ཅ༽ དཔལ་ལྡན་ཟླ་གྲགས་དུས་ནམ་ཞིག་བྱོན་མིན།

ཅ༽ དཔལ་ལྡན་ཟླ་གྲགས་དུས་ནམ་ཞིག་བྱོན་མིན།

 

དེ་ཡང་བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས[1]།

ཁྱོད་ཉིད་འཁྲུངས་ཚེ་ས་ཡང་རྣམ་དྲུག་གཡོས། །མཁའ་ལ་མེ་ཏོག་ཆར་ཆེན་ཅི་ཡང་འབབ། །

གནམ་ལ་རོལ་མོ་སིལ་སྙན་ཀུན་གྱིས་གང་། །སྐྱེས་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ངོ་མཚར་བའི་མཚན་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་པར་གསུངས་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པ་ཕྱི་ལོའི་དུས་རབས་གང་ལ་འཇིག་རྟེན་འདིའི་མཛེས་རྒྱན་དུ་བྱོན་མིན་ནི། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་དུ་སློབ་དཔོན་མཐིང་མིག་ཅན་ཟླ་གྲགས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་པ་ལྟར། དུས་རབས་བཞི་པའི་ནང་བྱོན་པའི་ཀུ་མཱ་ར་ཇི་བས་རྒྱ་སྐད་དུ་བསྒྱུར་བའི་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་སྐབས་སུ། དུས་རབས་གཉིས་པ་ཡས་མས་སུ་སློབ་དཔོན་མཐིང་མིག་ཅན་བྱོན་ཚུལ་དང་། སློབ་དཔོན་མཐིང་མིག་ཅན་གྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་པ་ཞིག་ཀྱང་མཛད་ཡོད་པ་དེ་ཉིད་ལ་ཁོང་ཉིད་ཀྱིས་སློབ་གཉེར་གནང་ཚུལ་གསུངས་པས་དཔལ་ལྡན་ཟླ་གྲགས་དུས་རབས་གཉིས་པའི་ནང་ཙམ་དུ་བྱོན་པའོ།།

མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[2]། དེ་ཡང་ལོ་ཆེན་གཞོན་ནུ་སྲོག་ (Kumarajiva 344-413) ཕྱི་ལོ་ ༤༠༡ ལོར་རྒྱ་ནག་ཏུ་ཞབས་སོར་འཁོད་དེ། སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་པ་དང་མཉམ་དུ་རྩ་བ་ཤེས་རབ་རྒྱ་ནག་སྐད་དུ་བསྒྱུར་ཡོད། ལོ་ཆེན་གྱིས་སྐུ་གཞོན་ནུའི་ཚེ་སཱུར་ཡ་སོ་མ་ (Suryasoma) ལས་དབུ་མ་རྩ་བ་ཤེས་རབ་གསན་ཡོད་པས་ན། སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་པ་ཡོད་པའི་དབུ་མ་རྩ་ཤེས་ཕྱི་ལོ་ ༣༥༠ གོང་བརྩམས་ཡོད། ཕྱོགས་མཚུངས་ལོ་ཆེན་གྱིས་སཱུར་ཡ་སོ་མ་ལས་འཕགས་པ་ལྷའི་བརྒྱ་པ་དང་། སྒོ་བཅུ་གཉིས་པའི་བསྟན་བཅོས་བཅས་ཀྱང་གསན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་དཔོན་མཐིང་མིག་ཅན་ཕྱི་ལོ་ ༣༠༠ གོང་རོལ་གྱི་མི་ཡིན་པ་བསམ་ཞིབ་ནུས་པ་ཡིན། ཞེས་གསུངས་པ་ལྟར་ལོ་ཆེན་གཞོན་ནུ་སྲོག་ནི་ཀླུ་སྒྲུབ་དང་། འཕགས་པ་ལྷ། སཱུར་ཡ་སོ་མ་སོགས་དང་དུས་རབས་ཀྱི་ཆ་ནས་བར་ཐག་ཤིན་ཏུ་ཉེ་ལ། ཤེར་ཕྱིན་དང་དབུ་མའི་གཞུང་ལུགས་ལ་གསན་བཞེས་དཔྱིས་ཕྱིན་པར་མཛད་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་པས་ན། ལོ་ཆེན་གཞོན་ནུ་སྲོག་གི་གསུང་འདི་ཉིད་ཁུངས་བཙན་པར་མངོན།

སློབ་དཔོན་ཨཱརྱ་དེ་ཝས་ (C.150-250) མཛད་པར་གྲགས་པའི་སྒྲོན་མ་གསལ་བ་[3]ཞེས་བྱ་བའི་འགྲེལ་བཤད་ལས[4]། སེམས་ཅན་གང་དག་རྒྱལ་བ་ཡིས་གསུངས་ལེགས་པའི་དོན་ལ་རབ་རྨོངས་པ། །དེ་གསལ་ཕྱིར་ནི་ཟླ་བ་གྲགས་པས་སྒྲོན་མ་གསལ་བའི་རྒྱ་ཆེར་འགྲེལ་པ་མཛད། །སེམས་ཅན་བློ་དམན་ཁ་ཅིག་དོན་དེ་ཉིད་ལ་རྨོངས་གྱུར་པས། །ཉི་མ་སྣང་བ་ལ་སོགས་ཐུན་མོང་ཁྱད་པར་རྒྱ་ཆེར་འགྲེལ་པ་བརྩམས། །འདོད་རྒྱལ་དབང་གིས་ལེགས་པའི་དོན་གསུངས་ལེགས་པར་གསལ་བྱས་ཀྱང༌། །རྨོངས་པའི་དབང་གིས་རྒྱུད་དོན་ནུས་པ་མ་མཐོང་དེ་ཕྱིར་འདི་ལ་དགའ་བ་མཆོག་སྐྱེས་ནས། །བློ་དམན་དོན་དུ་བདག་གིས་ཅུང་ཟད་བཤད་པར་བྱ། །[5]ཞེས་སློབ་དཔོན་འཕགས་པ་ལྷས་མཛད་པའི་སྒྲོན་གསལ་གྱི་འགྲེལ་བཤད་ཀྱི་བརྩམ་པར་དམ་བཅའི་ནང་གསལ་བཞིན་སློབ་དཔོན་འཕགས་པ་ལྷས་སྒྲོན་གསལ་འགྲེལ་བཤད་མཛད་པའི་སྐབས་སུ་དཔལ་ལྡན་ཟླ་བ་གྲགས་པ་བྱོན་ཟིན་པར་མ་ཟད། དཔལ་ལྡན་ཟླ་བ་གྲགས་པས་སྒྲོན་གསལ་རྒྱ་ཆེར་འགྲེལ་ཡང་མཛད་ཟིན་པ་ཤིན་ཏུ་གསལ་ལོ།།

གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[6]། བྱམས་ཆོས་ལྔ་སོགས་སེམས་ཙམ་གཞུང་ལུགས་ཀྱི། །བཀའ་བསྟན་རྩ་འགྲེལ་འཆད་རྩོད་རྩོམ་པ་ཡིས། །རྒྱ་ཆེར་སྤེལ་ཞིང་ལྟ་སྒོམ་རིམ་པ་གསུམ། །རིམ་ལྔའི་སྲོལ་འཛུགས་ཚི་ཨེན་ལུགས་སུ་གྲགས། །མཆེད་པའི་རྒྱུད་གཅིག་མིང་ལ་ཏེའུ་ཤྭའི་རྒྱུན། །གཉིས་པ་འཇམ་དབྱངས་འཕགས་པ་ཀླུ་སྒྲུབ་ནས། །ཟླ་བ་གྲགས་པ་སློབ་དཔོན་ལེགས་ལྡན་འབྱེད། །པྲཛྙཱ་རསྨི་རྒྱ་ནག་ཡེ་ཤེས་དཔལ། །འདི་ལ་ཀླུ་སྒྲུབ་ཉེ་བརྒྱུད་ཡོད་པའང་སྣང་། །ཞེས་གསུངས་པ་ལྟར་ཟླ་བ་གྲགས་ལེགས་ལྡན་གྱི་སྔོན་དུ་བྱོན་པ་དང་། ལྷག་པར་ཀླུ་སྒྲུབ་ནས་ཟླ་གྲགས་ལ་དངོས་སུ་བརྒྱུད་ཚུལ་གསལ་ལོ།།

དེ་བཞིན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[7]། འདས་ལོ་ནས་ལོ་ཉིས་སྟོང་བཞི་བརྒྱ་སུམ་ཅུ་འདས་པའི་སོ་གཅིག་པ་ས་ཕོ་རྟ་ལོ་ (ཕྱི་ལོ་ ༢༩༨) ཟླ་གྲགས་བྱོན། ཁོང་གིས་ལོ་ལྔ་བརྒྱ་བཞུགས། ས་ཕོ་རྟ་དེ་ནས་ད་བར་ལོ་སྟོང་དང་ཉིས་བརྒྱ་རེ་བདུན་ནོ། །ཞེས་གསལ་བ་ལྟར་ཕྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་དུ་བྱོན་པར་གསུངས་ལ། ཡང་དེ་ཉིད་ལས[8]། ཟླ་གྲགས་བྱོན་པའི་མཚམས་ཀྱང་། ཀླུ་སྒྲུབ་བྱོན་པའི་མཚམས་དང་ལོ་ཉིས་སྟོང་སུམ་ཅུ་ཙམ་གྱི་ཧ་ཅང་བར་ཁྱད་ཞུགས་པ་འདི་ཡང་དུས་གསལ་སོར་བཞག་པ་ཡིན་གྱི་ངེས་པ་རྙེད་པའི་ལུང་རིགས་ནི་མེད་དོ། །ཞེས་ཀྱང་གསལ་ལོ།།

གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[9]། དཔལ་ལྡན་ཟླ་བ་གྲགས་པ་དང༌། ཙནྡྲ་གོ་མིའི་སྐུ་ཚེའི་སྟོད་ཀྱི་དུས་ནི། རྒྱལ་པོ་སེང་གེ་དང་བྷརྵས་རྒྱལ་སྲིད་སྐྱོང་བའི་དུས་ཡིན་ལ། ཆོས་སྐྱོང་[10]གི་ཡང་སྐུ་ཚེའི་སྟོད་ཡིན་པར་ཤེས་སོ། །ཟླ་གྲགས་ཙནྡྲ་གོ་མི་ན་ལེནྡྲར་ཞལ་འཛོམས་པ་སོགས་སྐུ་ཚེའི་སྨད་ཀྱི་དུས་དང༌། སློབ་དཔོན་ཆོས་སྐྱོང་འགྲོ་དོན་མཛད་པའི་དུས་ནི། རྒྱལ་པོ་སེང་གེ་ལྔ་པའི་དུས་ཡིན་ནོ། །རྒྱལ་པོ་ངང་ཚུལ་གྱི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་བཞི་པའོ། །ཞེས་དང་། ཡང་དེ་ཉིད་ལས[11]། རྒྱལ་པོ་སེང་གེ་ལྔ་པས་ཕྱི་ནང་གཉིས་ཀ་ལ་མཆོད་ཅིང༌། ནང་པའི་འང་ཆོས་གཞི་ཉི་ཤུ་ཙམ་བཙུགས། མཆོད་རྟེན་མང་དུ་བཞེངས། རྒྱལ་པོ་གསལ་བས་ནི། ཟླ་བ་གྲགས་པ་དང༌། ཙནྡྲ་གོ་མཱི་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པ་ཐམས་ཅད་མཆོད་ཅིང༌། གསེར་གྱི་བུམ་པ་མུ་ཏིག་གིས་བཀང་བ་བརྒྱ་རྩ་བརྒྱད་ཆོས་གཞིའི་ཐེབས་སུ་ཕུལ། མ་ག་དྷཱའི་ལྷ་ཁང་དང༌། མཆོད་རྟེན་ཐམས་ཅད་ལ་མཆོད་པ་བླ་ལྷག་ཏུ་བྱས་སོ། །ཞེས་རྒྱལ་པོ་སེངྒེ་ལྔ་པ་སོགས་ཀྱིས་རྒྱལ་སྲིད་སྐྱོང་སྐབས་བྱོན་པར་གསུངས་སོ།།

དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[12]། དབྱིག་གཉེན་གྱི་སྐུ་ཚེའི་སྟོད་དུ་རྒྱལ་པོ་དཱ་རི་ཀ་པ་དང་། སྨད་ལ་སློབ་དཔོན་བློ་བརྟན་དང་། ཡོན་ཏན་འོད་དང་། ཕྱོགས་གླང་དང་། དེའི་ཅུང་ཟད་རྗེས་སུ་སློབ་དཔོན་འཕགས་པ་གྲོལ་སྡེ་བྱོན། དེ་ལས་ཅུང་ཟད་ཕྱི་ཙམ་ནས་སངས་རྒྱས་བསྐྱངས་དང་དེའི་འོག་ཏུ་ལེགས་ལྡན་དང་། དེ་ནས་བཙུན་པ་གྲོལ་སྡེ་བྱུང་། འདི་དུས་ཟླ་བ་གྲགས་པ་ཡང་བྱོན། ཞེས་གསུངས་སོ།།

ཡང་ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་ལས[13]། དཔལ་ཟླ་བ་གྲགས་པ་ནི་ཡུལ་དབུས་སུ་རྒྱལ་པོ་གསལ་བའི་སྐབས་ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས། རིག་གནས་ཀུན་ལ་མཁས། རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་འཛིན་པའི་མཁས་པ་ཆེན་པོར་གྱུར། ལེགས་ལྡན་གྱི་སློབ་མ་རྣམས་དང་བུདྡྷ་པཱ་ལི་ཏའི་སློབ་མ་ཀ་མ་ལ་བུདྷི་ལཱ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཐམས་ཅད་གསན། ནཱ་ལནྡའི་མཁན་པོ་མཛད། རྩ་བཞི་རིགས་གསུམ་སོགས་ཀྱི་འགྲེལ་པ་དང་འཇུག་པ་སོགས་བརྩམས། སངས་རྒྱས་བསྐྱངས་ཀྱི་ལུགས་དེ་དར་བར་མཛད། རི་མོར་བྲིས་པའི་བ་ལས་འོ་མ་བཞོ་བ་དང་། རྡོའི་ཀ་བ་ལ་ཕྱག་ཟངས་ཐལ་དང་རྩིག་པ་ལ་ཟངས་ཐལ་སོགས་མཛད། མ་ནུ་བྷ་གའི་རི་ལ་སྔགས་ལམ་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཅིང་། སློབ་དཔོན་འདི་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པ་ནི་རྒྱ་གཞུང་རྣམས་ནས་ཀྱང་གསལ་ལ། འདུས་པ་སོགས་སྔགས་གཞུང་རྣམས་ནི་འཕགས་པའི་ཡེ་ཤེས་ཀྱི་སྐུ་ལས་ནོས་པ་ཡིན་པར་བྱེད་དགོས་སོ། །འདུས་པའི་འགྲེལ་པ་སྒྲོན་གསལ་སོགས་མཛད་དོ། །དུས་ཕྱིས་གདོལ་པའི་བུ་མ་ཏངྒི་པས་འཕགས་པ་ལྷ་མཇལ་ཏེ་གསང་བ་འདུས་པ་སོགས་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་རྣམས་ནོས་ནས་དུས་དེར་འདུས་པ་འཕགས་སྐོར་ཐོག་མར་དར་བ་ཡིན་ཞིང་། དབུ་མ་ཚོགས་གསུམ་སོགས་བཞིན་དུ་འཕགས་པ་ཡབ་སྲས་སྐུ་བཞུགས་པའི་དུས་ནས་ཐུན་མོང་དུ་དར་བ་ནི་མ་ཡིན་ནོ། །སྒྲོན་གསལ་ལས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སྩལ་བ་སྟེ། གཏེར་དང་འདྲ་བར་སློབ་དཔོན་རྣམས་བརྒྱུད་པའི་རིམ་གྱིས་བླ་མའི་ཞལ་ནས་ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཀོངྐ་ནའི་སློབ་དཔོན་སྲུང་བའི་ཞབས་ཀྱིས་དུས་ཕྱིས་དཔལ་ཟླ་བ་གྲགས་པ་མཇལ་ནས་སྒྲོན་གསལ་གྱི་གླེགས་བམ་རྙེད་པ་ཡིན་པ་དང་། པཎྜི་ཏ་སྒྲ་གཅན་འཛིན་ཟེར་བ་ཞིག་གིས་གླུས་བྱས་དང་མཇལ་ནས་འཕགས་སྐོར་གྱི་དཔེ་རྣམས་རྙེད་པ་སྟེ། འཕགས་པ་ཀླུ་སྒྲུབ། ཨརྱ་དེ་བ། ཟླ་གྲགས། མ་ཏངྒི་ཞེས་འདྲེན་པའང་དོན་ལ་ནི་ལོས་རུང་ངོ་། །རྒྱ་ནག་ཏུ་རྒྱལ་བསྟན་སྤེལ་མཛད་དགྲ་བཅོམ་པ་མ་ཏངྒི་ཞེས་པའང་འདི་ཡིན་པར་མངོན་ཞིང་། འདིས་འདུས་པ་འཕགས་སྐོར་སོགས་ཏེ་ལོ་པ་ལ་གནང་བ་ཡིན་ནོ། །ཞེས་བྱུང་ངོ་།།

བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[14]། སློབ་དཔོན་ཟླ་བ་གྲགས་པ་ (དྷརྨ་ཀིརྟི) ཧ་ལམ་ཕྱི་ལོ་ ༦༠༠ ནས་ ༦༥༠ བར་བྱོན་པར་གསལ་ལ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས[15]། དུས་རབས་བདུན་པར་བྱོན་པར་གསལ་ཞིང་། སློབ་དཔོན་ཆེན་པོ་ཐུབ་བསྟན་མཆོག་སྒྲུབ་ (དུས་རབས་20པ།) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[16]། དཔལ་ལྡན་ཟླ་བ་གྲགས་པ་ནི་སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་པས་བརྒྱ་ཕྲག་བདུན་པའམ་བརྒྱད་པའི་འགོ་སྟོད་ཙམ་དུ་བཞུགས་ཡོད་སྲིད་ལ། དེ་སྐབས་བྱང་ཕྱོགས་སུ་དཔལ་ལྡན་དགའ་བའི་ལྷས་བསྐྱངས་པའམ། ཡང་ན་དེའི་སྲིད་ཉམས་པའི་སྐབས་གང་རུང་ཡིན་པ་དང་། ལྷོ་ཕྱོགས་སུ་ཅཱལུཀྱའི་རྒྱལ་རྒྱུད་ཀྱི་སྐབས་ཡིན་པར་ངེས། དེ་ཉིད་ཀྱི་འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་ཡིན་པ་ཙམ་ལས་ཞིབ་པར་མ་ཤེས། ཞེས་ཀྱང་བྱུང་མོད། ལ་ལས་དཔལ་ལྡན་ཟླ་བ་གྲགས་པ་ནི། བརྒྱ་ཕྲག་  ༡༠  པའི་ནང་བྱོན་པར་འདོད་པ་སོགས་མདོར་ན་དུས་རབས་གཉིས་པ་ནས་དུས་རབས་བཅུ་པའི་བར་བྱོན་པའི་བཞེད་ལུགས་སྣ་ཚོགས་ཤིག་མཆིས་སོ།།

ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[17]།

སྐྱེ་བ་ལྔ་བརྒྱར་འཇམ་པའི་དབྱངས་ཀྱིས་བཟུང་། །དཔལ་ལྡན་ནཱ་ལེནྟྲ་ཡི་མཁན་ཆེན་མཛད། །

གནས་གཞི་དུ་མ་འདུས་སྡེ་སྤེལ་བ་སོགས། །རླབས་ཆེན་མཛད་པའི་གཏེར་ལ་གསོལ་བ་འདེབས། །

ཞེས་གསལ་བ་ལྟར། ལ་ལས་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་ཡོངས་གྲགས་ཁག་ཏུ་ཁོང་གིས་དཔལ་ནཱ་ལེནྡྲའི་གཉེར་པ་དང་། མཁན་པོ་མཛད་ཚུལ་གསལ་བ་ལྟར་ན། དུས་རབས་བདུན་པའི་ནང་བྱོན་དགོས་པར་འགྱུར་བ་དང་། གཉིས་ནས་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་གདབ་པ་ལས[18]།

འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བོ་རིགས་པའི་ཁུ་བྱུག་དང༌། །

རྒྱལ་སྲས་རིགས་པའི་ཁུ་བྱུག་གཉིས་པའི་ཞབས། །གས་པའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །

ཞེས་རིགས་པའི་དབང་ཕྱུག་རྣམ་གསུམ་དབར་བླ་སློབ་ཀྱི་འབྲེལ་བ་དང་། བྱོན་སྔ་ཕྱི་གསུངས་པ་ལྟར། བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་ (1974-?) གིས་བརྩམས་པའི་སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས[19]། མངའ་རིས་ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྗེ་སྤྱན་འདྲེན་དུ་བཏང་བའི་ཚེ་ནག་ཚོ་ལོ་ཙཱ་བས་བི་ཀྲ་མ་ལ་ཤཱི་ལའི་ཚོགས་སུ་པཎྜི་ཏ་ཀུན་གྱི་གྲལ་དབུ་ལ་བཞུགས་པ་སྐུ་བགྲེས་ཤིང་བརྗིད་ཆགས་པ་འདི་མགོན་པོ་ཨ་ཏི་ཤ་ཨེ་ཡིན་ཞེས་དྲིས་པས། ཅི་ཟེར་འདི་དཔལ་ལྡན་ཟླ་བ་གྲགས་པ་ལས་ཆོས་དངོས་སུ་ཉན་པ་རིགས་པའི་ཁུ་བྱུག་བྱ་བ་ཨ་ཏི་ཤའི་ཡང་བླ་མ་ཡིན་ཟེར། ཀླུ་སྒྲུབ་ཀྱི་ཡང་དངོས་སློབ་ཡིན་ཚུལ། ཀླུ་སྒྲུབ་བྱོན་ནས་ལྟ་བའི་གནད་ཤིན་ཏུ་ཕྲ་བ་བསྟན་ནས་དངོས་འཛིན་གྱི་འཁྲུལ་བ་རྩ་བ་དྲུངས་ནས་ཕྱུང་བར་མཛད། ཅེས་གསལ་བ་ལྟར་སྔར་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྗེ་གདན་འདྲེན་དུ་ཕེབས་སྐབས་ཐེངས་ཤིག་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་གདུགས་ཚོད་ཀྱི་གྲལ་དབུར་པཎྜི་ཏ་ཆེན་པོ་རྣམས་རིམ་བཞིན་ཕེབས་སྐབས་ནག་ཚོ་ལོ་ཙཱ་བས་འདི་ཨ་ཏི་ཤ་ཡིན་ནམ། འདི་ཨ་ཏི་ཤ་ཡིན་ནམ་ཞེས་ཡང་ཡང་བཀའ་འདྲི་ཞུས་པར། དགེ་སློང་ཞིག་གིས་འདི་ཨ་ཏི་ཤ་ག་ལ་ཡིན། འདི་ནི་བླ་མ་རིགས་པའི་ཁུ་བྱུག་ཆེ་བ་[20]ཡིན་ལ། ཁོང་ཉིད་དཔལ་ལྡན་ཟླ་བ་གྲགས་པའི་དངོས་སློབ་དང་། ཇོ་བོ་ཨ་ཏི་ཤའི་བླ་མ་ཡིན་ཞེས་གསུངས་པར་གཞིགས་ཚེ་དཔལ་ལྡན་ཟླ་བ་གྲགས་པ་དུས་རབས་བརྒྱད་པ་ཡས་མས་སུ་བྱོན་དགོས་ཚུལ་བརྗོད་མཁན་ཡང་ཡོད།

གཞན་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་དུ་དཔལ་ལྡན་ཟླ་བ་གྲགས་པས་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་རྗེས་སུ་སློབ་དཔོན་ཆོས་སྐྱོང་གིས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ་གསལ་ནའང་། ཐུབ་བསྟན་མཆོག་གྲུབ་ལགས་ཀྱིས་མཛད་པའི་རྒྱ་གར་རྒྱལ་རབས་ནང་སློབ་དཔོན་ཆོས་སྐྱོང་ནི་དཔལ་ལྡན་ཟླ་བ་གྲགས་པ་དང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་བླ་མ་ཡིན་ཚུལ་གསུངས་ལ། ཆོས་འབྱུང་གཞན་དུའང་སློབ་དཔོན་ཆོས་སྐྱོང་ནི་དཔལ་ལྡན་ཆོས་གྲགས་ཀྱི་བླ་མ་ཡིན་པར་མ་ཟད། དཔལ་ཆོས་ཀྱི་གྲགས་པ་རབ་བྱུང་སྒྲུབ་མཁན་གྱི་མཁན་པོ་ཡིན་ཚུལ་གསལ་ཐོག །ཟླ་བ་གྲགས་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་[21]དང་། དབུ་མ་འཇུག་པའི་རང་འགྲེལ་[22]གྱི་གཤམ་དུ། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར། ཞེས་གསུངས་པས་སློབ་དཔོན་ཆོས་སྐྱོང་དཔལ་ལྡན་ཟླ་གྲགས་ཀྱི་བླ་མ་ཡིན་མིན་ཇི་ལྟར་ཡང་། ཟླ་གྲགས་སྔོན་དུ་བྱོན་པ་གསལ་བར་གསུངས་ཡོད།

དེ་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[23]། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་དུ། གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་ལྟར་ན། སློབ་དཔོན་ཕྱོགས་གླང་སོགས་འདས་རྗེས་འཇུག་པའི་རང་འགྲེལ་བརྩམས་པ་གསལ་ཞིང༌། དེ་ལྟར་ན་སློབ་དཔོན་ཟླ་གྲགས་ཀྱང་སྲོང་བཙན་གྱི་སྐུ་རིང་ལ་བཞུགས་དགོས་པར་འགྱུར་བ་དང༌། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་དུ་ཟླ་བ་གྲགས་པ་དགུང་ལོ་བཞི་བརྒྱ་བཞུགས་པ་དང་། རྒྱ་གར་ཆོས་འབྱུང་ལས་བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱར་བཞུགས་པར་གསུངས་པ་དང༌། ཨ་ཏི་ཤའི་ལམ་སྒྲོན་སོགས་སུ་དཔལ་ལྡན་ཟླ་བ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པ་དང༌། པཎ་ཆེན་བསོད་གྲགས་ཀྱི་བསྟན་རྩིས་ལས། སློབ་དཔོན་ཟླ་བ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་བཞེད་པའི་ཕྱོགས་ལ་འདས་ལོ་ཤིན་ཏུ་ཉུང་བ་ཞིག་ཐོན་པར་སྣང་། ཞེས་གསུངས་པ་བཅས་ལ་གཞིགས་ན་ཀླུ་སྒྲུབ་བྱོན་པའི་ལོ་ཚིགས་རགས་པ་ཡང་གསལ་བར་སྟོན་པའི་རྟོག་པ་འབད་མེད་དུ་སྐྱེ་བས་མཁས་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་མཛོད་ཅིག །ཅེས་གསུངས་ལ། དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[24]ཀྱང་། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་སོགས་སུ། དཔལ་ལྡན་ཟླ་བ་གྲགས་པ་དགུང་ལོ་བཞི་བརྒྱ་བཞུགས་པར་གསུངས་པ་དང་། རྒྱ་གར་ཆོས་འབྱུང་སོགས་སུ་ཟླ་གྲགས་དང་ཙནྡྲ་གོ་མིས་རྩོད་པ་མཛད་པ་དང་། ཟླ་གྲགས་ཀྱིས་རྡོའི་སེངྒེ་ལ་བཅིབས་ནས་ཏུ་རུ་ཥའི་དམག་བཟློག་པར་མཛད་པའི་ཆོ་འཕྲུལ་བསྟན་པར་གསུངས་པ་རྣམས་ལ་གཞིགས་ན་སྐབས་སྔ་ཕྱི་འདིར་བཞུགས་ཡོད་ངེས་སྙམ། ཞེས་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༧༣

[2]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༤༠༢

[3]  སྒྲོན་གསལ་གྱི་འགྲེལ་བཤད་འདི་ཉིད་སློབ་དཔོན་ཨཱརྱ་དེ་ཝའི་གསུང་མིན་པར་བོད་ཀྱིས་བྱས་པ་ཞིག་ཡིན་ཚུལ་རྗེའི་རིམ་ལྔ་གསལ་སྒྲོན་དང་། བུ་སྟོན་ཆོས་འབྱུང་། བསྟན་འགྱུར་དཀར་ཆག་བཅས་སུ་གསལ་བ་རྣམས་འཕགས་པ་ལྷའི་གསུང་གི་དཀར་ཆག་སྐབས་སུ་ཞིབ་ཕྲ་བཀོད་པ་དེར་གཟིགས་པར་འཚལ།

[4]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཁི༽ དེབ་ཨང་ ༡༧ པ། ཤོག་གྲངས་ ༤༠༣

[5]  སྒྲོན་གསལ་གྱི་འགྲེལ་བཤད་སློབ་དཔོན་ཨཱརྱ་དེ་ཝས་མཛད་མིན་འཕགས་པ་ལྷའི་སྐབས་སུ་བཀོད་པ་དེར་གཟིགས་འཚལ།

[6]  རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༧༢

[7]  བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༩

[8]  བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༤༠

[9]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༩༤

[10]  སློབ་དཔོན་ཆོས་སྐྱོང་ནི་ཕྱི་ལོ་ ༦༤༢ ཙམ་ལ་ཕེབས་པ་ཡིན་ཅིང་། དེ་ནི་རྒྱ་གར་བྱང་ཕྱོགས་སུ་རྒྱལ་པོ་དགའ་བ་འཕེལ་ལམ། དཔལ་ལྡན་དགའ་བའི་ལྷས་སྐྱོང་བའི་དུས་སྐབས་ཙམ་ཡིན་ལ། ལྷོ་ཕྱོགས་སུ་ཅཱལུཀྱའི་རྒྱལ་རྒྱུད་ཀྱིས་བཟུང་བའི་སྐབས་ཡིན་པར་མངོན་ཞིང་། འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་ནས་ཡིན་ཚོད་ལས་ཞིབ་པར་མ་ཤེས་ཤིང་། སློབ་དཔོན་ཟླ་བ་གྲགས་པ་དང་། ཆོས་ཀྱི་གྲགས་པ་གཉིས་ཀའི་བླ་མ་ཡིན་ཚུལ་བཤད་སྲོལ་འདུག ཅེས་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ། (རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥ གསལ།)

[11]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ།  ཤོག་གྲངས་ ༡༩༧

[12]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༥༨

[13]  སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༨༤༠

[14]  བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༤༧༧

[15]  ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ༼༡༽ དགའ་ལྡན་ཕོ་བྲང་ཡིག་ཚང་། ༢༠༡༤ ལོ། ཤོག་གྲངས་ ༤༩༣

[16]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[17]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

[18]  རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ། ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༣

[19]  སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ༢༠༠༤ ལོ། དེབ་གཟུགས་ཤོག་གྲངས་ ༡༢༧

[20]  རིག་པའི་ཁུ་བྱུག་ཆེ་བ་ནི། བི་ཀྲ་མ་ལ་ཤཱི་ལར་སྡེ་སྣོད་གསུམ་ལ་མཁས་པར་གྱུར། སློབ་དཔོན་ཟླ་གྲགས་ལས་ཀླུ་སྒྲུབ་ནས་བརྒྱུད་པའི་མདོ་སྔགས་ཀྱི་མན་ངག་རྣམས་གསན། ཉམས་རྟོགས་ཕུལ་དུ་ཕྱིན་པ་ཐོབ། གསོལ་འདེབས་དང་བསགས་སྦྱང་རྒྱ་ཆེ་མཛད་པས་ཀླུ་སྒྲུབ་ཀྱིས་དངོས་སུ་ཞལ་བསྟན་ནས་ལྟ་བའི་དཀའ་གནད་རྣམས་ཞིབ་ཏུ་བསྟན་པས་མཚན་འཛིན་གྱི་འཆིང་བ་མ་ལུས་པ་དྲུང་ནས་ཕྱུང་བ་ཞིག་གོ།

[21]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༤༩༦

[22]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས། ༩༠༦

[23]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༢༥

[24]  བསྟན་རྩིས་ཀུན་ལས་བཏུས་པ། མ   ཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡   ༩༨༢ ལོ། ཤོག་གྲངས་ ༡༠༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༡ ནས་ ༤༢༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *