངེ་འཛིན་བསླབ་པར་གདམས་པའི་བསྟན་བཅོས། 《六門教授習定論》T31, No 1607 ༡༡༽ སངས་རྒྱས་ཀྱི་རིགས། 《佛性論》T31, No1610 本論詳釋究竟一乘寶性論中第五至第七等三品,闡明一切眾生悉有佛性之義。༡༢༽ ཞི་ལྷག་ཆོས་སྒོའི་བསྟན་བཅོས་ཚིགས་སུ་བཅད་པ། 《止觀門論頌》T32, No1655 修不淨觀之法門也 ༡༣༽ བྱང་ཆུབ་སེམས་བསྐྱེད་ཀྱི་མདོ་དང་བསྟན་བཅོས། 《發菩提心經論》T32, No1659 བཅས་ཆོས་ཚན་བཅུ་གསུམ་པོ་རྣམས་དང་། ༡༤༽ གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་ཞིག་རྒྱ་འགྱུར་ཡོད་ཀྱང་། བོད་འགྱུར་མེད་ཚུལ་གོ་ཐོས་ལ་བརྟེན་དཔྱད་དགོས་ལ། གསུང་དེ་དག་ལེགས་སྦྱར་ནས་རྒྱའི་སྐད་དུ་བསྒྱུར་ནས་བཞུགས་ཡོད་ཀྱང་། བོད་བསྒྱུར་མེད་པ་རྣམས་སོ།།

གཞན་ཡང་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས[1]།

རང་སྡེ་སངས་རྒྱས་ཚད་མར་འཛིན། །དེ་ལ་སྔ་ཕྱི་རྣམ་པ་གཉིས། །

སྔ་མ་དབྱིག་གཉེན་ལེགས་ལྡན་སོགས། །དོན་ལ་འཁྲུལ་པ་མེད་མོད་ཀྱི། །

དབྱེ་བསྡུའི་ཁྱད་པར་འགའ་ཞིག་དང་། །བརྗོད་པའི་ཚུལ་ལ་ཁྱད་པར་ཡོད། །

སྔ་རབས་པའི་མཁས་པ་དེ་དག་དོན་ལ་འཁྲུལ་པ་མེད་མོད། འོན་ཀྱང་ཚད་མའི་གྲངས་དང་། ནང་གསེས་ཀྱི་དབྱེ་བསྡུ་དང་། བརྗོད་པའི་ཚུལ་ལ་ཁྱད་པར་ཡོད་དེ། མངོན་སུམ་དང་རྗེས་དཔག་དང་ལུང་གི་ཚད་མ་གསུམ་བཞེད་པ་དང་། སློབ་དཔོན་དབྱིག་གཉེན་རྩོད་པ་གྲུབ་པར་ལྟག་ཆོད་གསུམ་དུ་སྡུད་པ་དང་། སྒྲུབ་པའི་ངག་ཡན་ལག་ལྔ་ལྡན་དུ་མཛད་པའི་ལུགས་འཛིན་ཏོ། །ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་གྱི་རྩོད་པ་གྲུབ་པ་ཞེས་པའི་ཚད་མའི་བསྟན་བཅོས་མཛད་པར་གསུངས།

དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་དེབ་ཐེར་སྔོན་པོ་གསར་མ་ལས[2]། སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་ཚད་མའི་བསྟན་བཅོས་ནི། ༡༽ རྩོད་ཆོག་དང་། ༢༽ རྩོད་སྒྲུབ་དང་། ༣༽ རྩོད་པའི་སྙིང་པོ་དང་། ༤༽ རྟོག་གེའི་བསྟན་བཅོས་བཅས་ཡོད་ཀྱང་། རྩོད་པའི་སྙིང་པོའི་སྐོར་རྩ་བ་ནས་མི་ཤེས་ཀྱང་། རྩོད་ཆོག་དང་། རྩོད་སྒྲུབ་གཉིས་སློབ་དཔོན་ཕྱོགས་གླང་སོགས་ཀྱི་གཞུང་དུ་ལུང་འདྲེན་ཡོད་པའི་རྐྱེན་གྱིས་ཤེས་ཡོད། དེའི་སྐོར་མཁས་པ་ཨུ་ཨིས་ངོ་སྤྲོད་བྱས་ཡོད། ལྷག་པར་ཕོ་ལར་ཝར་ནས་དེ་གཉིས་ལ་ཉམས་ཞིབ་དཔྱིས་ཕྱིན་པ་དང་། རྟོག་གེའི་བསྟན་བཅོས་ཀྱི་ཆ་ཤས་ཀྱང་ཕྱོགས་གླང་གི་ཀུན་བཏུས་ནས་ཁ་བསྐང་ཡོད། རྟོག་གེའི་བསྟན་བཅོས་ཀྱི་གཞུང་ཚད་ལ་རྒྱ་ནག་གི་བན་ཆེན་པོའི་རྣམ་ཐར་ལྟར་ན། ཤླཽ་ཀ་ཉིས་སྟོང་བཞུགས་པར་གསལ་བ་ནི། ལོ་ཆེན་དོན་དམ་པས་བསྒྱུར་བའི་ད་ཡོད་རྟོག་གེའི་བསྟན་བཅོས་ནི་དེའི་དྲུག་ཆ་ཙམ་ལས་མེད། གཞུང་འདི་ཨི་ཊ་ལིའི་མཁས་པ་ཏུ་ཅིས་ལེགས་སྦྱར་དུ་བསྐྱར་གསོ་བྱས་ཡོད། རྟོག་གེའི་བསྟན་བཅོས་ཀྱི་ལེའུ་གཉིས་པར་ཚུལ་གསུམ་གྱི་རྣམ་གཞག་བཀོད་པ་ཞེས་ལན་གཉིས་སུ་གསལ་བར་མ་ཟད་ཕྱོགས་ཆོས་དང་། མཐུན་ཕྱོགས་ལ་ཡོད་པ་དང་། མི་མཐུན་ཕྱོགས་ལ་མེད་པ་ཞེས་གསལ་བ་ནི། གོང་གི་རྩ་ཤེའི་འགྲེལ་པའི་ཚུལ་གསུམ་འགྲེལ་བརྗོད་ལས་གསལ་ཁ་དོད་དུ་ཕྱིན་ཡོད། གོང་གི་རྒྱ་ནག་གཞུང་དེ་ཏུ་ཅིས་དང་། ཁ་ཚུ་རས་ལེགས་སྦྱར་དུ་བསྐྱར་གསོ་བྱས་ཡོད།

གཞན་ཡང་གཞུང་དེའི་ལེའུ་གཉིས་པར་ལྟག་ཆོད་བཅུ་དྲུག་གསལ་བའི་ཁྱད་ཆོས་ནི། རིགས་པའི་མདོར་ལྟག་ཆོད་ཉེར་བཞི་བཤད་པ་ལས་གྲངས་ཉུང་བ་དང་། ཕྱོགས་གླང་གི་ལྟག་ཆོད་བཅུ་བཞི་གསུངས་པ་ལས་གྲངས་མང་ངོ་། །ཞེས་གསལ་བ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚད་མའི་བསྟན་བཅོས་རྩོད་ཆོག་དང་། རྩོད་སྒྲུབ། རྩོད་པའི་སྙིང་པོ། རྟོག་གེའི་བསྟན་བཅོས་བཞི་མཛད་པར་གསུངས་ལ། འདི་དག་ཀྱང་བོད་བསྒྱུར་ཞུ་རྒྱུར་ལུས་ཡོད་པ་རྣམས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༤༤

[2] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༥༢༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༥ ནས་ ༣༢༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *