ག༽ ཞི་འཚོའི་གསུང་བསྒྱུར་ཞུས་གཏན་འབེབས་གནང་མཁན་གྱི་ལོ་པཎ།

ག༽ བསྒྱུར་ཞུས་གཏན་འབེབས་གནང་མཁན་གྱི་ལོ་པཎ།

 

མཁན་ཆེན་བཀའ་དྲིན་ཅན་གྱི་གསུང་བཟང་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་ལ་འབེབས་མཁན། དང་པོ། རྒྱ་གར་གྱི་མཁན་པོ་དང་། པཎྜི་ཏ་རྣམས་ནི། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། པཎྜི་ཏ་དཱ་ན་ཤཱི་ལ། སློབ་དཔོན་བོ་དྷི་ས་ཏྭ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ །རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། ཛྙཱ་ན་གརྦྷ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི།

རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིང་ཧ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ། རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ཨཱ་ཀ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་བཅས་ཞལ་གྲངས་ ༡༢ དང༌། དེ་ཡང་རྒྱ་གར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་མང་དུ་མཛད་འདུག་ཀྱང་། པཎ་གྲུབ་ཁོངས་སུ་བརྩིས་ཤིང་། རྣམ་ཐར་དང་འགྱུར་གཞུང་ཟུར་དུ་ངོ་སྤྲོད་ཞུས་ཡོད།

གཉིས་པ། བལ་པོ་མཧཱ་པཱ་ནས་ཆོས་ཚན་གསུམ་རང་འགྱུར་མཛད་འདུག །གསུམ་པ། བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོ། ལོ་ཙཱ་བ་འབྲོ་སེང་དཀར་དགེ་སློང་ཤཱཀྱ་འོད། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པ། ཞུ་ཆེན་གྱི་ལོ་ཙཱ་བ་མཉྫུ་ཤྲཱི་ཝརྨ། འགོས་ལོ་ཙཱ་བ། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ལོ་ཙཱ་བ་ཁེར་གད་ཡོན་ཏན་དཔལ་བཅས་ལོ་ཙཱ་བ་ཞལ་གྲངས་ ༡༠ བཅས་ཁྱོན་འཕགས་བོད་བལ་གསུམ་གྱི་ལོ་པཎ་མཁན་གསུམ་ཞལ་གྲངས་ ༢༣ གྱིས་སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་རྣམས་ལེགས་སྦྱར་གྱི་སྐད་ཤ་སྟག་ལས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པ་དང་། རྒྱ་གར་སྐད་དུ་གསལ་བའི་ཆོས་ཚན་ ༡༣ དང་། རྒྱ་གར་སྐད་མ་འཁོད་པའི་ཆོས་ཚན་ ༧ ཡོད་ཅིང་། མཁན་ཆེན་ཞི་འཚོའི་བསྟན་བཅོས་འགྱུར་བྱང་མི་གསལ་བ་གཉིས་བཅས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༡ ནས་ ༡༤༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *