དེ་འཕྲོས་སྒྲ་སྒྱུར་ལོ་ཙཱ་བ་རྣམས་ནི། ༡༠༽ སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ་ལོ་ཆེན་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་སྐབས་སུ་བཀོད་ཟིན།
༡༡༽ ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་སློབ་དཔོན་ཞི་བའི་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྐབས་སུ་འགོད་པར་བྱའོ།།
༡༢༽ ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་སློབ་དཔོན་ཤཱནྟི་དེ་བས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཞེས་འགྱུར་བྱང་དུ་གསལ་ནའང་། ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་སམ་འབྲོག་མི་ཤཱཀྱ་བློ་གྲོས་ལས་གཞན་པའི་ཤཱཀྱ་བློ་གྲོས་མཚན་ཅན་ཞིག་མ་རྙེད་ལ། འབྲོག་མི་ཤཱཀྱ་བློ་གྲོས་ཀྱི་འགྱུར་གཞུང་དུ་སྤྱོད་འཇུག་སྒྱུར་ཚུལ་མི་གསལ་བས་དཔྱད་དགོས་ལ། འབྲོག་མི་ཤཱཀྱ་བློ་གྲོས་ཀྱི་རྣམ་ཐར་དཔལ་ལྡན་ཆོས་གྲགས་ཀྱི་སྐབས་སུ་འགོད་པར་འགྱུར་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༠ ནས་ ༡༡༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།