རྩོམ་པ་པོའི་སྔོན་གླེང་། ཀ༽ པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་ཚུལ།

རྩོམ་པ་པོའི་སྔོན་གླེང་།

ཀ༽ པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་ཚུལ།

 

ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་གྲགས་ཞི་བ་ལྷ། །

ཞི་འཚོ་པདྨའི་ངང་ཚུལ་ནཱ་ལེནྡྲའི། །ཟབ་མོ་ལྟ་བརྒྱུད་པཎ་གྲུབ་རྣམས་ལ་བསྟོད། །

ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས། །འཕགས་གྲོལ་སེང་བཟང་ཡོན་ཤཱཀ་རྣམ་གཉིས་དང་། །

ཟབ་རྒྱས་གདམས་པའི་མཛོད་འཛིན་ཨ་ཏི་ཤ །རྒྱ་ཆེན་སྤྱོད་རྒྱུད་པཎ་གྲུབ་རྣམས་ལ་བསྟོད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། དེ་ཡང་བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་ཕུལ་དུ་བྱུང་ཞིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ནི། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གིས་སྔར་ཡོད་རྒྱུན་འཛིན་དང་། སྔར་མེད་གསར་གཏོད་ཀྱི་ཐབས་ལམ་གཉིས་ཀྱི་ཐོག་ནས་སྲོལ་བཟང་བཏོད་པ་སྟེ། དེ་ཡང་དང་པོ། སྔར་ཡོད་རྒྱུན་འཛིན་ནི། དབུ་མའི་རྒྱན་གྱུར་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་འཕགས་པ་ལྷ་གཉིས། མངོན་པའི་རྒྱན་གྱུར་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གཉིས། ཚད་མའི་རྒྱན་གྱུར་སློབ་དཔོན་ཕྱོགས་གླང་དང་དཔལ་ལྡན་ཆོས་གྲགས་གཉིས། འདུལ་བའི་རྒྱན་གྱུར་སློབ་དཔོན་ཡོན་ཏན་འོད་དང་སློབ་དཔོན་ཤཱཀྱ་འོད་གཉིས་བཅས་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་སློབ་དཔོན་རྣམ་བརྒྱད་སྔར་ཡོད་རྒྱུན་འཛིན་མཛད་ཡོད།

གཉིས་པ། སྔར་མེད་གསར་གཏོད་ནི། གོང་གསལ་སྔར་ཡོད་རྒྱན་དྲུག་མཆོག་གཉིས་ཀྱི་པཎ་གྲུབ་ཞལ་གྲངས་བརྒྱད་ཀྱི་ཐོག་ཏུ་སྔར་མེད་པཎ་གྲུབ་ཞལ་གྲངས་དགུ་ཞལ་སྐོང་གནང་བ་རྣམས་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། སློབ་དཔོན་སེངྒེ་བཟང་པོ། འཕགས་པ་གྲོལ་སྡེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་དབུ་ཚད་འདུལ་མཛོད་ཀྱི་རྒྱན་གྱུར་སློབ་དཔོན་གཉིས་རེ་སྟེ། རྒྱན་དྲུག་མཆོག་གཉིས་ཀྱི་ཐོག་ཏུ་ཕར་ཕྱིན་གྱི་རྒྱན་གྱུར་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་བཅས་གཞུང་ཆེན་བཀའ་པོད་ལྔའི་རྒྱན་དུ་གྱུར་པའི་སློབ་དཔོན་གཉིས་རེ་སྟེ་བཅུ་དང་། རྨད་བྱུང་སློབ་དཔོན་གཉིས་ཀྱི་ཡ་གྱལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་སོགས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་ཡང་འགྲེལ་དང་བཅས་པ་མཛད་པ་པོ་དང་། དེ་དག་གི་རྒྱུད་འཛིན་པཎ་གྲུབ་གྲགས་ཅན་དགུ་གསར་སྣོན་ཞལ་སྐོང་མཛད་དེ་པཎ་གྲུབ་བཅུ་བདུན་ཞེས་སྲོལ་བཟང་གསར་གཏོད་གནང་སྟེ། ཕྱི་ལོ་ ༡༩༩༧ ལོར་སྐུ་ཐང་ཞལ་བཀོད་དང་། ཕྱི་ལོ་ ༢༠༠༡ ལོའི་ཟླ་བ་ ༡༢ ཚེས་ ༡༥ ཉིན་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་མཛད་པའོ།།

 

ཁ༽ པཎ་གྲུབ་བཅུ་བདུན་ལ་ཟབ་རྒྱས་ཀྱི་སྡེ་ཚན་གཉིས་སུ་དབྱེ་ཚུལ།

དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལམ་རིམ་བསྡུས་དོན་ལས[1]།

ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །

མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །

ཅེས་གསུངས་པ་ལྟར། ཟབ་རྒྱས་ཀྱི་སྡེ་ཚན་གཉིས་ཏེ། དབུ་མའི་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་དབུས་ཟབ་མོ་ལྟ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འཛིན་པཎ་གྲུབ་ཞལ་གྲངས་བརྒྱད་དང་། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ཀྱིས་དབུས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་ཤིང་རྟའི་སྲོལ་འཛིན་པཎ་གྲུབ་ཞལ་གྲངས་བརྒྱད། ཟབ་རྒྱས་གཉིས་ཀའི་གདམས་ངག་ཡོངས་རྫོགས་གང་ཟག་གཅིག་ལ་མངའ་བ་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བཅས་ཟབ་རྒྱས་ཀྱི་རྒྱུད་འཛིན་སྡེ་ཚན་གཉིས་སུ་ཕྱེ་གནང་གིས་འཕགས་བོད་ཀྱི་ཡུལ་དུ་རྒྱན་དྲུག་མཆོག་གཉིས་ལས། པཎ་གྲུབ་བཅུ་བདུན་ཞེས་པའི་ཐ་སྙད་འདི་ཉིད་སྔར་མ་གྲགས་ཀྱང་། འདི་དག་རྒྱལ་བསྟན་སྤྱི་བྱེར་མཛད་རྗེས་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་བས་གསར་བཏོད་ཀྱིས་འབུར་དོད་དུ་གསལ་སྟོན་མཛད་པ་ཞིག་ཡིན།

དེ་ཡང་དང་པོ་ཟབ་མོ་ལྟ་བརྒྱུད་ཀྱི་རིམ་པའི་པཎ་གྲུབ་བརྒྱད་ནི། ༡ དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ༢ རྒྱལ་སྲས་འཕགས་པ་ལྷ། ༣ སློབ་དཔོན་སངས་རྒྱས་བསྐྱངས། ༤ སློབ་དཔོན་ལེགས་ལྡན་འབྱེད། ༥ དཔལ་ལྡན་ཟླ་བ་གྲགས་པ། ༦ རྒྱལ་སྲས་ཞི་བ་ལྷ། ༧ མཁན་ཆེན་ཞི་བ་འཚོ། ༨ སློབ་དཔོན་ཀ་མ་ལ་ཤཱི་ལ་བཅས་བརྒྱད་དོ།།

གཉིས་པ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་རིམ་པའི་པཎ་གྲུབ་བརྒྱད་ནི། ༩ འཕགས་པ་ཐོགས་མེད་དང་། ༡༠ སློབ་དཔོན་དབྱིག་གཉེན། ༡༡ སློབ་དཔོན་ཕྱོགས་གླང་། ༡༢ དཔལ་ལྡན་ཆོས་གྲགས། ༡༣ འཕགས་པ་གྲོལ་སྡེ། ༡༤ སློབ་དཔོན་སེངྒེ་བཟང་པོ། ༡༥ སློབ་དཔོན་ཡོན་ཏན་འོད། ༡༦ སློབ་དཔོན་ཤཱཀྱ་འོད་བཅས་པཎ་གྲུབ་བརྒྱད།

དེ་ལྟར་ཟབ་རྒྱས་གཉིས་ཀའི་གདམས་པ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་མངའ་བའི་པཎྜི་ཏ་གཅིག་སྟེ། ༡༧ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ཐོག་ཏུ་པཎ་གྲུབ་ཞལ་གྲངས་དགུ་གསར་དུ་བསྣན་ཏེ་ཟབ་རྒྱས་གཉིས་ཀྱི་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་བསྟན་བཅོས་མཛད་པ་པོ་པཎ་གྲུབ་བཅུ་བདུན་ཞེས་སྲོལ་བཟང་བཏོད་པའོ།།

དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༤༠༠ འདས་རྗེས་པཎ་གྲུབ་བཅུ་བདུན་གྱི་ཐོག་མ་མགོན་པོ་ཀླུ་སྒྲུབ་བྱོན་པ་དང་། པཎ་གྲུབ་བཅུ་བདུན་གྱི་མཐའ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་ཕྱི་ལོ་  ༩༨༢ ནས་ ༡༠༥༤ བར་ཏེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༡༥༠༠ ཙམ་སོང་བའི་དུས་སྐབས་སུ་བྱོན་པས་ན། པཎ་གྲུབ་བཅུ་བདུན་རྣམས་ཕྱི་ལོའི་དུས་རབས་ ༣ པ་ནས་དུས་རབས་ ༡༡ པའི་བར་བྱོན་པའི་པཎ་གྲུབ་ཞལ་གྲངས་ ༡༧ ཆགས་ཡོད། པཎ་གྲུབ་དེ་དག་ལའང་ཟབ་རྒྱས་ཀྱི་ཆ་ནས་ཟབ་མོ་ལྟ་བརྒྱུད་དང་། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་རྣམ་གཉིས་དང་། དེ་དག་གི་རྒྱུད་འཛིན་བཅས་པཎ་གྲུབ་བཅུ་བདུན་དུ་གྲངས་ངེས་མཛད་པས་པཎ་གྲུབ་བཅུ་བདུན་ཞེས་ཡོངས་སུ་གྲགས་པ་འདི་ལྟར་རོ།།

 

ག༽ པཎ་གྲུབ་བཅུ་བདུན་གསར་གཏོད་མཛད་པའི་རྒྱུ་རྐྱེན་དང་དགོས་དམིགས།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[2]། ཐོག་མར་དེ་ལྟར་བསྒྲིགས་དགོས་པའི་རྐྱེན་གཅིག་ནི། ཡོངས་གྲགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པ་མེད་པས་དེ་ཉིད་ངེས་པར་དུ་དགོས་ཀྱི་འདུག་སྙམ་པ་ཞིག་བྱུང་ལ། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱང་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད་པས། དེ་ཡང་ངེས་པར་དུ་དགོས་པ་ཞིག་ཡིན། དེ་མཚུངས་སློབ་དཔོན་ལེགས་ལྡན་འབྱེད་དང་། རྒྱལ་སྲས་ཞི་བ་ལྷ་ཡང་མེད་པས་དེ་དག་ཀྱང་ངེས་པར་དགོས་པ་ཞིག་ཡིན། རྒྱུ་མཚན་གཙོ་བོ་དེ་དག་ཡིན།

དེ་ལྟར་བྱས་ཏེ་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ཁ་སྐོང་བྱེད་སྐབས་འཕགས་པ་ཐོགས་མེད་ཀྱི་ཤེར་ཕྱིན་གྱི་འགྲེལ་མཛད་རྣམས་ལ་མཚོན་ནའང་། སྣང་བ་རྣམ་གཉིས་ཞེས་ཉི་སྣང་དང་། རྒྱན་སྣང་གཉིས་པོ་ནི་ཕར་ཕྱིན་སློབ་གཉེར་བྱེད་མཁན་རྣམས་ཀྱི་གཞུང་ལུགས་གཙོ་བོ་གཉིས་ཡིན་ཅིང་། དེ་དག་མཛད་པ་པོ་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་རྣམ་གཉིས་ནམ་རྒྱུན་ཡོངས་སུ་གྲགས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་མེད། དེ་དག་ཀྱང་དགོས་ཀྱི་འདུག་སྙམ་པའི་ཐོག་ནས་པཎ་གྲུབ་བཅུ་བདུན་རྣམས་རིམ་པར་བསྒྲིགས་དོན་དེ་ལྟར་ཡིན།

དེ་བཞིན་མཁན་ཆེན་ཞི་འཚོ་ཡབ་སྲས་གཉིས་ལ་ཆ་མཚོན་ནའང་། དངོས་གནས་མཁས་པའི་དབང་པོ་ཡིན་ཅིང་། ཚད་མའི་གཞུང་གི་ལེགས་བཤད་རྨད་དུ་བྱུང་བ་འཇོག་པ་གནང་མཁན་ཞིག་ཀྱང་ཆགས་ཡོད། ཇོ་བོ་རྗེ་དང་བཅས་པ་པཎ་གྲུབ་འདི་དག་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཕྱག་རྗེས་ཆེ་ལ། ལྷག་པར་བོད་གངས་ཅན་གྱི་ལྗོངས་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཆེ་ཞིང་བཀའ་དྲིན་བླ་ལྷག་ཏུ་ཆེ་བས། རྒྱན་དྲུག་མཆོག་གཉིས་ཀྱི་ཐོག་ཏུ་པཎ་གྲུབ་གཞན་དགུ་པོ་རྣམས་ཁ་སྣོན་བྱེད་ཐུབ་ན་ཧ་ཅང་ཡག་པོ་ཡོང་ངེས་སྙམ་ནས་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འབྲི་རྩོམ་བྱས་པ་ཡིན། དེ་དང་ཆབས་ཅིག་པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་ཞིག་ཀྱང་བཟོ་སྐྲུན་བྱས་པ་ཡིན། ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་པའི་ཆོས་འདི་ནཱ་ལེནྡྲའི་པཎ་གྲུབ་མཁས་དབང་དེ་དག་ལ་ཁུངས་གཏུགས་ནས་བྱུང་བ་ཤེས་དགོས་པ་ཞིག་ཡིན། ཞེས་གསུངས་པ་ལྟར་རོ།།

དེ་ཡང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[3]། མདོར་ན། རྩ་བའི་གཞུང་ལུགས་རྣམས་ཁུངས་གཏུགས་ན། ས་དགེ་བཀའ་རྙིང་མི་འདྲ་བ་ཐོན་ས་དེ་ཕལ་ཆེར་རྒྱུད་སྡེའི་ནང་ནས་མི་འདྲ་བ་ཐོན་ཡོང་གི་ཡོད་པ་ལས། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཁུངས་གཏུག་སྐབས། ཚང་མ་གཅིག་གྱུར་ཡིན་སྟབས། འདི་ལའང་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་འདུག །བོད་ཀྱི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན་པ་ཤེས་པ་ཞིག་དང་། བོད་པ་ནང་ཁུལ་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱང་རྩ་བའི་གཞུང་ལ་གཏུགས་ན་ཚང་མ་གཅིག་གྱུར་གྱི་ཐོག་ཏུ་འགྲོ་བཞིན་ཡོད། དེ་དག་ལ་གནད་འགག་ཆེན་པོ་འདུག་པས། ངོས་ནས་པཎ་གྲུབ་བཅུ་བདུན་ཞེས་ལོགས་སུ་ཕྱེ་ནས་བརྗོད་དགོས་དོན་འདི་ལྟར་ཡིན།

དེ་ལྟར་བརྗོད་དགོས་པར་རྒྱུ་མཚན་གཉིས་ཡོད་པ་ལས། དང་པོ་ནུབ་ཕྱོགས་པ་ཁག་གཅིག་གིས་བརྗོད་པའི་བོད་ཀྱི་ཆོས་བརྒྱུད་དེ་དག་རང་བཟོ་བྱས་པའི་བླ་མའི་ཆོས་ལུགས་རེད་ཅེས་ཟེར་བ་ལྟར་མིན་པ་གསལ་སྟོན་བྱ་ཆེད་དང་། གཉིས་པ་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་ཁག་ཕན་ཚུན་བར་ཕྱོགས་རིས་མེད་པར་ཕན་ཚུན་གུས་བརྩི་དང་། ཆོས་བརྒྱུད་ཚང་མ་ཞི་མཐུན་མཉམ་གནས་ཡོང་རྒྱུ་བཅས་ཀྱི་དགོས་པ་དང་དགེ་མཚན་ཆེན་པོ་གཉིས་ཡོད།

དེ་མིན་གོང་ཞུས་ལྟར་བོད་ཀྱི་ཆོས་བརྒྱུད་ཚང་མ་རྒྱ་གར་གྱི་མཁས་པ་རྣམས་ལ་ཁུངས་གཏུགས་པ་ཞིག་ཡིན་པར་མ་ཟད། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པ་ལ་གཏུགས་པ་དང་། རྒྱ་གར་གྱི་གྲུབ་ཆེན་སོ་སོར་གཏུགས་པ་ཤ་སྟག་ཆགས་ཡོད། དེར་བརྟེན་སྐབས་བབ་བོད་གངས་ཅན་ལྗོངས་ལ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་པ་ཞེས་བརྗོད་ན་ཧ་ལམ་ཕྱི་ནང་གི་ཁྱད་པར་རྩོད་པ་ལྟར་དང་། གསར་མ་དགེ་ལུགས་པ་ལྟ་བུས་བལྟས་ན། ཁོ་རྙིང་མ་རེད་ཅེས་ཕར་ཙམ་དེར་འཇོག་པ་དང་། སྔ་འགྱུར་རྙིང་མའི་ཕྱོགས་ནས་ཁོ་དགེ་ལུགས་པ་རེད། ཉམས་ལེན་དེ་ཙམ་ཨེ་ཡོད་ཅེས་བརྗོད་པ་ལྟ་བུ་ཡོང་གི་ཡོད། དེས་ན་ང་རང་ཚོ་ཆོས་བརྒྱུད་ཕན་ཚུན་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན།

མཐུན་ལམ་ཞེས་པ་དེ་ཆབ་སྲིད་ཀྱི་དགོས་མཁོའི་ཆ་ནས་མཐུན་ལམ་བྱེད་དགོས་ཞེས་བརྗོད་ཀྱི་མེད། ཆོས་ཕྱོགས་ནས་བརྗོད་ཀྱང་མཐུན་པོ་བྱེད་དགོས། དེ་ཡང་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཡིན་ལ། དཔལ་ནཱ་ལེནྡྲའི་མཁས་པ་ནས་བརྒྱུད་པ་གཅིག་པ་དང་། ཚང་མ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བ་གཅིག་པ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཡིན་པ་གཅིག་པ། ཚེ་གཅིག་ལུས་གཅིག་ལ་སྒོ་གསུམ་གྱིས་ཚོགས་བསགས་ཐུབ་ན་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་གཅིག་གྱུར་ཡིན་པས། མི་མཐུན་པའི་རྒྱུ་མཚན་གང་ཡང་མེད། དེར་བརྟེན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་དང་། རིས་མེད་ཀྱིས་འདོན་རྒྱུའི་ཆེད་ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་བཅས་འབྲི་རྩོམ་བྱེད་དགོས་པའི་རྒྱུ་མཚན་འདི་ལྟར་རེད། དེ་ལྟར་ང་རང་ཚོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་ས་དགེ་བཀའ་རྙིང་ཚང་མ་ནང་པ་གཅིག་གྱུར་ཆགས་ཡོད། ཅེས་གསུངས་པ་ལྟར་རོ།།

མདོར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་གྲུབ་བཅུ་བདུན་ཞེས་སྲོལ་བཟང་བཏོད་གནང་གིས་གསོལ་འདེབས་ལྗགས་རྩོམ་དང་། སྐུ་ཐང་ལྗགས་བཀོད་སོགས་གནང་བའི་དགོས་དམིགས་གཙོ་བོ་ནི། བོད་ཀྱི་ཆོས་བརྒྱུད་འདི་བླ་མའི་ཆོས་ལུགས་མིན་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་ཤེས་རྟོགས་ཐུབ་སླད་དང་གཅིག །ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་མཐུན་ལམ་འོ་ཆུ་གཅིག་ཏུ་འདྲེས་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་ཡོང་ཐབས་དང་གཉིས་པོ་འདི་ཆགས་ཡོད།

གཞན་ཡང་རིས་མེད་བཤད་གྲྭ་ཁག་གི་སློབ་གཉེར་བྱ་རྒྱུའི་གཞུང་ལུགས་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་མཛད་པ་ཤ་སྟག་ལྟ་བུ་ཡིན་པས། བོད་བརྒྱུད་ནང་བསྟན་གྱི་འབྱུང་ཁུངས་གཙོ་བོ་དཔལ་ནཱ་ལེནྡྲར་ཐུག་པ་དང་གསུམ། གལ་གནད་ཅན་གྱི་པཎ་གྲུབ་དུ་མ་ཞིག་སྔར་ཡོད་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་ཚུད་མེད་པ་དང་བཞི། ལྷག་པར་བོད་བརྒྱུད་ནང་བསྟན་འདི་ཉིད་བསམ་པའི་སྒོ་ནས་ཐེག་པ་ཆེ་ཆུང་དང་། ཤེས་རབ་ཀྱི་ཆ་ནས་གྲུབ་མཐའ་བཞི་བཅས་ཆ་ཚང་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་ལུགས་ནང་དུ་ཡོད་སྟབས་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ལ་རྒྱུས་མངའ་བྱས་ཚེ། བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན་པ་ཤེས་ཐུབ་པ་དང་ལྔ། ཡང་སྒོས་བོད་བརྒྱུད་ནང་བསྟན་ནི། རྒྱ་གར་འཕགས་པའི་ཡུལ་གྱི་མེས་པོ་གོང་མ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལྟ་གྲུབ་ཟབ་བརླིང་ལྡན་པ་ཞིག་ཡིན་པ་དང་དྲུག །དེ་ཡང་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་ཆོས་བརྒྱུད་ཅིག་ཡིན་པ་དང་བདུན། ལྷག་པར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་ནི་རྣམ་དཔྱོད་ཕུལ་དུ་བྱུང་བ་ཤ་སྟག་ཡིན་པར་མ་ཟད། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་མངའ་དབང་འབྱོར་བ་ཞིག་ཀྱང་ཡིན་པ་མཐོང་ཐུབ་པ་དང་བརྒྱད་བཅས་གལ་ཆེའི་དགོས་པ་དང་། རྒྱུ་མཚན་འདི་དག་ལ་གཟིགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་གྲུབ་བཅུ་བདུན་ཞེས་སྲོལ་བཏོད་བཀའ་དྲིན་བསྐྱངས་པའོ།།

 

ང༽ པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ལྗགས་བཀོད་ཇི་ལྟར་མཛད་ནས་བཞེངས་ཚུལ།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[4]། རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས་མཁའ་མཉམ་མ་སོགས་སྔར་ནས་བོད་ལ་ཡོད་ཅིང་། དེའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། འཕགས་པ་གྲོལ་སྡེ་ལ་སོགས་པ་རྣམས་ཚུད་མེད། སློབ་དཔོན་དེ་དག་གི་གཞུང་ལུགས་རྣམས་ལ་ང་ཚོས་འཆད་ཉན་ཤུགས་ཆེ་བྱེད་བཞིན་ཡོད། དེ་དག་ཡོད་པའི་ཐོག་ནས་མཐའ་མ་པཎ་གྲུབ་བཅུ་བདུན་ལ་གཏན་འཁེལ་བ་ཞིག་ཡིན། དེ་དག་གི་ནང་དུ་མཛོད་འགྲེལ་མཛད་པ་པོ་[5]སོགས་པཎ་གྲུབ་མང་པོ་ཞིག་འདི་ཁོངས་ཚུད་མེད་ཀྱང་། འདིར་གཙོ་བོ་ཟབ་རྒྱས་ཀྱི་གདམས་པ་གཙོ་བོར་གསུང་མཁན་རྣམས་ངོས་ཀྱིས་སྣོན་མ་བརྒྱབ་པ་སྟེ། ཀླུ་སྒྲུབ་ཀྱི་རྗེས་འབྲང་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨའི་ངང་ཚུལ་བཅས་དང་། འཕགས་པ་ཐོགས་མེད་ཀྱི་རྗེས་འབྲང་སྟེ། མངོན་རྟོགས་རྒྱན་གསུང་མཁན་གྱི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་འཕགས་པ་གྲོལ་སྡེ་ལ་སོགས་པ་སྟེ། སློབ་དཔོན་སེངྒེ་བཟང་པོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་འབྲི་སྲོལ་སྔར་ནས་ཡོད་མུས་ཐོག །ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་། ཞེས་གསུངས་པ་ལྟར་རོ།།

དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཕྱི་ལོ་གང་ལ་ཐོག་མར་འབྲི་བཞེངས་གནང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྗགས་བཀོད་ཀྱི་བཀའ་བཟང་ཇི་ལྟར་ཕེབས་མིན་ཐད་ཨོ་ཤོད་ལྷ་བྲིས་དབུ་ཆེན་སྐལ་བཟང་བློ་གྲོས་ལགས་སུ་བཀའ་འདྲི་ཞུས་པར། ཕྱི་ལོ་ ༡༩༩༦ ལོར་ཨོ་ཤོད་དབུ་ཆེན་སྐལ་བཟང་བློ་གྲོས་ལགས་དང་། ཁོང་གི་ཡབ་དང་གཅེན་པོ་དམ་པ་གཉིས་བཅས་གཟིམ་ཆུང་མཇལ་ཁར་བཅར་བའི་སྐབས་ཤིག་ཏུ་མགོན་པོ་གང་ཉིད་ནས་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་གསར་བཞེངས་གནང་བཞེད་ཀྱི་དགོངས་གཞི་དང་བཅས་པཎ་གྲུབ་བཅུ་བདུན་གྱི་ཞལ་ཐང་འབྲི་བཞེངས་དགོས་པའི་བཀའ་བཟང་སྤྱི་བོའི་མཛེས་རྒྱན་དུ་ཕེབས་པ་ལྟར་རིང་མིན་པཎ་གྲུབ་རྣམས་ཀྱི་བཞུགས་སྟངས་དང་བཅས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྗགས་བཀོད་མཛད་པ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་རྟ་ར་བ་དགེ་སློང་བསྟན་འཛིན་ཆོས་ཉིད་ལགས་བརྒྱུད་གསོལ་སྩལ་གནང་བ་ལྟར་འབྲི་བཞེངས་ཞུས་ཏེ་ཕྱི་ལོ་ ༡༩༩༧ ལོར་མགོན་པོ་གང་ཉིད་ལ་སྤྱན་འབུལ་ཞུས་པར་རྒྱལ་སྲས་ཞི་བ་ལྷ་དང་། མཁན་ཆེན་ཞི་བ་འཚོ་རྣམ་གཉིས་གཡས་གཡོན་གྱི་བཞུགས་སྟངས་ལ་འགྱུར་བ་གཏོང་གནང་གིས་བསྐྱར་དུ་ལྗགས་བཀོད་མཛད་པ་ལྟར། པཎ་གྲུབ་བཅུ་བདུན་གྱི་ཕྲེད་ཐང་དེ་ཉིད་ཐོག་མར་གསར་བཞེངས་ཞུས་ནས་ཕྱི་ལོ་ ༡༩༩༧ ལོར་ཡོངས་སུ་ལེགས་པར་གྲུབ་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་པ་ཡིན། ཞེས་གསུངས་པ་ལྟར། སྐུ་ཐང་དེ་ཉིད་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཐོག་མ་དེ་ཡིན།

དེ་རྗེས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་བཞུགས་ཁྲིའི་རྒྱབ་ངོས་སུ་སྣུམ་ཚོན་རི་མོ་ལས་བཞེངས་པའི་སྔར་ཡོད་རྒྱན་དྲུག་མཆོག་གཉིས་ཐོག་པཎ་གྲུབ་ཞལ་གྲངས་དགུ་པོ་རྣམས་ཀྱང་གསར་བཞེངས་གནང་བ་ནས་བཟུང་སྲོལ་རྒྱུན་གྱི་སྐུ་ཐང་དང་། དེང་དུས་སྣུམ་ཚོན་རི་མོ་ཅན་གྱི་པཎ་གྲུབ་བཅུ་བདུན་གྱི་སྣང་བརྙན་བཞེངས་སྲོལ་རྒྱ་ཁྱབ་ཏུ་དར་འཕེལ་ཤུགས་ཆེ་བྱུང་ཡོད།

དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་འབྲི་སྲོལ་ལྗགས་བཀོད་དང་བཅས་སྲོལ་བཟང་བཏོད་པ་ནས་བཟུང་སྟེ། པཎ་གྲུབ་བཅུ་བདུན་ཞེས་པའི་ཐ་སྙད་འདི་ཉིད་ཤིན་ཏུ་གྲགས་ཆེ་བར་གྱུར་ལ། དེ་བཞིན་སྐུ་ཐང་འབྲི་བཞེངས་གནང་སྲོལ་ཡང་གཞིས་བྱེས་གཉིས་དང་། འཛམ་གླིང་ཤར་ནུབ་གང་སར་དར་ཁྱབ་ཤུགས་ཆེ་བྱུང་བར་མ་ཟད། ལྷག་པར་བོད་བརྒྱུད་ནང་བསྟན་འདི་ཉིད་ཀྱང་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཞིག་ཡིན་པར་ངོས་འཛིན་དང་། འཛམ་གླིང་ཀུན་ལ་ཡོངས་ཁྱབ་ཏུ་གྲགས་ཤིང་གྲུབ་པ་ཞིག་ཏུ་གྱུར་པ་འདི་དག་ནི་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། མཛད་པ་འཕྲིན་ལས། ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཞིག་ཡིན་ནོ།།

 

ཅ༽ པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཕྱོགས་སྒྲིག་གི་ལས་འཆར།

དེ་ཡང་ཐོག་མའི་ལས་འཆར་ལྟར་ན། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་པར་སྐྲུན་ཞུ་རྒྱུ་ལས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཞུ་རྒྱུ་སོགས་ཀྱི་ལས་འཆར་མེད་མོད། འོན་ཀྱང་རྫོགས་ཆེན་རྒྱལ་སྲས་གཞན་ཕན་མཐའ་ཡས་ (1800-1855) ཀྱིས་མཛད་པའི་གསང་བ་སྙིང་པོའི་འགྲེལ་པ་ཀུན་བཟང་ཐུགས་ཀྱི་ཏི་ཀར་[6]དྲངས་པའི་རྣ་བརྒྱུད་ལུང་གི་ཕྲེང་བ་ལས།

རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །

ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། །

ཞེས་གསུངས་ལ། དེ་བཞིན་ཞེ་ཆེན་རྒྱལ་སྲས་འགྱུར་མེད་པདྨ་རྣམ་རྒྱལ་ (1871-1926) གྱིས་མཛད་པའི་སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པར་[7]དྲངས་པའི་རྒྱུད་ཉི་ཟླ་ཁ་སྦྱོར་ལས་ཀྱང་།

ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །

ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །

ཞེས་གསུངས་པ་ལྟར། སྐལ་ལྡན་ཡིད་ཆེས་སྐྱེད་པའི་ཕྱིར་ལོ་རྒྱུས་བཤད་དགོས་པ་གནད་ཀྱི་དོན་པོ་ཡིན་ཅིང་། རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས[8]། ལོ་རྒྱུས་འདི་དེ་འདྲ་གལ་ཆེ་བར་སྨྲ་བའི་དགོས་པ་དང་རྒྱུ་མཚན་གང་ཡིན་ཞེ་ན། དེ་ཡང་སྲིད་པ་རྒན་པོའི་གཏམ་དཔེ་ལ།

ལོ་རྒྱུས་ཀྱི་ཚིག་གསུམ་མ་གོ་ན། །ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས། །

ཞེས་གྲགས་པ་ལྟར། འཇིག་རྟེན་གྱི་སྐྱེས་བུ་གང་ཞིག་གིས་རང་གི་ཕ་ངོ་མ་ཤེས་ན། མི་ཀུན་གྱིས་ཕ་མེད་བྱིས་པ་དྭ་ཕྲུག་ལྟ་བུ་ཞེས་འཕྱ་དམོད་བྱེད་པ་བཞིན། གོ་ལའི་ཁྱོན་གྱི་མི་རིགས་གང་ལ་མཚོན་ནའང་རང་ཉིད་ཀྱི་ཡབ་མེས་དག་གི་རིགས་རྒྱུད་རྣམས་གང་ལས་བྱུང་བ་དང་། ཇི་ལྟར་བྱུང་བ་དང་། ཡང་ན་ཁོང་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་དང་། ཉམས་མྱོང་སྟོབས་ཤུགས་སམ་ལེགས་ཉེས་བླང་དོར་སོགས་ཀྱི་བློ་གྲོས་གང་འདྲ་ཞིག་ལྡན་པ་རྣམས་མ་ཤེས་ན། མ་མཐར་ཡང་དེང་དུས་ཀྱི་མི་རིགས་མང་པོའི་གྲས་སུ་ཚུད་དཀའ་བར་སྣང་བ་ལྟ་བུའོ། །ཞེས་གསུངས་པ་ནི་བདེན་པའི་གཏམ་དུ་སྣང་ངོ་།།

སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་ལས[9]།

གལ་ཏེ་སྒྲ་དོན་སྣང་བ་ནི། །འཁོར་བའི་བར་དུ་མི་གསལ་ན། །

འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །

ཞེས་གསུངས་པ་ལྟར། པཎ་གྲུབ་བཅུ་བདུན་རྣམས་ཀྱི་གསང་གསུམ་གྱི་མཛད་འཕྲིན་མཚོན་པའི་རྣམ་ཐར་འབྲི་རྩོམ་ཕྱོགས་བསྒྲིགས་མ་ཞུས་ཚེ། ཕྱི་རབས་པ་རྣམས་ལ་གསལ་བར་མི་འགྱུར་བས། དེའི་ཕྱིར་རྗེས་སུ་ཡི་རང་བའམ། ཡང་ན་ལེགས་ཉེས་ཀྱི་དཔྱད་བརྗོད་བྱེད་པའི་སྐབས་མེད་པར་འགྱུར་ངེས་པས། རྣམ་ཐར་དག་ཀྱང་ཡིག་འཇོག་བྱེད་ཐུབ་པ་ཞིག་དང་། ཡིག་འཇོག་བྱས་པའི་ཕན་ཡོན་ནི། སྙན་ངག་མེ་ལོང་མ་དེ་ཉིད་ལས[10]།

སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །

དེ་ཉིད་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །

ཞེས་གསུངས་པ་ལྟར། དངོས་བྱུང་གི་རྣམ་ཐར་ཡིག་འཇོག་བྱས་པ་རྣམས་ཇི་སྲིད་དུ་ཡི་གེའི་ཕུང་པོ་མ་ཉམས་པར་གནས་པ་དེ་སྲིད་དུ་ཉམས་པ་མེད་པར་གནས་ཐུབ་པར་བརྟེན། པཎ་གྲུབ་རྣམས་ཀྱི་རྣམ་ཐར་དག་ཀྱང་ལོ་རྒྱུས་ཀྱི་དེབ་ཐེར་ནང་གསལ་བར་བྱ་རྒྱུ་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་གི་ལེའུ་གལ་ཆེན་ཞིག་ཆགས་ཡོད་པར་མ་ཟད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་གྱི་བཀའ་བཟང་སྤྱི་བོའི་མཛེས་རྒྱན་དུ་ཕེབས་གསལ[11]། སྐབས་འདིར་དྲན་ཐོག་ཏུ་བརྗོད་འདོད་པ་ཞིག་ལ། པཎ་གྲུབ་རྣམས་ཀྱིས་གཞུང་གང་དང་གང་ཞིག་མཛད་ཡོད་པ་རྣམས་ཕྱོགས་སྒྲིག་བྱེད་བཞིན་ཡོད་སྟབས། པཎ་གྲུབ་བཅུ་བདུན་གྱི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་དང་བཅས་པ་ཁ་གསལ་ཞིབ་འཇུག་གིས་རྣམ་ཐར་ཕྱོགས་སྒྲིག་བྱེད་དགོས་པ་ཞིག་རེད་འདུག །ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་སོགས་ཡིག་ཆ་ཞིག་བཟོས་ཟིན་ཡོད། དེའི་ཐོག་པཎ་གྲུབ་རྣམས་ཀྱི་འཁྲུངས་ཡུལ་དང་། དགུང་ལོ་ཇི་ཙམ་བཞུགས་མིན་སོགས་ལ་བཞེད་ཚུལ་མི་འདྲ་བ་ཡོད་པ་རྣམས་དགོས་མཁོ་ཆེ་བས་བཀོད་ན་སྙམ་པ་ཞིག་བྱུང་། ང་ཚོས་ནམ་རྒྱུན་མགོན་པོ་ཀླུ་སྒྲུབ་ནི།

བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་སྟེ། །

དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །

ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །

ཞེས་སོགས་ལུང་དྲངས་ནས་ཀླུ་སྒྲུབ་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པ་རེད་ཅེས་བརྗོད་པ་ཙམ་ལས་ཞིབ་ཕྲ་གང་ཡང་ཤེས་ཀྱི་མེད། དེས་ན་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ཅུང་ཟད་ཞིབ་ཚགས་བཀོད་ཐུབ་ན་དགེ་མཚན་ཆེ་བ་ཡོང་ངེས་རེད་འདུག །ཅེས་ལམ་སྟོན་སྤྱི་ཕེབས་ལྟར། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་དང་ཆབས་ཅིག་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་ཞེས་པ་འདི་ཉིད་ཕྱོགས་བསྒྲིགས་ཞུས་པ་ཡིན།

ལྷག་པར་ནང་པ་སངས་རྒྱས་པའི་བསྟན་པ་ངོམས་སུ་ཆོག་པ་འདི་ཉིད་སྔོན་གྱི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་ཀྱིས་བསྟན་པ་དང་རང་སྲོག་རྒྱན་དུ་བཙུགས་ནས་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་བྱུང་བ་ཞིག་ཡིན་པ་ལས། པཎ་གྲུབ་ཉི་ཟླ་དང་མཚུངས་པ་དེ་དག་སྐྱིད་ཉལ་དང་སོས་དལ་བག་ཕེབས་སུ་བཞུགས་པའི་ཐོག་ནས་བྱུང་བ་ཞིག་མིན་པ་པཎ་གྲུབ་དེ་དག་གི་རྣམ་ཐར་དག་ལས་ཤེས་ནུས་ལ། ལྷག་པར་ནཱ་ལེནྡྲའི་རིང་ལུགས་ནི། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་སྐབས་གཙོ་བོར་སྟོན་པ་ཉིད་ཀྱི་ལུང་དང་། ལྷག་པར་དྲི་མ་མེད་པའི་རིགས་པ་གཉིས་ལས། གཙོ་བོ་རིགས་པའི་ལམ་ནས་ཡིན་ལུགས་གཏན་ལ་འབེབས་པ་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་པཎ་གྲུབ་རྣམས་ཀྱི་ལེགས་བཤད་ཀྱི་བསྟན་བཅོས་དང་། གསང་གསུམ་གྱི་རྣམ་ཐར་ལས་ཀྱང་གསལ་བར་མཁྱེན་པར་འགྱུར་རོ།།

དེས་ན་ཞང་ཞུང་པ་བཤེས་གཉེན་དཔལ་འབྱོར་བཟང་པོས་ (1552-?) མཛད་པའི་ཆོས་འབྱུང་མཁས་པའི་ཡིད་འཕྲོག་ལས[12]། ཕུན་སུམ་ཚོགས་པའི་ཕན་བདེ་ཀུན་གྱི་འབྱུང་གནས་ལས་དང་ཉོན་མོངས་པའི་ནད་འཇོམས་པའི་སྨན་བདེ་བ་ནས་བདེ་བར་ཁྲིད་པའི་ལམ་བཟང་པོ། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དང་། དེ་བཤད་སྒྲུབ་ཀྱི་སྒོ་ནས་སྤེལ་བའི་བསྟན་འཛིན་དང་། དེ་ལ་ཡོ་བྱད་རྒྱ་ཆེན་པོས་བསྙེན་བཀུར་དང་བསྟི་སྟང་དུ་བྱེད་པའི་སྦྱིན་བདག་གསུམ་ནི་བསྐལ་པ་ནས་བསྐལ་པར་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་པའི་སྨོན་གནས་སུ་བྱེད་པ་ནས་གསུང་རབ་ལ་བཤད་པ་དང་སྒྲུབ་པ་རྩོམ་པ་ནི་དེ་དག་ཡུན་རིང་དུ་གནས་པའི་གཞི་ཡིན་པས། དེའི་ཕྱིར་གང་བཤད་པར་བྱ་བའི་ཆོས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། མཁས་གྲུབ་དམ་པ་རྣམས་ཀྱི་རྣམ་པར་དཀར་བའི་མཛད་པ་ལེགས་པར་བཤད་པའི་ཆོས་འབྱུང་མཁས་པའི་ཡིད་འཕྲོག་ཅེས་པ་རྩོམ་པ་ལ་དགའ་བ་དང་སྤྲོ་བ་ཡིན་ནོ། །གཞན་ཡང་འདི་རིགས་ཏེ། རྒྱལ་བ་ཐུབ་པའི་དབང་པོས་ཆོས་ཕུང་ཇི་སྙེད་ཅིག་བཀའ་སྩལ་ཅིང་། དེ་དག་ཀྱང་ས་གསུམ་གྱི་ལྷ་དང་མི་དང་ཀླུ་དང་ཚངས་པ་དང་བྲམ་ཟེ་སོགས་སྐྱེ་དགུ་ཐམས་ཅད་ཀྱི་བསོད་ནམས་སྤེལ་བ་དང་། ཉམས་སུ་བླངས་ཤིང་སྒྲུབ་པ་སོགས་དད་པ་འཕེལ་བར་བྱེད་པ་དང་། དེ་དག་ཀྱང་རྒྱན་དྲུག་མཆོག་གཉིས་སོགས་པཎ་གྲུབ་རྣམས་ཀྱིས་བོད་དུ་དར་ཞིང་རྒྱས་པར་བྱེད་པ་དང་། འཕགས་ཡུལ་དང་བོད་ཀྱི་ཆོས་རྒྱལ་རྗེ་འབངས་རྣམས་ཀྱི་དཔལ་དུ་གྱུར་ནས་དད་མོས་དང་གུས་མཆོད་དང་། དེ་ལ་བརྟེན་ནས་དགེ་བ་བཅུ་ལ་གོམས་པར་བྱེད་པ་སོགས་འབྱུང་བ་དང་། གཞན་དུ་ན་འཇིག་རྟེན་པ་རང་རང་གི་ཕ་བརྒྱུད་མ་བརྒྱུད་སྟོན་པའི་ཡིག་ཚང་རེ་ལའང་ངོ་མཚར་དུ་བྱེད་ན། འདི་ལྟར་རྒྱ་བོད་ཀྱི་དམ་པ་རྣམས་ཀྱི་རྣམ་པར་དཀར་བའི་ཚུལ་ཇི་ལྟ་བུ་བཞིན་བརྗོད་པ་ནི་མཁས་པ་དང་བློ་དང་ལྡན་པ་དག་བྱས་པ་བཟོ་ཞིང་ཤེས་ལ་དྲིན་མི་བརྗེད་ཅིང་། སྐྱེ་བོ་དག་མཛངས་པ་དང་དེས་པ་དང་དཔའ་བ་སྐྱེས་ཏེ་བསྟན་པ་ལ་དད་པས་གཞི་བྱས་བག་ཡོད་པས་སེམས་མ་རུང་བ་བརྟུལ་ཏེ། ཤེས་རབ་ཀྱི་དབང་པོ་དང་སྤོབས་པ་དང་རྣམ་དཔྱོད་དང་ངང་ཚུལ་བཟང་པོས་བསྟན་པ་དམ་པའི་ཆོས་དང་དམ་པ་ལ་བཀུར་བསྟི་དང་། ལུས་དགེ་བ་ལ་གོམས་པ་ཉིད་དུ་འགྱུར་བ་སོགས་དོན་དང་དགོས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་འདིར་ཡང་དེ་ལྟར་རོ།།

སྤྱིར་རྒྱལ་བའི་བཀའ་འགྱུར་དང་། ལྷག་པར་རྒྱུད་ཐམས་ཅད་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་ཡིས་སྟོན་པར་བྱེད་པ་སྟེ། ཕུན་སུམ་ཚོགས་པ་ལྔ་ནི། གནས་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ། ཆོས་ཕུན་སུམ་ཚོགས་པ་བཅས་ཡིན་ལ། དེ་དག་ལྔ་པོ་འཛོམས་པས་ཆོས་འབྱུང་བར་གསུངས་ཤིང་། མདོར་ན་གནས་དང་། སྟོན་པ་དང་། འཁོར་དང༌། དུས་དང༌། ཆོས་ཕུན་སུམ་ཚོགས་པ་ལྔ་པོ་རྣམས་ནི་བྱུང་རབས་ལོ་རྒྱུས་ཀྱི་སྙིང་པོ་ཡིན་ལ། དེ་དག་རྒྱལ་བའི་བཀའ་འགྱུར་གྱི་དབུར་བཀོད་པ་ལས་ཀྱང་བྱུང་རབས་ཀྱི་གལ་གནད་ཤེས་ཐུབ་པར་མ་ཟད། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་ལས་[13]ཀྱང་། མདོ་སྡེ་ནས་ཀྱང་སངས་རྒྱས་ཀྱིས་ཡུལ་འདི་རུ་གང་ཟག་འདི་ལ་ཆོས་འདི་གསུངས་བྱ་བ་ཡོད་པས། ལོ་རྒྱུས་འདི་གལ་ཆེ་བ་ཡིན་གསུངས་ནས། ལོ་རྒྱུས་རྒྱས་པར་བྲིས་ནས་འདུག་གསུངས། ཞེས་བྱུང་བ་དག་ལས་རྣམ་ཐར་གྱི་གལ་གནད་ཤེས་ཐུབ་བོ།།

སྤྱིར་རྣམ་ཐར་ཞེས་པ་ནི། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལས[14]།

གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །

བདེ་བར་གཤེགས་འགྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །

ཡིད་ལ་དད་པ་མེད་པ་རྣམས་ཀྱང་རབ་ཏུ་དད་པར་འགྱུར། །

ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །

ཞེས་གསུངས་པ་ལྟར་རྣམ་ཐར་ཞེས་པའི་སྒྲ་དོན་ནི། རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་ (དུས་རབས་19པ།) མཆོག་གིས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན་ལས[15]། བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་དེ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས་པའི་ཕྱིར། ཞེས་གསུངས་པ་ལྟར་སྔོན་བྱོན་སྐྱེས་བུ་དམ་པའི་རྣམ་ཐར་ལ་བརྟེན་ནས་རང་གཞན་གཉིས་ཀྱི་སེམས་རྒྱུད་ལ་དད་པ་སྐྱེ་བ་དང༌། དད་པ་སྐྱེས་པ་ལ་བརྟེན་ནས་དམ་ཆོས་ལ་དོན་དུ་གཉེར་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་སྟེ། སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན། ཞེས་གསུངས་པ་ལྟར་སྔོན་བྱོན་པཎ་གྲུབ་བཅུ་བདུན་རྣམས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་བཅས་མཁས་པའི་ཚུལ་དགུ་ལ་གཅིག་ཏུ་བརྩོན་པའི་ཐོག་ནས་བཤད་སྒྲུབ་ཟུང་དུ་འབྲེལ་ཏེ་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་སོགས་བསྟན་འགྲོའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་པའི་རྣམ་ཐར་འབུར་ཐོན་ཡོང་ཐབས་ལ་རྩལ་འདོན་ཞུས་ཡོད།

པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་དཔྱད་གཞིའི་ཡིག་ཆའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་གསལ[16]། རང་གིས་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཕྱོགས་སྒྲིག་བྱེད་བཞིན་པའི་མ་ཟིན་ཁག་ཧ་ཅང་ཡག་པོ་བྱུང་འདུག །པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ནང་རྒྱའི་ཡིག་ཆའི་ཁུངས་བཀོད་པ་ཧ་ཅང་ཡག་པོ་བྱུང་འདུག་ལ། ད་དུང་བྱེད་ཐུབ་ན་རྒྱ་གར་བའི་མུ་སྟེགས་པའི་གཞུང་། དཔེར་ན། མུ་སྟེགས་རྟ་དབྱངས་སོགས་ཀྱི་གཞུང་ལུགས་ཁག་ཏུ་གསལ་བའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་སྐོར་བཀོད་ཐུབ་ན་ཡག་པོ་ཡོང་ངེས། ཞེས་ལམ་སྟོན་གྱི་བཀའ་བཟང་སྤྱི་སྩལ་ལྟར། དང་པོ་རྒྱལ་བའི་བཀའ་འགྱུར་པོད་ ༣༦ དང་། གཉིས་པ་དགོངས་འགྲེལ་བསྟན་འགྱུར་པོད་ ༡༠༢ གསུམ་པ། ཡང་འགྲེལ་བོད་ཀྱི་གསུང་འབུམ་ལ་མཚོན་ནའང་། བཤད་པའི་ཀ་ཆེན་རྣམ་བཅུ་[17]དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་[18]ཀྱིས་མཚོན་གཡུང་དྲུང་བོན་དང་བཅས་པའི་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པའི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་རྣམ་ཐར། བསྟན་རྩིས་ཆོས་སྤྱོད། མདོ་སྔགས་རིག་གནས་དང་བཅས་པའི་གསུང་འབུམ་གླེགས་བམ་ ༧༧༦ དང་། ཚིག་མཛོད་དང་དུས་དེབ། བཀའ་སློབ་དང་དྲ་རྒྱ་བཅས་ཀྱི་དཔྱད་གཞིའི་ཡིག་ཆ་ ༦༥ དང་། སྐད་ཡིག་གཞན་ནས་དཔྱད་གཞི་ ༩༨ བཅས་ཁྱོན་བསྡོམས་དཔྱད་གཞིའི་ཡིག་ཆ་རྣམ་གྲངས་ ༡༠༧༧ ནས་ལུང་འདྲེན་གྱིས་ལུང་ཁུངས་རྣམས་ཀྱང་ཞིབ་གསལ་དུ་བཀོད་དེ་དཔྱད་གཞིའི་ཡིག་ཆ་གང་མང་ལྟ་ཀློག་གིས་དེ་དག་ལ་ཁུངས་གཏུགས་ཐུབ་ཐབས་དང་། དཔྱད་གཞིའི་ཡིག་ཆ་ཁུངས་བཙན་ཞིང་། དཔྱད་ཡིག་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ཐབས་ལའང་འབད་བརྩོན་ཞུས་པ་སྟེ། དེ་ཡང་སྔོན་བྱོན་མཁས་པའི་གསུང་ལས།

གང་གི་ངོ་མཚར་མཛད་པའི་མཐའ། །རྒྱལ་བས་བཟུང་བར་མི་ནུས་མོད། །

འོན་ཀྱང་དད་པས་དྲངས་པ་ཡིས། །ཆ་ཤས་ཙམ་ཞིག་འདིར་དགོད་བྱ། །

ཞེས་པ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་ཀྱི་མཛད་པ་གཏིང་མཐའ་དང་བྲལ་བ་རྒྱ་མཚོ་ལྟ་བུ་ལས་རང་རེའི་ཡིག་ཆ་ཁག་ཏུ་ནི། ཆུ་ཐིགས་ཙམ་ལས་མི་གསལ་ཞིང་། གང་ཞིག་གསལ་བ་དག་ཀྱང་ཐོར་བུར་གནས་པ་དང་། བཞེད་པ་གཅིག་གྱུར་ཞིག་མེད་ཀྱང་། རྒྱ་དཀར་ནག་བོད་དང་བཅས་པའི་དཔྱད་གཞིའི་ཡིག་ཆར་གསལ་བའི་པཎ་གྲུབ་རྣམས་ཀྱི་རྣམ་ཐར་འཚོལ་བསྡུ་ལེགས་བསྒྲིགས་ཞུས་ཏེ་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཆ་ལག་ཚང་ཞིང་། ཞིབ་རྒྱས་ཡོང་ཐབས་ལ་འབད་བརྩོན་གཙོ་བོར་ཞུས་ཡོད།

སྤྱིར་ལོ་རྒྱུས་ལ་ལྷ་ཆོས་དག་སྣང་གི་ལོ་རྒྱུས་དང་། མི་ཆོས་དངོས་སྣང་གི་ལོ་རྒྱུས་གཉིས་སུ་དབྱེ་ཆོག་པ་ལས། པཎ་གྲུབ་རྣམས་ཀྱི་རྣམ་ཐར་ཕྱོགས་བསྒྲིགས་འབྲི་རྩོམ་སྐབས་མི་ཆོས་དངོས་སྣང་གི་ལོ་རྒྱུས་ལྟར་ཡོང་ཐབས་འབད་རྩོན་གཙོ་བོར་ཞུ་ཁུལ་ལགས་ཀྱང་། པཎ་གྲུབ་རྣམས་ཀྱི་རྣམ་ཐར་དག་སྣང་དང་ལྷ་སྒྲུང་གི་རིགས་དང་མཉམ་བསྲེས་བྱས་པ་མང་བའི་ཁར། རྣམ་ཐར་དངོས་དང་ལྷ་སྒྲུང་གཉིས་ཀྱང་སོ་སོར་རྣམ་དབྱེ་འབྱེད་དཀའ་ཞིང་། མཛད་རྣམ་གྱི་ཆ་ཤས་ཐར་ཐོར་དུ་གསལ་བ་རྣམས་སྡེ་ཚན་སོ་སོར་ཕྱེ་ཞིང་ལྷུ་ལག་བསྒྲིགས་ནས་ཕྱོགས་བསྒྲིགས་ཞུས་ཡོད། དེ་ཡང་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་ (1605/1608-1677) རང་རྣམ་དྲང་པོའི་ས་བོན་ལས[19]།

རྒྱལ་བ་རྒྱལ་སྲས་རྣམས་ཀྱིས་རྣམ་པར་ཐར། །བྱང་ཆུབ་སྤྱོད་ལ་ངོ་མཚར་ལྟ་ཅི་སྨོས། །

མཁས་རྣམས་ཐོས་པའི་སྒྲོ་འདོགས་བཅད་ཚུལ་དང༌། །གྲུབ་རྣམས་ཉམས་བཞེས་མངོན་དུ་གྱུར་ཚུལ་སོགས། །

སྐྱེས་བུ་དམ་པའི་རྣམ་པར་ཐར་པས་ནི། །མཐོང་ཐོས་དད་བསྐྱེད་དང་བ་འདྲེན་པ་ཡིས། །

གདུལ་བྱའི་རྒྱུད་ལ་ངེས་ལེགས་ས་བོན་ཐེབས། །

ཞེས་གསུངས་པ་ལྟར། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཞུས་པའི་བརྒྱུད་རིམ་ནང་བོད་ཀྱི་མཁས་པའི་གསུང་འབུམ་མང་དག་ཅིག་ལ་ཞིབ་ཏུ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐལ་སྨིན་པར་པཎ་གྲུབ་ཀྱི་རྣམ་ཐར་ལས་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་མཛད་འཕྲིན་ཤེས་ཐུབ་པ་དང་། དེ་ལ་བརྟེན་ནས་ཁོང་རྣམ་པའི་བཀའ་དྲིན་དྲན་པ། དེ་ལ་བརྟེན་ནས་རང་ཅག་རྣམས་ཀྱང་སྙིང་སྟོབས་བསྐྱེད་ཅིང་དོན་གཉེར་གྱི་བསམ་པ་སྐྱེ་བ་སོགས་གཅིག་གོ་གཉིས་ཆོད་ཀྱི་དགེ་མཚན་མང་དུ་ཆེ་བར་མཐོང་ངོ་།།

སྤྱིར་རྣམ་ཐར་རྩོམ་རིག་ཅེས་པ་ནི། ལོ་རྒྱུས་སྟེང་ནས་དངོས་སུ་བྱུང་མྱོང་བའི་མི་སྣ་གཅིག་གིས་ཇི་སྲིད་འཚོ་བའི་བར་གྱི་འགུལ་སྐྱོད་བྱེད་ཚུལ་རྣམས་ཇི་བཞིན་ཞིབ་ཏུ་བཀོད་ཅིང་། ཉེ་བར་མཁོ་བའི་མི་སྣ་རྣམས་ཀྱང་བཀོད་ཐོག །སྐྱེས་བུ་དེ་ཉིད་འཁྲུངས་པའི་སྐབས་སུ་སྤྱི་ཚོགས་དེའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་ཆུ་ཚད་གང་འདྲ་ཞིག་ལ་སླེབས་ཡོད་པ་དང་། སྐྱེས་བུ་དེའི་ཁྱིམ་ཚང་དེ་ཉིད་སྤྱི་ཚོགས་ཀྱི་གོ་ས་གང་འདྲའི་གྲལ་དུ་ཕྱིན་ཡོད་པ་བཅས་མཚོན་ཐུབ་པ་དང་། ཇི་ལྟར་གཏན་བདེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་བརྙེས་ཚུལ། རྐྱེན་གང་གིས་སྐུལ་བ་དང་། རྒྱུ་གང་སྒྲུབ་པ་དང་། འབྲས་བུ་གང་བྱུང་བ་དང་། གདམས་ངག་གང་ཞུས། རྟོགས་པ་གང་སྐྱེས་པ་དང་། བླ་མ་གང་ལ་བསྟེན་ནས་སེམས་བསྐྱེད་གང་ཁྲིད་པ་དང་། ཡི་དམ་གང་བསྒྲུབས་ནས་རྟགས་གང་ཐོན་པ་དང་། སྡེ་སྣོད་གང་ལ་སྦྱངས་ནས་མཁས་པ་གང་འདྲར་གྱུར་པ་དང་། གསང་སྔགས་གང་བསླབས་ནས་གྲུབ་པ་གང་ཐོབ་ཚུལ་བཅས་ཚིགས་བཅད་ལྷུག་སྤེལ་མ་གང་རུང་གི་སྒོ་ནས་ལེགས་པར་སྤེལ་བའི་རིག་རྩོམ་ཞིག་ཡིན་[20]པས། དེ་ལྟར་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[21]། ཇོ་བོ་རྗེའི་རྣམ་ཐར་གསུང་སྐབས། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ། ཞེས་རྣམ་ཐར་རྩོམ་ལུས་ཀྱི་སྒྲིག་གཞི་འགོད་ཚུལ་ཚིག་ཉུང་གནད་བསྡུས་སུ་གསུངས་པ་ལྟར། ས་བཅད་གསུམ་གྱི་སྒོ་ནས་འབྲི་བའི་ཁྱད་ཆོས་ལྡན་དགོས་ཀྱང་། པཎ་གྲུབ་ལ་ལའི་རྣམ་ཐར་གྱི་དཔྱད་གཞི་ཤིན་ཏུ་དཀོན་པས་ཇི་བཞིན་འགོད་ཐབས་བྲལ་བ་ནི་དཀའ་ཚེགས་ཆེ་ཤོས་སུ་ཞིག་ཏུ་གྱུར་ཏོ།།

དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་འདི་ཉིད་ཀྱི་གླེགས་བམ་དང་པོར་བསྟན་པའི་བདག་པོ་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་རྣམ་ཐར་སྙིང་པོ་ཀུན་བཏུས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་གཉིས་ཀྱི་རྣམ་ཐར་དང་། གླེགས་བམ་གཉིས་པར་སློབ་དཔོན་འཕགས་པ་ལྷ་དང་། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ་བཞི་ཡི་རྣམ་ཐར། གླེགས་བམ་གསུམ་པར་རྒྱལ་སྲས་ཞི་བ་ལྷ་དང་། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། འཕགས་པ་ཐོགས་མེད་བཞི་ཡི་རྣམ་ཐར། གླེགས་བམ་བཞི་པར་སློབ་དཔོན་དབྱིག་གཉེན་དང་། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས་གསུམ་གྱི་རྣམ་ཐར། གླེགས་བམ་ལྔ་པར་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཤཱཀྱ་འོད་བཞི་ཡི་རྣམ་ཐར། གླེགས་བམ་དྲུག་པར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར། གླེགས་བམ་བདུན་པར་ལོ་ཙཱ་བའི་བྱུང་རིམ་དང་། སྒྲ་སྒྱུར་གྱི་རྣམ་གཞག་དག་སོགས་གཤམ་གྱི་བརྗོད་གཞི་རྣམས་གླེགས་བམ་གཅིག་ཏུ་བྱས་ཏེ་གླེགས་བམ་སྤམ་མཐོ་དམན་ལས་གླེགས་བམ་བདུན་དུ་ཕྱེ་ནས་འབྲི་རྩོམ་ཕྱོགས་བསྒྲིགས་ཞུས་ཡོད།

 

ཆ༽ པཎ་གྲུབ་རྣམ་ཐར་དང་འབྲེལ་བའི་ཞིབ་འཇུག

པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཞིབ་འཇུག་འབྲི་རྩོམ་བྱེད་པའི་རྒྱུད་རིམ་ནང་། པཎ་གྲུབ་བཅུ་བདུན་གྱི་གདན་ས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་ལོ་རྒྱུས་ཞིབ་རྒྱས་ཤིག་ཀྱང་དགོས་གལ་ཤིན་ཏུ་ཆེ་བར་མཐོང་སྟེ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་ཞེས་པ་གླེགས་བམ་སྟོད་སྨད་གཉིས་ཀྱང་ཆབས་ཅིག་ཕྱོགས་བསྒྲིགས་ཞུས་ཤིང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་རྣམས་ཀྱང་ཡིད་སྤྲོ་ཆེན་པོས་ཞིབ་འཇུག་ལ་བརྩོན་པ་གཅིག་ཏུ་བསྟེན་ཁར། པཎ་གྲུབ་རྣམས་ཀྱི་རྣམ་ཐར་ཕྱོགས་བསྒྲིགས་སླད་དཔྱད་གཞིའི་ཡིག་རིགས་རྣམ་གྲངས་ ༡༠༧༧ ལྟ་ཀློག་ཞིབ་མཇལ་ཞུས་པར། བོད་ཀྱི་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སོ་སོར་མཛད་པའི་བསྟོད་ཚོགས་དང་རྟོགས་བརྗོད་སོགས་བརྒྱ་ཕྲག་བརྒལ་བ་བཞུགས་པས། དེ་དག་ཀྱང་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་བཅས་པར་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཤ་སྟག་ཡིན་པར་མ་ཟད། མ་འོངས་པར་ཞིབ་འཇུག་གནང་མཁན་རྣམས་ལའང་དཔྱད་གཞི་ཕྱོགས་གཅིག་ནས་ལྟ་ཀློག་འཚོལ་བདེ་ཡོང་སླད་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས་པཎ་གྲུབ་མཛེས་རྒྱན་ནང་བསྟོད་ཚོགས་རྣམ་གྲངས་ ༡༠༨ བཞུགས་པ་རྣམས་གླེགས་བམ་གཅིག་ཏུ་ཕྱོགས་བསྒྲིགས་ཞུས་ཡོད་པར་མ་ཟད། དེ་བཞིན་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་དང་འབྲེལ་ནས་གསུང་འབུམ་ཁག་གི་ཞིབ་ཕྲའི་དཀར་ཆག་གཅིག་ཀྱང་དགོས་གལ་ཤིན་ཏུ་ཆེ་སྟབས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་དུ་བསྟན་བཅོས་ཁག་གི་ཞིབ་ཕྲའི་དཀར་ཆག་གླེགས་བམ་སྟོད་སྨད་བར་གསུམ་དུ་ཕྱེ་སྟེ་ཕྱོགས་བསྒྲིགས་ཞུས་ཐོག །བསྟན་བཅོས་རྣམས་སྒྲ་སྒྱུར་མཛད་པ་པོའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་རྣམ་ཐར་ཞིག་ཀྱང་ཤེས་གལ་ཤིན་ཏུ་ཆེ་བར་མཐོང་སྟེ། པཎ་གྲུབ་བཅུ་བདུན་སོ་སོའི་གསུང་གི་དཀར་ཆག་གི་མཇུག་མཐར་བསྟན་བཅོས་དེ་དག་སྒྲ་སྒྱུར་བྱེད་པ་པོའི་ལོ་ཙཱ་བ་ ༩༠ བྱོན་པ་རྣམས་ཀྱི་རྣམ་ཐར་སྙིང་བསྡུས་རེ་ཡང་ཕྱོགས་བསྒྲིགས་དང་། གཞན་ཡང་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན་པོད་གཅིག་ཟུར་དུ་ཕྱོགས་བསྒྲིགས་ཞུས་ཡོད།

དེ་ལྟར་ཞིབ་འཇུག་གི་ལས་གཞི་གཅིག་འཕྲོ་གཉིས་མཐུད་ཀྱིས་ལས་འཆར་གཞི་རྒྱ་ཇེ་ཆེ་དང་། རྣམ་གྲངས་ཇེ་མང་དུ་གྱུར་པར་བརྟེན་ཐོག་མའི་ལས་འཆར་གྱི་དུས་ཆད་ལྟར་ལེགས་གྲུབ་མ་ཐུབ་པར་དུས་ཚོད་རིམ་འགྱངས་སུ་གྱུར། དེ་ཡང་ལས་གཞི་འདི་ཉིད་ཐོག་མར་ལས་འཆར་སྒྲིག་སྐབས་གུས་པ་རང་ཉིད་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་དང་། དེ་རྗེས་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་དང་། འཛིན་སྐྱོང་དྲུང་ཆེ། ༸གོང་ས་༸མཆོག་གི་གསུང་འབུམ་ཕྱོགས་སྒྲིག་གི་ཞབས་ཞུ་བ། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་དང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སོགས་ཀྱི་ལས་གནས་གཅིག་མཇུག་གཉིས་མཐུད་འཕོ་འགྱུར་གྱི་ལས་ཞོར་ཤ་སྟག་ལྟ་བུའི་དུས་ཁོམ་ནམ་བྱུང་ལ་བྱེད་དགོས་བྱུང་བ་དང་། ལྷག་པར་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དང་། རྣམ་ཐར་པོད་ཆེན་ ༨༠ ཕྱོགས་བསྒྲིགས་དཔར་འགྲེམས་ཞུས་པ་དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ བར་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་བོད་ཡིག་བསླབ་གཞིའི་སློབ་དེབ་དེབ་ཕྲེང་ ༡༠ ཕྱོགས་བསྒྲིགས་ཞུ་དགོས་བྱུང་བ། དེ་མིན་གྱི་དེབ་རིགས་སྣ་ཚོགས་ཕྱོགས་སྒྲིག་ཞུ་དག་ཞུ་དགོས་བྱུང་བ་སོགས། མདོར་ན། པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་ཕྱོགས་སྒྲིག་གི་ལས་གཞི་འདིར་ཕྱི་ལོ་ ༢༠༡༧ ལོ་ནས་མ་གཏོགས་ནུས་ཤུགས་གཙོ་འདོན་མ་ཐུབ་པ་སོགས་ཀྱིས་དུས་འགོར་ཆེ་བར་གྱུར་ལ། ཕྱི་ལོ་ ༢༠༡༧ ལོ་ནས་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱིའི་ལས་འཁུར་གྱི་མིང་འཛིན་ཙམ་ལས་སློབ་གཉེར་ཁང་གི་ཉིན་རེའི་ཞུ་སྒོའི་འགན་འཁུར་གཙོ་བོ་སློབ་སྤྱི་གཞོན་པ་སྐུ་ཞབས་ཀུན་དགའ་རྒྱ་མཚོ་ལགས་དང་། བསྟན་འཛིན་བློ་ཡངས་ལགས་རྣམ་གཉིས་ནས་སྔ་ཕྱིར་ཐུགས་འགན་ཆེ་བཞེས་གནང་སྟེ། པཎ་གྲུབ་གསུང་རྣམ་ཕྱོགས་བསྒྲིགས་ཀྱི་ལས་གཞི་འདི་ཉིད་གལ་ཆེར་གཟིགས་ཏེ་གུས་པར་དུས་ཚོད་གནང་སྟེ་ཡང་གསོས་ལྟ་བུའི་གོ་སྐབས་དམ་འཛིན་གྱིས་ཕྱོགས་བསྒྲིགས་ཞུས་ཏེ་ད་ལྟ་ཡོངས་སུ་ལེགས་གྲུབ་ཟིན་པ་ནི། རབ་དགའི་ས་ཐོབ་ལྟ་བུའི་དགའ་བ་གང་གིས་མཚོན་པར་ནུས།

 

ཇ༽ པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་དཀར་ཆག་གི་གོ་རིམ་སྒྲིག་ཚུལ།

དེ་ཡང་བསྟན་པའི་འབྱུང་གནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་དང་། བསྟན་པ་གང་ལས་བྱུང་བའི་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་སྙིང་པོ་ཀུན་བསྡུས། བསྟན་པ་ལ་དད་པ་དང་སྤྲོ་བ་འཕེལ་ཕྱིར་པཎ་གྲུབ་བཅུ་བདུན་གྱིས་རྒྱལ་བསྟན་ལ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཇི་ལྟར་མཛད་ཚུལ་ལས་བརྩམས་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས། པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། བསྟན་པའི་ཆེད་དུ་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དང་། དགྲོལ་བྱ་དམ་པའི་ཆོས་ཀྱི་རྣམ་གཞག་ལས་པཎ་གྲུབ་རྣམས་ཀྱིས་མཛད་པའི་འགྲེལ་བྱེད་བསྟན་བཅོས་ཀྱི་དཀར་ཆག་ཞིབ་རྒྱས་བཅས་ལས།

པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཁག་ཏུ་པཎ་གྲུབ་རྣམས་རྒྱལ་བའི་ལུང་གིས་ཟིན་ཚུལ་དང་། པཎ་གྲུབ་སོ་སོའི་མཚན་གྱི་དོན་དང་། མཚན་གྱི་རྣམ་གྲངས། སྐུ་ཡི་ཆ་ལུགས། དུས་རབས་གང་དུ་བྱོན་པ། ཡུལ་གང་དུ་སྐུ་འཁྲུངས་པ། སློབ་དཔོན་གང་དག་བསྟེན་མིན། དགུང་ལོ་ཇི་ཙམ་བཞུགས་པ། ཡུལ་གྲུ་གང་དག་ཏུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་གང་དག་བསྐྱངས་པ། བསྟན་བཅོས་གང་དག་ལྗགས་རྩོམ་མཛད་པ། གསུང་སྐྱེས་ཀྱི་སློབ་མ་གང་དག་བསྐྱངས་པ། སྐུ་ཚེ་སྔ་ཕྱིའི་བྱུང་རབས་རྣམ་ཐར། པཎ་གྲུབ་དེ་དག་ལ་སྔ་ཕྱིའམ་ཆེ་ཆུང་གི་འདོད་ཚུལ་སོགས་དང་། པཎ་གྲུབ་བཅུ་བདུན་སོ་སོས་ཐོག་མར་ཐོས་བསམ་སྒོམ་གསུམ་དང་། བར་དུ་འཆད་རྩོད་རྩོམ་གསུམ་ཇི་ལྟར་མཛད་པ་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་མངའ་བ། དེ་བཞིན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་གྱི་སྐབས་མཚམས་སོ་སོར་འབྲེལ་ཡོད། དཔེར་ན། འཕགས་པ་ལྷའི་སྐབས་སློབ་དཔོན་དཔའ་བོ་སྟེ་མུ་སྟེགས་རྟ་དབྱངས་ཀྱི་རྣམ་ཐར་དང་། དཔལ་ལྡན་ཟླ་བ་གྲགས་པའི་སྐབས་སློབ་དཔོན་ཙནྡྲ་གོ་མིའི་རྣམ་ཐར། མཁན་ཆེན་ཞི་བ་འཚོའི་སྐབས་སུ་སློབ་དཔོན་པདྨ་འབྱུང་གནས་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་ཐར། སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྐབས་ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར། སློབ་དཔོན་ཤཱཀྱ་འོད་ཀྱི་སྐབས་སློབ་དཔོན་པྲ་བ་ཧ་ཏི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐབས་སློབ་དཔོན་མར་མེ་མཛད་བཟང་པོ་དང་། ལྷ་བླ་མ་བྱང་ཆུབ་འོད་དང་ཡེ་ཤེས་འོད་ཀྱི་རྣམ་ཐར། སློབ་དཔོན་དབྱིག་གཉེན་གྱི་སྐབས་སུ་ཁ་ཆེ་འདུས་བཟང་སོགས་ཀྱི་རྣམ་ཐར་ཡང་ཞིབ་འཇུག་གིས་ཕྱོགས་བསྒྲིགས་ཞུས་ཡོད།

གཞན་ཡང་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་སྐབས་པཎ་གྲུབ་སོ་སོ་དང་འབྲེལ་ཡོད་འཕགས་བོད་ཀྱི་གདན་ས་ཁག་ལས། སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར་སྐབས་འཁྲུངས་ཡུལ་རྡོ་འཇོག་དང་། རྡོ་འཇོག་གི་གཙུག་ལག་ཁང་ཆེན་མོའི་ལོ་རྒྱུས། མཁན་ཆེན་ཞི་བ་འཚོའི་སྐབས་བསམ་ཡས་གཙུག་ལག་ཁང་གི་ལོ་རྒྱུས། ཇོ་བོ་རྗེའི་རྣམ་ཐར་སྐབས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་ལོ་རྒྱུས། འཕགས་པ་ཐོགས་མེད་ཀྱི་རྣམ་ཐར་སྐབས་རྗེ་བཙུན་བྱམས་མགོན་སྒྲུབ་ཡུལ་རི་བོ་བྱ་རྐང་གི་གནས་བཤད། སློབ་དཔོན་སེངྒེ་བཟང་པོའི་རྣམ་ཐར་སྐབས་རྗེ་བཙུན་བྱམས་མགོན་ཞལ་གཟིགས་བྱུང་ཡུལ་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་དང་། སྒྲུབ་པ་མཛད་ཡུལ་ཁ་སརྤ་ཎིའི་གཙུག་ལག་ཁང་། ཉི་ཁྲི་ལེ་བརྒྱད་མ་སོགས་བསྟན་བཅོས་མཛད་ཡུལ་ཚ་བ་གསུམ་གྱི་གཙུག་ལག་ཁང་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་ཞུས་ཡོད།

དེ་མིན་པཎ་གྲུབ་རྣམས་ཀྱི་འཁྲུངས་ཡུལ་ཁག་ལས། ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་ལྷོ་ཕྱོགས་བེ་དའི་ཡུལ་དང་། འཕགས་པ་ལྷའི་འཁྲུངས་ཡུལ་སིངྒ་ལའི་ཡུལ། སློབ་དཔོན་ཡོན་ཏན་འོད་འཁྲུངས་ཡུལ་བཅོམ་བརླག །སློབ་དཔོན་ཤཱཀྱ་འོད་འགྲོ་དོན་མཛད་ཡུལ་ཁ་ཆེའི་ཡུལ། མཁན་ཆེན་ཞི་བ་འཚོའི་འཁྲུངས་ཡུལ་ཟ་ཧོར་གྱི་ཡུལ་ངོ་སྤྲོད། སློབ་དཔོན་དབྱིག་གཉེན་གྱི་གསུང་དང་འབྲེལ་ནས་ལི་ཡུལ་ངོས་འཛིན་ཚུལ་སྐོར་ཞིབ་འཇུག་གིས་ངོ་སྤྲོད་ཞུས་ཡོད།

རྣམ་ཐར་གྱི་དཔྱད་གཞིའི་རྒྱུ་ཆ་རྣམས་ཀྱང་རྒྱ་གར་འཕགས་ཡུལ་གྱི་མཁས་པས་མཛད་པའི་རྒྱ་གཞུང་ཁག་དང་། རྒྱ་ནག་གི་བཙུན་པ་དག་གིས་མཛད་པའི་རྒྱའི་ཡིག་ཆ། བོད་ཀྱི་རིས་མེད་མཁས་གྲུབ་ལོ་པཎ་རྣམས་ཀྱིས་མཛད་པའི་གསུང་འབུམ་བཅས་བཀའ་བསྟན་གསུང་འབུམ་གཙོ་གྱུར་གྱི་གླེགས་བམ་ ༡༠༧༧ ཙམ་ལྟ་ཀློག་ཞིབ་འཇུག་གིས་རྣམ་ཐར་ཁག་ཀྱང་དེང་གི་ཞིབ་འཇུག་བྱེད་སྲོལ་གྱི་རྣམ་པའི་ཐོག་ནས་སྔོན་བྱུང་གི་ཡིག་ཆ་གཞིར་བཟུང་ཁུངས་བཙན་ཡོང་ཐབས་ལ་འབད་ཐབས་གཙོ་བོར་ཞུས་ཤིང་། དེ་ཡང་འཇུ་སའི་ལུང་དང་འཆང་སའི་ཡུ་བ་ཞེས་པའི་དཔེ་ལྟར། དཔྱད་གཞིའི་ལུང་ཁུངས་དང་བཅས་པར་གསལ་བར་བཀོད་ཡོད་པར་མ་ཟད། རྫ་དཔལ་སྤྲུལ་མཆོག་གིས། ལྷ་ཆོས་ཤེས་གལ་ཆེ། མི་ཆོས་གོམས་གལ་ཆེ། ལོ་རྒྱུས་ཞིབ་གལ་ཆེ། ཞེས་གསུངས་པ་ལྟར། པཎ་གྲུབ་ཀྱི་རྣམ་ཐར་དང་བཅས་པ་ཞིབ་ཚགས་དང་ཁ་གསལ་གོ་བདེ་ཡོང་ཐབས་ལ་གཙིགས་འཛིན་ཞུས་ཁར། བཀའ་བསྟན་གསུང་འབུམ་དང་བཅས་པའི་ལུང་ཁུངས་རྣམས་ཀྱང་མགྱོགས་ཁྱད་དང་། ཁྲལ་མངོན་སླ་ཆོས་ལྟ་བུ་མིན་པར་རུ་ང་ཞིབ་ཚགས་ཡོང་ཐབས་ལ་དམིགས་ཏེ་དཔྱད་གཞི་ལག་སོན་མ་བྱུང་བ་རེ་ཟུང་ལས། དེ་མིན་བརྒྱུད་འགོད་ལྟ་བུ་མིན་པར་འབྱུང་ཁུངས་དངོས་ནས་ལུང་འདྲེན་དང་། དཔྱད་གཞི་དངོས་ལས་བྱུང་བའི་ཚིག་རིས་ལྟར་དུ་འགོད་ཐབས་ལ་འབད་བརྩོན་ཞུས་ཡོད།

དེ་ལྟའི་ལུང་ཁུངས་འགོད་སྐབས་སྲོལ་རྒྱུན་གྱི་འགྲོ་ལུགས་དང་། བརྡ་སྤྲོད་ཀྱི་བརྗོད་དོན། ལུང་འདྲེན་གྱི་ཚིག་རིས་འདྲེས་མེད་གསལ་རྟོགས་ཐུབ་སླད། ལུང་ཁུངས་འགོད་སྐབས་ཀྱང་དེང་གི་ནུབ་ཕྱོགས་པའི་ལམ་སྲོལ་ཁོ་ནའི་རྗེས་སུ་མ་འབྲངས་པར། གནའ་བོའི་བོད་ཀྱི་གཞུང་ལུགས་སྤྱིའི་འགྲོ་ལུགས་ལྟར། དཔེར་ན། རྗེ་བདག་ཉིད་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས། ཞེས་པའི་འབྱུང་ཁུངས་ཀྱི་ཚིག་འཕྲད་ཀྱི་མཚམས་ནས་ལུང་ཁུངས་ཀྱི་ཨང་གྲངས་བཀོད་ཡོད་ལ། མཛད་པ་པོའི་མཚན་གྱི་མཚམས་སུ་འཁྲུངས་འདས་ཀྱི་ལོ་ཚིགས་དང་། བྱོན་པའི་དུས་རབས་བཅས་ཀྱང་ཤད་གུག་ནང་བཀོད་དེ་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་བྱོན་སྔ་ཕྱི་དང་། དེ་ལ་བརྟེན་ནས་དཔྱད་གཞིའི་ཡིག་ཆ་རྣམས་གསར་རྙིང་གང་ཡིན་རྟོགས་སླ་ཞིང་། མཛད་པ་པོ་དེ་དག་དུས་རབས་གང་དག་ཏུ་བྱོན་པ་སོགས་ཐད་ཀར་མཁྱེན་རྟོགས་ཐུབ་པར་མ་ཟད། དཔྱད་གཞིའི་ཡིག་ཆ་ཕན་ཚུན་གཤིབ་བསྡུར་གནང་བདེ་ཡོང་ཐབས་སོགས་ལ་དམིགས་ཏེ། ངལ་བ་དང་ཡིག་ཚོགས་ལ་མ་འཛེམས་པར་ཁ་གསལ་བཀོད་ཡོད།

 

ཉ༽ པཎ་གྲུབ་བཅུ་བདུན་གྱི་འཁྲུངས་འདས་ལོ་ཚིགས།

དེ་ཡང་རྒྱ་གར་འཕགས་ཡུལ་ནི། རྒྱལ་རབས་མེད་པའི་རྒྱལ་ཁབ་ཅིག་རེད། ཅེས་བརྗོད་ཀྱང་འུད་དུ་མི་འགྲོ་བ་ལྟ་བུ་ཆགས་ཡོད་པས། པཎ་གྲུབ་བཅུ་བདུན་གྱི་འཁྲུངས་འདས་ལོ་ཚིགས་དང་། རྣམ་ཐར་གྱི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་དཀོན་པ་སོགས་ཀྱི་དཀའ་ཚེགས་མང་དུ་མཆིས། དེ་ཡང་སྤྱིར་རྒྱ་གར་འཕགས་ཡུལ་ནི་ལོ་རྒྱུས་འབྲི་བའི་ལམ་སྲོལ་མེད་པ་དང་། གཉིས་ནས་གཞུང་ལུགས་བློ་ངོར་འཛིན་པ་ལས་ཡིག་ཐོག་འགོད་སྲོལ་ཉུང་བ་སོགས་ཀྱི་ཞན་ཆ་ལས་དཔྱད་གཞི་དཀོན་པ་སྟེ། མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[22]། ཐེག་པ་ཆེན་པོའི་སློབ་དཔོན་ཡོངས་སུ་གྲགས་པ་གཙོ་ཆེ་བ་དག་གི་འཁྲུངས་ལོ་དང་། དེ་དག་འཕགས་ཡུལ་གྱི་རྒྱལ་པོ་སུ་དང་སུའི་སྐབས་སུ་ཕེབས་པ་ཡིན་མིན་གྱི་སྐོར་འདི་གལ་ཆེ་བས་མདོར་ཙམ་དཔྱད་པར་བྱ་ཞིང་། དེ་ཡང་སྤྱིར་བཏང་གི་སྟོན་པ་བདེ་བར་གཤེགས་པ་ཟས་གཙང་སྲས་པོ་གང་གི་འཁྲུངས་ལོ་ལ་ཆེས་མི་མཐུན་པ་མང་བ་སྔོན་དུས་ཀྱི་བྱུང་བ་བརྗོད་པ་ལས་བཤད་ཟིན་པ་ལྟར་ལ། ལྷག་པར་དུ་ཐེག་ཆེན་གྱི་བསྟན་པ་བྱུང་ཚུལ་དང་། ཐེག་ཆེན་གྱི་སློབ་དཔོན་རྣམས་ཀྱི་འཁྲུངས་ལོ་སོགས་ཀྱི་སྐོར་བྱུང་རབས་སྨྲ་བ་ཚོའི་བཞེད་པ་ཆེས་མི་མཐུན་པ་མང་བས་མཐའ་གཅིག་ཏུ་ཁ་ཚོན་གཅོད་པ་ཤིན་ཏུ་དཀའ་བའི་རང་བཞིན་དུ་གྱུར།

དེ་ལྟར་དཀའ་བའི་རྒྱུ་མཚན་ནི། རྒྱ་གར་གྱི་རྒྱལ་པོ་དང་རྒྱལ་ཕྲན་དག་ཕལ་ཆེ་བའི་ཁང་བཟང་ངམ། མཆོད་རྟེན་ནམ་གཞན་ཡང་ཤུལ་རྗེས་སྣ་ཚོགས་ཤིག་རྗེས་སུ་ལུས་ཡོད་པས་དེ་དག་གི་རྣམ་པར་ཐར་པའམ་ལོ་རྒྱུས་སོགས་འཕགས་ཡུལ་དུ་བརྙེད་ཐུབ་པ་སོགས་བྱུང་བ་རྗེས་སུ་དཔོག་ཐུབ་ཙམ་ཡོད་ལ། ཐེག་ཆེན་གྱི་སློབ་དཔོན་ཕལ་ཆེ་བའི་བཞུགས་གནས་ཕོ་བྲང་སོགས་རྗེས་སུ་ལུས་པ་མཐོང་རྒྱུ་མ་བྱུང་བ་དང་། རྣམ་ཐར་ལོ་རྒྱུས་ཀྱང་འཕགས་ཡུལ་དུ་རྒྱུན་འཇགས་མེད་པར་བསྟན་པ་ལ་ཉམས་རྒུད་བྱུང་རྗེས་ཕྱི་དངོས་པོའི་ཤུལ་རྗེས་དང་། ནང་གི་བསྟན་བཅོས་སོགས་ཚང་མ་ཤུལ་མེད་དུ་གྱུར་འདུག་པས་ཐ་ན་དབུ་མ་རྩ་བ་སོགས་དང་། ཚད་མ་རྣམ་འགྲེལ་སོགས་ཀྱི་རྩ་བ་ཡང་ལེགས་སྦྱར་སོགས་འཕགས་ཡུལ་གྱི་སྐད་དུ་མ་ཐོབ་པར་ཕྱིས་སུ་བོད་ཀྱི་སྔར་གྱི་དགོན་པ་ཁག་ནས་རྒྱ་དཔེ་རྒྱ་གར་དུ་གདན་དྲངས་པ་ཡིན་ཅིང་། དེང་དུས་རྒྱ་གར་དུ་ཐེག་ཆེན་གྱི་བསྟན་བཅོས་མང་པོ་ལེགས་སྦྱར་སྐད་དུ་བཞུགས་པ་ཕལ་ཆེར་བོད་ནས་གདན་དྲངས་པ་ཡིན་ཅིང་། ཐེག་ཆེན་གྱི་གཞུང་ལ་འཆད་ཉན་ཅུང་ཟད་ཡོད་པ་འདི་ཡང་དུས་རབས་ཉི་ཤུ་པའི་ནང་དུ་བྱུང་བ་ཡིན་པས་སྔར་གྱི་བྱུང་རབས་འཚོལ་བར་ཤིན་ཏུ་དཀའ།

བོད་དུ་ནི་སྤྱིར་ནས་བྱུང་རབས་ལ་གལ་ཆེན་པོར་མི་བརྩིས་ཤིང་། ལྷག་པར་དུ་འཕགས་ཡུལ་གྱི་བྱུང་རབས་སོགས་ཀྱི་སྐོར་ཚད་ལྡན་གྱི་ཡིག་ཆ་དཀོན་ཞིང་། རེ་གཉིས་ཡོད་པ་རྣམས་ཀྱང་དག་སྣང་གི་ལོ་རྒྱུས་ཀྱི་ཚུལ་དུ་བྲིས་པ་མ་གཏོགས་བྱུང་རབས་ལྟ་བུ་ཞིག་མ་ཡིན་པས། སྒྲུབ་བྱེད་དེ་དག་ཀྱང་བསྒྲུབ་བྱར་གྱུར་པ་ལས་རྗེས་སུ་དཔོག་པའི་ཐབས་སུ་འགྲོ་བ་དཀའ། བྱུང་རབས་ནི་བྱུང་རབས་ལྟ་བུར་འཆད་དགོས་པ་ལས། དེ་དག་སྣང་གི་ཆོས་ཀྱི་ཚུལ་དུ་འཆད་ན་བྱུང་རབས་སུ་མི་བརྩི་བ་ཡིན། དེས་ནི་ཐེག་ཆེན་གྱི་སློབ་དཔོན་མང་ཆེ་བའི་འཁྲུངས་ལོ་དང་། འཁྲུངས་ཡུལ་སོགས་གཏན་གཏན་ཤེས་པར་དཀའ་ཚེགས་ཆེན་པོ་ཡོད།

སློབ་དཔོན་དེ་དག་གིས་བརྩམས་པའི་བསྟན་བཅོས་རྨད་དུ་བྱུང་བ་མང་པོ་ཡོད་པ་རྣམས་ལས་ཅུང་ཟད་དཔོག་ནུས་ཤིང་། དེ་བཞིན་བསྟན་བཅོས་གཞན་རྣམས་སུ་སློབ་དཔོན་དེ་དང་དེ་ཡི་ལུང་དྲངས་པ་སོགས་བརྙེད་ན་དེ་དག་ལས་བསམ་གཞིག་བྱེད་ཐུབ་པ་ཡིན། དཔེར་ན། མུ་སྟེགས་པའི་མཁས་པ་ཤིན་ཏུ་གྲགས་ཆེ་བ་ཝཱཅསྤཏི་མཤྲ་སྟེ་ངག་གི་བདག་པོས་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལ་དགག་པ་བྱས་ཡོད་པ་དང་། ངག་གི་བདག་པོ་དེ་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའམ་དགུ་པའི་ནང་དུ་བྱོན་པ་ཡིན་པས་ཆོས་གྲགས་དེའི་སྔོན་དུ་བྱུང་བར་ངེས་པ་ལྟ་བུ་ཡིན། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་པའི་ལྷ་ཁང་སོགས་ཀྱང་བརྙེད་པས་ལས་སླ།

ཕྱི་རྒྱལ་བའི་མཁས་པ་འགའ་ཤས་ཀྱིས་ཀྱང་ཐེག་ཆེན་གྱི་སློབ་དཔོན་འགའ་ཤས་ཀྱིས་མཛད་པའི་བསྟན་བཅོས་ལ་དེང་དུས་དང་མཐུན་པའི་ཞིབ་འཇུག་བྱས་ཏེ་དེ་དག་གི་ལོ་རྒྱུས་འཚོལ་བའི་འབད་པ་བྱས་ཡོད་ཅིང་། རྒྱ་གར་བའི་ཉམས་ཞིབ་དང་བྱུང་རབས་ལ་མཁས་པ་མང་པོས་དེང་སང་འདིའི་སྐོར་ཐུགས་སྣང་གང་འཚམ་གནང་གི་ཡོད་པ་རེད། གོང་དུ་བཤད་པ་ལྟར་སློབ་དཔོན་ཚོའི་ལོ་ཚིགས་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་པས་མགོ་རྙོག་པའི་རྒྱུ་རྐྱེན་ལས་མ་འདས་པས། མང་ཆེ་བའི་བཞེད་ཚུལ་ལྟར་གྲགས་ཆེ་བ་གཙོར་བཟུང་གིས་འགའ་ཤས་ཀྱི་ལོ་ཚིགས་མདོར་བསྡུས་བཤད་པར་བྱའོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་རྒྱ་གར་འཕགས་ཡུལ་གྱི་སྙན་གྲགས་ཅན་གྱི་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ཡིག་ཆ་ཤིན་ཏུ་དཀོན་པའི་རྒྱུ་མཚན་གཞན་ཞིག་ནི། ཇོ་བོ་ཆེན་པོ་ལྷ་གཅིག་གི་རྣམ་པར་ཐར་པ་ལས[23]། མདོར་ན་ཡོན་ཏན་མ་ལུས་པར་མངའ་བའི་བླ་མ་རྗེ་བཙུན་ཆེན་པོ་འདི་སྐུ་ཚེ་སྔ་མའི་ཡོན་ཏན་བརྗོད་པའི་དབང་དུ་བགྱིས་ན་ཡང་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་ལགས་ཏེ། བཀའ་གདམས་པ་ཆེན་པོ་རྣམས་ཀྱི་བཞེད་པས་སྐྱེ་བ་དྲན་པ་ལ་སོགས་པ་རྣམས་ལ་གདམས་ངག་ཏུ་མི་མཛད། སྦས་པའི་གཏེར་སྲུང་བ་སླ་བ་བཞིན་ཡོན་ཏན་ཐམས་ཅད་ནང་དུ་སྦེད་པ་བཞིན་ཡིན། བླ་མ་རྗེ་བཙུན་ཆེན་པོ་འདི་ཉིད་ལ་དགེ་བཤེས་ཕྱག་དར་ལ་སོགས་པའི་བོད་སྟོན་ཁ་ཅིག་གིས། ཇོ་བོའི་སྐྱེ་བ་སྔ་མ་ཇི་ལྟར་བཞེས་པ་དང་། ཕྱི་མ་གང་དུ་སྐྱེ་བ་དང་། སངས་ཇི་ལྟར་དུ་རྒྱ་བའི་ལོ་རྒྱུས་ཤིག་ཡི་གེར་འབྲི་བར་ཞུས་པ་དང་། ཇོ་བོའི་ཞལ་ནས། ཁྱེད་ཀྱིས་གཙུག་ཏོར་འདོད་མ་མྱོང་ངམ་གསུང་། མྱོང་ལགས་ཞུས་པས། ཇོ་བོའི་ཞལ་ནས་ཆོད། གནོན། ཕུར་བུས་གདབ་བོ་བྱ་བ་དེ་གདོན་བགེགས་ལ་ནུས་པ་མེད་པར་བྱས་པ་ཡིན། དེ་བཞིན་དུ་བཀའ་དང་བླ་མའི་མན་ངག་བྱ་བ་ལ་ཚིག་གི་ཕུར་བུས་བཏབ་པས་བྱིན་རླབས་ཉམས་པར་འགྲོ་བ་ཡིན། དེ་བས་ན་ཆོས་ཚོང་འདུས་ཀྱི་འོ་མ་དང་འདྲ་བར་འགྲོ་བས་ཚིག་ཟིན་པར་བྱ། དོན་གོ་བར་བྱ་བའི་འོས་ཡིན་གྱི་ཡི་གེར་བྲི་བར་བྱ་བའི་འོས་མ་ཡིན་གསུང་། ཕྱག་དར་ལ་ནན་ཆགས་མཛད་ནས་ཡོན་ཏན་ཐམས་ཅད་གསང་བས་འགྲུབ་པ་གཅིག་ཡིན་གསུང་། ཇོ་བོས་སྐྱེ་བ་འདི་ཉིད་ཀྱི་དབང་དུ་བགྱིས་ན་ཡང་། ཡབ་གང་ཡིན་པ་དང་ཡུམ་གང་ཡིན་པ་དང་། རིགས་གར་གཏོགས་པ་དང་། ལོངས་སྤྱོད་ཇི་ལྟར་ཆེ་བ་དང་། བཙུན་པ་དང་མཁས་པ་ལ་སོགས་པའི་ཡོན་ཏན་མང་པོ་སློབ་མ་ཀུན་གྱིས་བྱས་པ་མང་པོ་ཡོད་དོ། །ཞེས་ཚིག་ཟིན་ཅིང་། དོན་གོ་བར་བྱ་བ་ལས་ཡི་གེར་འབྲི་བ་ནི་མི་འོས་པར་གཟིགས་པའི་ལམ་སྲོལ་སོགས་ལས་རྣམ་ཐར་གྱི་དཔྱད་གཞི་ཤིན་ཏུ་དཀོན་པས་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ཆ་ལག་དུ་མར་ཆད་ལྷག་གིས་ནོར་འཁྲུལ་ཡོད་སྲིད་པས་ན། གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་ (1610-1684)   བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ལས[24]།

ལྷག་པར་གྱུར་ན་འཕྲི་བྱེད་ཅིང་། །ཆད་པར་གྱུར་ན་ཁ་སྐོངས་ལ། །

ལེགས་ཉེས་བྱུང་ན་ཟུར་གསོས་ཏེ། །ཉེས་པར་མི་འགྱུར་སྤངས་སོ་མཛོད། །

ཅེས་གསུངས་པ་ལྟར་མཛད་པར་ཞུ།

 

ཏ༽ མཇུག་གི་ཐུགས་རྗེ་ཆེ་ཞུ།

 

དེ་ཡང་རང་ཉིད་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དཔེ་མཛོད་འགན་འཛིན་གྱི་ཞབས་ཞུ་སྒྲུབ་སྐབས་ལས་བྲེལ་ཆེ་བ་དེ་ཙམ་མེད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་ཞབས་ཞུར་དམིགས་ཏེ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཞུ་རྒྱུའི་ལས་འགོ་བརྩམས་ཏེ་ཞར་ཞོར་དུ་ཡིག་འཇུག་དང་། མ་ཡིག་ཐབས་འཚོལ་སོགས་ཀྱི་ལས་གཞི་འགྲོ་མུས་ཀྱི་སྐབས་ཤིག་རེས་གཟའ་ཉི་མར་རི་རྩེའི་ནགས་ཁྲོད་དུ་བག་ཡངས་སྤྲོ་འཆམ་དུ་བསྐྱོད་སྐབས་ཀྱི་ཉིན་ཞིག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ཕེབས་ལམ་དུ་ངོ་མཇལ་བྱུང་བར། ཁོང་གིས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཞུ་འཆར་ལགས་ན། གློག་ཀླད་དུ་ཡིག་འཇུག་དང་། ཞུ་དག་དཔེ་བསྡུར། པར་སྐྲུན་མ་གནས་སོགས་སྔོན་རྩིས་ལས་འཆར་སྐོར་བཀའ་འདྲི་གནང་བར། གུས་ནས་ཀྱང་ལས་འཆར་ལག་བསྟར་འགྲོ་མུས་ལགས་ན། ལྷ་རབས་བྱུང་ན་མཉམ་ལས་གནང་ཐུབ་ཚེ། འགྲོ་གྲོན་གཉིས་བརྩེགས་དང་ངལ་བ་འབྲས་མེད་དུ་མི་འགྱུར་ཞིང་། ལས་ཆོད་ཆེ་ཞིང་སྤུས་ཚད་ལེགས་པ། གཅིག་གྱུར་བཅས་ཡོང་རྒྱུར་དགེ་ཕན་ཆེ་ལུགས་ཞུས་པར་ཀ་ཀོར་མེད་པར་མཉམ་ལས་ཞུ་རྒྱུའི་དགོངས་པ་གཅིག་མཐུན་བྱུང་སྟེ། ལས་གཞི་འདི་ཉིད་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་དང་། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་གཉིས་མཉམ་འབྲེལ་ཐོག་བསྒྲུབས་པ་ཞིག་ཡིན་ལ། ལས་གཞི་འདིའི་ཐོག་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་མངའ་རིས་དགེ་བཤེས་བློ་བཟང་ཡོན་ཏན་ལགས་དང་། ཀླུ་འབུམ་བློ་བཟང་བསྟན་འཕེལ་ལགས། ཀླུ་འབུམ་ཕུན་ཚོགས་དར་རྒྱས་ལགས། ཀླུ་འབུམ་བསྟན་འཛིན་འཕྲིན་ལས། ཀླུ་འབུམ་དགེ་བཤེས་སྐལ་བཟང་རྒྱ་མཚོ་ལགས་བཅས་དཔེ་མཛོད་འགན་འཛིན་སྔ་ཕྱི་རིམ་བྱུང་ཚང་མས་རྒྱབ་སྐྱོར་དང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་ཟུར་བློ་བཟང་རྒྱལ་མཚན་མཆོག་དང་། མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག་ནས་ལེགས་ཆེའི་ལམ་སྟོན་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་ཀྱང་ཐུགས་ཁུར་ཆེ་བཞེས་ཀྱིས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དམིགས་བསལ་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་ལགས་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས་པཎ་གྲུབ་མཛེས་རྒྱན། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་སོགས་ལ་སྐུ་ངལ་འཛེམས་མེད་ཐོག་ཞུ་དག་ནན་འདྲོངས་དང་། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་སྩོལ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

གཞན་ཡང་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་དཔེ་མཛོད་དོ་དམ་པ་བགྲེས་པ་མཁྱེན་སྤྱན་མཆོག་ཡངས་སྐལ་བཟང་ལྷ་མོ་ལགས་ཀྱིས་དཔྱད་གཞིའི་ཡིག་ཆ་དཀོན་རིགས་དུ་མ་མཁོ་འདོན་གནང་བར་མ་ཟད། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཚིགས་ནས་ཀྱང་དཔྱད་གཞིའི་ཡིག་ཆ་ཧ་ཅང་མང་པོ་ཞིག་འཚོལ་ཞིབ་དང་། ལྟ་ཀློག་ཐུབ་པར་མ་ཟད། ལུང་ཁུངས་དང་བཅས་པ་སྟབས་བདེའི་ངང་འཚོལ་ཞིབ་ཐུབ་པ་བཅས་ཀྱིས་ལས་གཞིར་མྱུར་ཚད་དང་སྤུས་ཚད་སོགས་ལ་ཕན་ཁྱད་ཧ་ཆང་ཆེན་པོ་བྱུང་བས། གོ་སྐབས་འདི་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འབྲེལ་ཡོད་རྣམས་ལའང་ཐུགས་རྗེ་ཆེ་ཞེས་ཞུ།

ལས་གཞི་འདི་ཉིད་དུས་ཡུན་གྱི་ཆ་ནས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་བྱུང་རབས་རྣམ་ཐར་ཡིན་པ་དང་གཅིག །བསྟན་པའི་འཕེལ་གྲིབ་སོགས་ཀྱི་དབང་ལས་གལ་ཆེའི་ཡིག་ཆ་མང་དག་ཅིག་གཏོར་བཤིག་སོགས་ལས་བདག་གཅེས་ཚུལ་བཞིན་མ་ཐུབ་པའི་དབང་གིས་བལྟ་བའི་ཡུལ་དུ་མི་སྣང་བར་གྱུར་ཟིན་ཀྱང་། འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་ཐབས་ཤེས་ཡོད་རྒུས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་སོགས་ཞིབ་འཇུག་གི་ལས་གཞི་འདིའི་ཐོག་དཔྱད་གཞིའི་ཡིག་ཆའི་མཐུན་འགྱུར་གནང་མཁན་དང་། ལྷག་པར་ལས་གཞི་འདིར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་ཕན་གྲོགས་གནང་མཁན་རྣམས་ལ་བཀའ་དྲིན་མ་བརྗེད་སྙིང་བཅངས་ཀྱིས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལས་གཞི་འདི་ཉིད་ལོ་ཤས་འགོར་འགྱངས་སོང་བར་སེམས་ངལ་ཤིན་ཏུ་ཆེ་ཡང་། ད་ཆ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་དཔར་འགྲེམས་སྤྱན་བསྟར་ཞུ་ཐུབ་པ་འདིས་རེ་འདོད་ཡོངས་སུ་ཚིམས་ཤིང་། དཔལ་ནཱ་ལེནྡྲའི་རིང་ལུགས་ལ་ཐོས་བསམ་འཆད་ཉན་དུས་མཐའ་འདིར་ཡང་མི་ཉམས་རྒྱུན་འཛིན་དང་། སྐྱེ་འགྲོ་དུ་མར་ཅུང་ཟད་སྨན་པའི་ཡིད་ཆེས་དང་རེ་སྨོན་ཞུ་བཞིན་ཡོད་ལ། ཞར་བྱུང་དུ་གསལ་བཤད་ཞུ་དགོས་པ་ཞིག་ལ། ད་བར་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས་པོད་ ༨༠ དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། བཀའ་ཁྲིད་སོགས་ཕྱག་དེབ་དཔར་འགྲེམས་ཟིན་པ་ཕྱག་དེབ་ ༣༥ ལྷག་ཙམ་དང་། རང་ཉིད་ཀྱིས་བརྩམས་པའི་དེབ་རིགས་དཔར་འགྲེམས་ཟིན་པ་ ༡༠ ལྷག་བཅས་པ་ཤེས་ཡོན་དང་གཞན་ཕན་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། ལས་གླ་དང་པར་སྐྲུན་གྱི་ཁེ་འབབ་སོགས་གཏན་ནས་ལེན་མྱོང་མེད་པ་ལྟར། པཎ་གྲུབ་ཀྱི་ལས་གཞི་འདི་དག་ཀྱང་ཆོས་རིག་དང་བསྟན་འགྲོའི་ཞབས་ཞུ་ཞིག་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཞབས་ཞུར་དམིགས་ཏེ་གླ་ཡོན་སོགས་གཏན་ནས་ལེན་རིགས་མེད་ཁར། དཔྱད་གཞིའི་ཡིག་ཆ་ཕལ་མོ་ཆེ་རང་ཉིད་སྒེར་གྱི་འགྲོ་གྲོན་བཏང་ནས་མཁོ་སྒྲུབ་ཐུབ་ཐབས་ལ་གཅིག་ཏུ་བརྩོན་པ་བསྟེན་ཁུགས་ལགས།

འོན་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས་པཎ་གྲུབ་མཛེས་རྒྱན་སོགས་ཀྱི་ཐོག་མའི་ཡིག་འཇུག་དང་། བར་གྱི་ཞུ་དག །མཐའ་མའི་པར་སྐྲུན་སོགས་ཀྱི་འགྲོ་གྲོན་ཡོངས་རྫོགས་ཨ་རིར་གནས་བཞུགས་འཇོར་ཇི་ངུ་ཡེན་ (George Nguyen) ལགས་ནས་ཐབས་འཚོལ་ནར་གཏོང་གནང་བ་དང་། གསུང་འབུམ་དངོས་གཞིའི་པར་གྲངས་ ༢༠༠༠ ཐམ་པ་ཨ་རི་ནས་པར་སྐྲུན་ཞུས་ཏེ་རྒྱ་བལ་འབྲུག་གསུམ་གྱིས་མཚོན་རིས་མེད་ཀྱི་ཆོས་སྡེ་ཁག་དང་། ཆོས་རིག་གི་བསྟི་གནས། སློབ་གྲྭ་ཆེ་འབྲིང་གི་དཔེ་མཛོད་ཁང་སོགས་སུ་རིན་མེད་འགྲེམས་སྤེལ་ཞུས་པའི་རྣམ་དཀར་གྱི་དགེ་ཚོགས་ཀྱི་བྱིན་མཐུ་ལས། གཏོང་ཕོད་མཆོག་ཏུ་ཡངས་པའི་བསྟན་པའི་ཆོས་སྦྱིན་འབྲེལ་ལྟོས་དང་བཅས་པ་སྟོན་མཆོག་དོན་ཀུན་གྲུབ་པ་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན། པཎ་གྲུབ་བཅོ་བརྒྱད་པ་༸གོང་ས་ལྷ་མིའི་རྣམ་འདྲེན་དང་བཅས་པས་མཉེས་བཞིན་རྗེས་སུ་འཛིན་པ་དང་། རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ། པཎ་གྲུབ་བཅོ་བརྒྱད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག །པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་ཕྱོགས་སྒྲིག་པ་གུས་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༨ དགེ་བར།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༨༡

[2] པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་གྲངས་ ༥༤

[3] པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་གྲངས་ ༡༡

[4] པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་གྲངས་ ༢༥༠

[5] ཁ་ཆེ་དགེ་འདུན་བཟང་པོ་དང་། སློབ་དཔོན་རྒྱལ་བའི་སྲས། སློབ་དཔོན་གང་སྤེལ། སློབ་དཔོན་བློ་བརྟན། པཎྜི་དཱ་ན་ཤི་ལ། པཎྜི་ཏ་ཛི་ན་མི་ཏྲ་སོགས་ཡིན་པར་སྣང་ངོ་།།

[6] སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་པ་ཀུན་བཟང་ཐུགས་ཀྱི་ཏི་ཀ །༼༡༽ བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༩

[7] ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་གྲངས་ ༣

[8] བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢

[9] བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་ ༡༡༠ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་ ༡༠༢༩

[10] བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་ ༡༡༠ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་ ༡༠༢༩

[11] ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༤ ཉིན་༸རྒྱལ་བའི་གཟིམ་ཆུང་མཇལ་འཕྲད་ཁང་དུ་ཚན་རིག་དང་ལྟ་ཀུན་བཏུས་པོད་རྒྱས་པ་གཉིས་ཀྱི་མཐའ་མའི་གཏན་འབེབས་བགྲོ་གླེང་སྐབས་སྩལ་པའི་བཀའ་སློབ་ལས་བཏུས་པའོ།།

[12] ཆོས་འབྱུང་མཁས་པའི་ཡིད་འཕྲོག །མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། ༢༠༡༢ ལོ། ཤོག་ ༥

[13] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༦༦༢

[14] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼ཧུ༽ དེབ་ཨང་ ༩༤ པ། ༢༠༠༨ ལོ། ཤོག་གྲངས་ ༣

[15] རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། ༼༥༽ དགའ་ལྡན་ཚོགས་ཆེན། ༢༠༡༩ ལོ། ཤོག་གྲངས་ ༧

[16] ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་ལས་གཞིའི་སྐོར་གུས་འབངས་ཕྱོགས་སྒྲིག་པ་ཐུབ་བསྟན་ཡར་འཕེལ་སྙན་སྒྲོན་ལམ་སྟོན་ཞུ་སླད་གཟིམ་ཆུང་མཇལ་བཅར་སྐབས་སྩལ་པའི་ལམ་སྟོན་བཀའ་སློབ།

[17] ཀ་ཆེན་བཅུ་ནི། ༡ ཐོན་མི་སཾ་བྷོ་ཊ་དང་། ༢ ལོ་ཆེན་བཻ་རོ་ཙ་ན། ༣ སྐ་བ་དཔལ་བརྩེགས། ༤ ཅོག་རོ་ཀླུའི་རྒྱལ་མཚན། ༥ ཞང་ཡེ་ཤེས་སྡེ། ༦ གནུབས་ཆེན་སངས་རྒྱས་ཡེ་ཤེས། ༧ ལོ་ཆེན་རིན་ཆེན་བཟང་པོ། ༨ རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། ༩ ས་པཎ་ཀུན་དགའ་སྙིང་པོ། ༡༠ བུ་སྟོན་ཐམས་ཅད་མཁྱེན་པ་བཅས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུའོ།།

[18] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ཀྱི་སྒྲུབ་བརྒྱུད་ཤིང་རྟ་རྣམས་ཀྱི་བྱུང་བ་བརྗོད་པའི་སྐབས་ལས། བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །ཞེས་ (ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༩) ཐོག་གསལ་ལོ།།

[19] སྣ་ཚོགས་རང་གྲོལ་གྱི་གསུང་འབུམ། ༼ཀ༽ བྲིས་མ། དཔེ་རིང་། ཤོག་གྲངས་ ༡༩༩

[20] བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༢༢༢

[21] བྱང་ཆུབ་ལམ་རིམ་ཆེན་མོ། པོད། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༤

[22] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༡༥

[23] ཇོ་བོ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༥༡༨

[24] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༨༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༠༡ ནས་ ༤༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *